ཀ་པེད། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཀ་པེད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སྔོ་སྨན་ངོས་འཛིན།)

ཀ་པེད།
མེ་ཏོག་དཀར་པོ་འདབ་མ་ལྔ་ལྡན་ཐག་འཁྱུད་མེ་ཏོག་གི་དབྱིབས་ཅན་ངར་བ་རིང་ཞིང་ལོ་མའི་མཚམས་ནས་འཆར་བ་དང་ཟེའུ་འབྲུ་སེར་པོ་མོ་མང་ལ་བུ་སྣོད་གསལ་བོ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
葫芦
ཕྱི་ཡིག་གི་མིང་།
Lagenaria siceraria (Molina) Standl.
མིང་གཞན།
ཁ་ཌ་ཀ་དང་། རསྨི་ཙི། འཁྲུ་གཅོད་གཙོ་བོ། ཆག་ཆང་ཀུ་བ།
སྨན་དུ་སྦྱར་བྱ།
འབྲས་བུ།
སྡེ་ཁོངས།
ཤིང་སྨན་གྱི་སྡེ།
1 སྐྱེ་དབྱིབས།

《 འཁྲུངས་དཔེ》ལས། ཀ་པེད་ཅེས་བྱའི་འབྲས་མཆོག་ནི། །ལོ་མ་ལེབ་ལ་ཆེ་བ་ཡིན། །སྡོང་བོ་རིང་ལ་ཡལ་ག་མང་། །མེ་ཏོག་དཀར་ལ་རབ་ཏུ་མཛེས། །འབྲས་བུ་བྱིས་པའི་ཐོད་ཕོར་འདྲ། །ཞེས་དང་།  《ཤེལ་ཕྲེང》ལས།  སྟོད་ནས་ཛོ་ཀི་རྣམས་ཀྱིས་ཆུ་སྣོད་དུ་འཁྱེར་ཡོང་བ་དང་ཚ་བ་གོ་རོང་སོགས་སུ་ལྡུམ་རར་འཛུགས་པ་འབྲས་བུ་ཁུར་ཚུར་ཙམ་བྱུང་ནས་འོག་ཏུ་རྡོ་ལེབ་བཞག་པས་རྡོ་ཉི་མས་དྲོས་པའི་རྐྱེན་གྱིས་འབྲས་བུ་ཆེར་མྱུར་བར་རྒྱས་པས་རྡོ་ཐོག་ཤིང་སྐྱེས་ཀུ་བ་མཚར་ཞེས་ཟེར། ཆུང་ཚེ་རྩ་ཐག་གིས་རྐེད་པའམ་སྟོད་སྨད་ནས་བསྡམས་བཞག་པས་གོང་འོག་ནས་འཚར་བས་བུམ་དབྱིབས་དོད་པར་བྱེད་པ་ཡིན། ཆེ་བ་ལ་ལུག་ཐོང་གི་གྲོད་པ་ཙམ་ཡོད་པར་འདུག འབྲས་བུའི་ནང་ལྷ་བ་དཀར་སོབ་ཀྱིས་གང་ཡོད་པའི་གསེང་ན་ས་བོན་འབྲས་བུ་དཀར་ལེབ་གསེར་མེའི་ཕྱོགས་འདྲ་བ་ལ་གསེར་ཕུད་བུ་ཞེས་བྱ། ཞེས་བསྟན་པ་ལྟར་འདི་ནི་ལོ་རེ་བཞིན་གསར་སྐྱེས་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་སྙུང་རིལ་དབྱིབས་ཕྲ་ལ་ཨ་ར་འདྲ་བའི་རྩ་བ་ཡིན་པ་དང་།  སྡོང་བོ་རྐྱང་པ་ཕྲ་ལ་རིང་བར་སྤུ་དཀར་དང་ཚིགས་པ་ཡོད་པ་སྐྱེ་དངོས་གཞན་ལ་འཁྲིལ་ནས་སྐྱེ་བ་དང་།  ལོ་མ་ལྗང་སྐྱ་སྒོར་ལ་ཆེ་བ་སྙིང་དབྱིབས་ཀྱི་རྒྱབ་ཅུང་ཟད་སྐྱ་ལ་མཐར་ངེས་གཏན་མེད་པའི་ཉག་ག་ཡོད་ཅིང་། རྩ་རིས་དྲ་བ་ལྟར་གྱིས་ཤིང་ངར་བ་རིང་བ་སྡོང་པོའི་ཚིགས་རེ་རེའི་སྟེང་ནས་རེ་མོས་སྐྱེ་ཞིང་སྡོང་བོ་ཡོངས་ལ་སྤུ་དཀར་མང་པོ་ཡོད། མེ་ཏོག་དཀར་པོ་འདབ་མ་ལྔ་ལྡན་ཐག་འཁྱུད་མེ་ཏོག་གི་དབྱིབས་ཅན་ལ་ངར་བ་རིང་ཞིང་ལོ་མའི་མཚམས་ནས་འཆར་བ་དང་ཟེའུ་འབྲུ་སེར་པོ་མོ་མང་ལ་བུ་སྣོད་གསལ་བོ་ཡོད། འབྲས་བུ་སེར་སྐྱ་ཤིན་ཏུ་ཆེ་བའི་མགོ་སྦོམ་ཞིང་མཇུག་ཕྲ་བའི་དཀྱིལ་ལྡིར་བའམ་རེ་འགའ་ཉག་ག་བྱས་པ་ཡང་ཡོད། འབྲས་བུའི་ནང་ལྷ་བ་སྐྱ་སོབ་ཀྱིས་ཁེངས་བའི་དཀྱིལ་དུ་འབྲུ་གུ་དཀར་པོ་གསེར་མེའི་དབྱིབས་ཅན་མང་བོ་ཡོད། འདི་ལ་རིགས་ཕོ་མོ་གཉིས་ཏེ་ཀ་བེད་ཕོ་དང་བིལ་བ་མོར་བཞེད།

