རྟ་རྒྱུག་རྒྱལ་འཇོག

དེ་ཡང་དུས་རེ་ཞིག་ན། བླ་མ་ཨོ་རྒྱན་པདྨ་ཁོང་གི་ཐུགས་དགོངས་ལ། ད་ནི་སྐྱ་ལོའི་མི་ཟོག་འཁོར་བཅས་ལྷ་སྲས་ཇོ་རུའི་ཕྱག་ཏུ་སྤྲོད་རན་པས། རྟ་རྒྱུག་དགོས་ཚུལ་གྱི་ལུང་བསྟན་ཞིག་བྱེད་དགོས་སྙམ་ནས། ཨ་ནེ་གནམ་སྨན་དཀར་མོ་བང་ཆེན་དུ་མངགས་ནས་ལྷ་སྲས་ཇོ་རུ་ལ་ལུང་བསྟན། ཇོ་སྲས་དམ་པ་སངས་རྒྱས་དེ་འགོག་མོས་མ་ཁོག་པར་སྟོད་ཀྱི་སྲིད་པ་ཁོག་མོ་རོག་རྫོང་། ཁྲོ་ཐུང་རྒྱལ་པོའི་ཕོ་བྲང་གི་ཡང་སྟེང་དུ་བྱ་རོག་ཁོག་སྟོད་ཀྱི་སྲིད་པ་ཁོག་མོ་རོག་མོ་རྫོང་། ཁྲོ་ཐུང་རྒྱལ་པོའི་ཕོ་བྲང་གི་ཡང་སྟེང་དུ་བྱ་རོག་ཁོག་སྟོད་སེར་པོ་གསེར་བྱས་པ། ཁོག་སྨད་དཀར་པོ་དངུལ་ལས་བྱས་པ། གཤོག་དྲུག་སྨུག་པོ་མཆོང་ལས་གྲུབ་པ། སྡེར་མོ་ནག་པོ་ལྕགས་ལས་གྲུབ་པ་ཞིག་ཏུ་སྤྲུལ་ནས་དངོས་ཐུབ་ཐོབ་ཚུལ་གྱི་རྫུན་ལུང་གནང་བས་ཁྲོ་ཐུང་ཡིད་ཆེས་ཤིང་། ཁ་རག་བཟའ་ཡི་གསེར་མཚོས་ཇོ་རུའི་རྫུ་འཕྲུལ་ཡིན་ཚུལ་བཤད་ཀྱང་མ་ཉན་པར། ངས་ཟས་ཁ་ན་ཡོད་དུས་ལྕེ་ཡིས་མི་འཕུད། ནོར་བུ་ལོན་ཁ་ཉྭ་ཡུ་མི་འདར། དངོས་གྲུབ་ཐོབ་ཁར་ཐེ་ཚོམ་མི་ཟ་ཟེར་ཞིང་བཅོས་རྒྱུ་མ་བྱུང་བར། སྟག་རོང་དཔོན་པོ་ཁྲོ་རྒྱལ་གྱིས་རྟ་རྒྱུག་བྱེད་རྒྱུའི་གྲོས་ཀྱི་སྟོན་མོ་བཤམས། གླིང་དཀར་སྟོད་སྨད་བར་གསུམ་ཀུན་འཚོགས་ནས་རྟ་རྒྱུག་གི་དུས་སྐར་ཐག་གཅོད་བྱས།
དུས་དེ་ཙ་ན་ཆུང་རྒྱུད་ཚང་གིས་ཇོ་རུ་ཕྱིར་གདན་འདྲེན་ཞུ་བར་གང་དྲག་གིས་གྲོས་བྱས་པས། ཁུ་བོ་སྤྱི་དཔོན་རྒྱལ་པོས་རྒྱ་ཚ་ཞལ་དཀར་ལ། ཁྱོད་སྐྱ་ལོའི་མཚེར་སར་སོང་ལ། ཇོ་རུ་རྨ་ཡུལ་དུ་བརྫངས་པའི་རྩ་བ་འབྲུག་མོ་ཁྱོད་ལ་ཐུག་ཡོད་པས་ད་ལྟ་གདན་འདྲེན་ཞུ་མ་ཐུབ་ན་ལན་ཁག་ཁྱོད་ལ་ཐུག་ཡོད་ཚུལ་གྱི་འཇིགས་སྣང་རྣམ་འགྱུར་ཞིག་སྟོན་ཞེས་བློ་བསྟན། རྒྱ་ཚས་ཐབས་དེ་བཞིན་འབྲུག་མོ་ཇོ་རུ་གདན་འདྲེན་པར་བརྫངས། ཇོ་རུས་དེ་མཁྱེན་ཞིང་འབྲུག་མོ་འདིས་དེ་སྔ་མ་ཤེས་པར་ང་ལ་ངན་སྨྲས་མང་པོ་བྱས་པའི་སྒྲིབ་སྦྱོང་ལ་སྐྲག་སྣང་ཚད་མེད་ཅིག་བྱེད་དགོས་དགོངས། མི་ནག་རྟ་ནག་ཅན་ཞིག་ལ་ཉི་མ་རང་ཤར་དེ་བླངས། དེ་ནས་མི་དཀར་རྟ་དཀར་འཕྲུ་དཀར་ལྟ་བས་མཆོག་མི་ཤེས་པ་ཞིག་ལ་སྤྲུལ་ནས་ལམ་སྒུག འབྲུག་མོས་དེར་དགའ་བའི་རྣམ་འགྱུར་ཚད་མེད་བསྟན། འཆི་མེད་བདུད་རྩིའི་ཚེ་ཆང་དེ་དཔོན་གཡོག་ལ་དྲངས་པས། ཇོ་རུའི་ཐུགས་ལ་ད་ནི་རྟེན་འབྲེལ་ལེགས་པར་འགྲིག་བྱུང་སྙམ་ནས་ཐུགས་དགྱེས་ཤིང་། ཁོང་གཉིས་མི་ཚེ་འདིར་མི་འགྱུར་བའི་རྟགས་ལ་དར་དཀར་ཞིག་ལ་མདུད་པ་བཅུ་གསུམ་བརྒྱབ་ནས་འབྲུག་མོ་ལ་བྱིན། སྐྱ་ལོའི་ནོར་བུ་ཆ་བདུན་དེ་ཟེར་ནས་སྲིབ་རི་ནགས་རྒྱལ་ཕྱུག་མོར་འཛོམ་རྒྱུ་བྱས།