2 རིགས་དབྱེ།

《ཤེལ་ཕྲེང》ལས།  རིགས་ཆེ་ཆུང་གཉིས།  སྟོད་ནས་ཛོ་ཀི་རྣམས་ཀྱིས་ཆུ་སྣོད་དུ་འཁྱེར་ཡོང་བ་དང་།  ཚ་བ་གོ་རོང་སོགས་སུ་ལྡུམ་རྭར་འཛུགས་པ་འབྲས་བུ་ཁུ་ཚུར་ཙམ་བྱུང་ནས་འོག་ཏུ་རྡོ་ལེབ་བཞག་པས་རྡོ་ཉི་མས་དྲོས་པའི་རྐྱེན་གྱིས་འབྲས་བུ་ཆེར་མྱུར་བར་རྒྱས་པས།  རྡོ་ཐོག་ཤིང་སྐྱེས་ཀུ་བ་མཚར།  ཞེས་ཟེར།  ཆུང་ཚེ་རྩ་ཐག་གིས་སྐེད་པའམ་སྟོད་སྨད་ནས་བསྡམས་བཞག་པས་གོང་འོག་ནས་ཚར་བས་བུམ་དབྱིབས་དོད་པར་བྱེད་པ་ཡིན།  ཞེས་དང་།  ཀ་པེད་ཆེ་བ་ཕོ་ཡིན་པས་དེ་ཡང《ཤེལ་ཕྲེང》ལས།  ཆེ་བ་ལ་ལུག་ཐང་གི་གྲོད་པ་ཙམ་ཡོང་བར་འདུག་འབྲས་བུའི་ནང་ལྷ་བ་དཀར་སོབ་ཀྱིས་གང་ཡོད་པའི་གསེང་ན་ས་བོན་འབྲས་བུ་དཀར་ལེབ་གསེར་མེའི་ཕྱོགས་དབྱིབས་ཡོང་བ་ལ་གསེར་ལ་ཕུད་བུ་ཞེས་བྱ། ཞེས་གསུངས་ཤིང་། 《བརྡ་སྤྲོད》ལས།   ཀ་པེད་བྱིས་པའི་ཀླད་ཕོང་འདྲ། །  ཞེས་དང་། 《གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང》ལས།   རིགས་ཕོ་མོ་གཉིས་སུ་ཕྱེས་ནས་ཀ་པེད་ཕོ་བིལ་བ་མོ་ཟེར་ཡང་བིལ་བ་ཀ་པེད་ཀྱི་རིགས་སུ་མི་གཏོགས་སོ། །

3 སྐྱེས་གནས།

རང་ལྗོངས་ཀྱི་མེ་ཏོག་རྫོང་དང་།   སྤོ་ཡུལ།  རྫ་ཡུལ་སོགས་དང་ཀྲུང་གོའི་ནང་ལོག་ས་ཁུལ་བཅས་སུ་སྐྱེ། ཆེ་ཆུང་མ་གཏོགས་བཏབ་ན་ལྷ་སར་ཡང་སྐྱེ་བ་འདུག   ད་ལྟར་འདེབས་འཛུགས་བྱེད་པ་མང་།

4 བཏུ་དུས་དང་ལས་སྣོན།

སྨན་དུ་འབྲས་བུ་དགོས་ནས་སྨིན་མཚམས་སུ་བཏུས་ནས་བསིལ་སར་སྐམ་སྟེ་སྤྱོད་དགོས། བེད་སྤྱོད་སྐབས་ནང་གི་ལྷ་བ་སྐྱ་སོབ་ཅན་དག་དང་འབྲུ་མེད་པ་བཟོས་ཏེ་སྤྱོད་རྒྱུ།

5 རོ་ཞུ་རྗེས་ནུས་བ།

རོ་སྐྱུར་ལ་བསྐ་བ།  ཞུ་རྗེས་སྐྱུར་བ། ངོ་བོ་དྲོད།   《བདུད་རྩི་སྨན་གྱི་འཁྲུངས་དཔེ》ལས།  རོ་བསྐ་བ་དང་།  ཞུ་རྗེས་སྐྱུར་བ།  ངོ་བོ་ཚ་ལ་སྣུམ་པ།  

6 རྐྱང་བའི་ཕན་ཡོན།  

ཚ་གྲང་གིས་འཁྲུ་བ་དང་།  རྒྱུ་ལོང་གི་ནད། རྨ་དང་གློ་ནད་སོགས་ལ་ཕན།

7  སྨན་སྦྱོར།

ཀ་བེད་ཞོ 7 དང་། ཐ་རམ་གྱི་འབྲུ་ཞོ 5  རྡོ་དྲེག་དཀར་པོ་ཞོ 5  དུག་མོ་ཉུང་ཞོ 5 བཅས་ཞིབ་པར་བཏགས་ལ་བྲག་ཞུན་ཁུ་བས་དབུལ།  ཚ་བས་ཤེད་ཆེའི་འཁྲུ་བ་རྣམས་གཅོད་པར་བྱེད་དོ། །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-12

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།