ཕྱི་ཉིན་དེར་འབྱོར་དུས་ཇོ་རུས་འབྲུག་མོ་དང་འདྲེ་མོ་ནོར་ཁུལ་གྱིས་བརྙས་བཅོས་མང་པོ་བྱས་རྗེས་འབྲུག་མོ་ཇོ་རུའི་ཡིད་ཆེས་ཤིང་རྐྱང་རྒོད་ཕེར་བ་འཛིན་རྒྱུའི་དམ་བཅས་པ་དང་མཉམ་དུ་གླིང་དཀར་སྟོད་ལ་ལོག ཉི་མ་དེའི་ཕྱི་ཉིན་ལྡོང་ཕ་ཆེན་རག་བཟའ་དགེ་མཚོ། སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ། སྔོ་ལོ་སྐྱིད་ཀྱི་ནེའུ་ཆུང་། དྲིན་ཅན་ཨ་མ་འགོག་མོ་བཅས་ཀྱིས་ཞགས་པ་ཁམས་གསུམ་རང་འགུགས་དེ་བཟུང་ནས་རྐྱང་རྒོད་འཛིན་ཐུབ་པ་བྱུང་། དེར་རྐྱང་རྒོད་ཀྱིས་མ་འགོག་མོ་དེ་རྒྱ་ནག་མཆོག་རྟེན་ཡན་ཆད། དབུས་ལྷ་སའི་རྡོ་རིང་མན་ཆད། བོད་ཀྱི་འབྲོག་གནས་མཆེད་ལྔ། ཡུལ་གྱི་མགུལ་ལྷ་བཅུ་གསུམ་བཅས་ཀྱི་ས་ཕྱོགས་མང་པོར་ཁུར་རྗེས་མི་རྟ་གཉིས་ཕྱིར་ཕེབས། རྟ་རྒྱུག་གི་བཀྲ་ཤིས་པའི་ཉི་མ་ལ་འབྲུག་མོས་རྐྱང་རྒོད་ལ་གསེར་སྒ་ཉི་མ་རང་ཤར་བསྟད་ནས་བཀྲ་ཤིས་པའི་སྨོན་ལམ་ཡང་ཡང་བཏབ། གླིང་གི་ལྷ་བློན་སུམ་ཅུ་དེ་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་གུ་ར་རྫ་ལ་གཏད་ནས་འདོ་བའི་གོམ་ཁ་གཤིབས།འ བྲུག་མོས་སྒང་ནས་རྟ་བཤད་བགྱིས། ཇོ་རུས་ཨ་ཡུ་དིལ་སོགས་འཁོར་དུ་བསྒྱུར། མཐར་རྟ་ཕོ་ཁྲི་སྟོང་མང་པོ་ལས་ཇོ་རུ་རྣམ་པར་རྒྱལ་ནས་མི་འཇིག་གསེར་ཁྲིར་མངའ་གསོལ་ཅིང་སྐྱ་ལོའི་རྒྱུ་བདག་དང་གླིང་གི་མགོ་བདག འབྲུག་མོའི་སྐྲ་བདག་བཅས་ལ་དབང་བསྒྱུར་རོ།།
- 1 སྙིང་བོ་ཚེ་རིང་གིས་བརྩམས་པའི 《གླིང་གེ་སར་སྒྲུང་ལ་དཔྱད་པ་བློ་གསལ་ཡིད་ཀྱི་དགའ་སྟོན》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ2007ལོའི་ཟླ7པར་དཔར་ཐེང་ས་དང་པོ། ཤོག་ངོས260-262ན་གསལ།
- 2 རྒྱ་ཡེ་བཀྲ་བྷོས་གཙོ་སྒྲིག་མཛད་པའི 《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན》 མཚོ་སྔོན་དཔེ་སྐྲུན་ཁང་། 2002-2པའི་པར་གཞི་དང་པོ། ཤོག་ངོས216-217ན་གསལ།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:2 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2016-04-12
གསར་སྤེལ་མཁན། :གངསསྨྱུག་སྲས།