ཁ་ཧྥི་ཁ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁ་ཧྥི་ཁ།
ཧྥུ་ལན་ཚི.ཁ་ཧྥི་ཁ་ནི(སྤྱི་ལོ1883-1924ལོ)ཅེ་ཁེའི་སྒྲུང་གཏམ་པ་མཁས་ཅན་དང་། དུས་རབས་ཉི་ཤུ་བའི་ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་མེས་པོ། མངོན་མཚོན་རིང་ལུགས་རྩོམ་རིག་གི་ཚབ་མཚོན་མི་སྣ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
弗兰兹•卡夫卡
ཕྱི་ཡིག་གི་མིང་།
Franz Kafka
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1883-1924)
རྒྱལ་ཁབ།
ཨའོ་ཞུང་བཙན་རྒྱལ།
མི་རིགས།
ཡིའུ་ཐའེ་པ།
ལས་རིགས།
སྒྲུང་གཏམ་པ།
འཐུས་ཚབ་བརྩམས་ཆོས།
《གཟུགས་འགྱུར་ཟིན་ཐོ》《འདྲི་གཅོད》《མཁར་རྫོང》
བྱས་རྗེས་གཙོ་བོ།
དུས་རབས་ཉི་ཤུ་བའི་ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་མེས་པོ། མངོན་མཚོན་རིང་ལུགས་རྩོམ་རིག་གི་ཚབ་མཚོན་མི་སྣ།
1 མི་ཚེ་དང་གསར་རྩོམ།

ཁ་ཧྥི་ཁ་ནི་ཕུ་རག་གི་ཡིའུ་ཐའེ་པའི་ཚོང་པ་ཞིག་གི་ཁྱིམ་དུ་སྐྱེས། ཕ་ཡིས་དཀའ་ངལ་ཁྱད་བསད་ཀྱིས་བྱ་བཞག་ལེགས་འགྲུབ་བྱུང་བས། ཁོའི་རྩུབ་ཅིང་རང་ཤེད་ཚ་བའི་གཤིས་ཀ་གྲུབ།  ཆུང་དུས་ནས་ཁ་ཧྥི་ཁ་ལ་རྒྱལ་པོ་གཏུམ་པོ་ཞིག་ལྟར་གྱི་ཧམ་ཤེད་ཀྱིས་སློབ་གསོ་རྒྱག  ཁ་ཧྥི་ཁ་ཡིས་ཆུང་ངུ་ནས་ཕྱོགས་གཅིག་ནས་ཕ་ལ་དད་ཅིང་གུས་ལ། ཕྱོགས་གཞན་ཞིག་ནས་ཚེ་གང་སྟོབས་ཤུགས་ཆེ་བའི་ཕ་ཡི་གྲིབ་གཟུགས་ནང་འཚོ་དགོས་བྱུང་། མ་ནི་སེམས་སྦུག་དོག་ཅིང་ཡི་མུག་ཅན་ཞིག་ཡིན། དེ་དག་གིས་ཁ་ཧྥི་ཁ་ཡི་ཕྱིས་ཀྱི་ཡི་མུག་ཁུ་སིམ་དང་། ནང་སེམས་སྐྱོ་སྣང་གི་གཤིས་ཀ་གྲུབ་པར་ཤུགས་རྐྱེན་ཆེན་པོ་ཐེབས། ཁ་ཧྥི་ཁ་སློབ་ཆུང་ནས་སློབ་འབྲིང་བར་འཇར་མན་སྐད་ཀྱི་སློབ་གྲྭར་སློབ་སྦྱོང་བྱས་ཤིང་། ཕྱིས་སུ་ཅེ་ཁེ་ཡི་སྐད་ཡིག་སྦྱངས་ལ་ཆུང་དུས་ནས་རྩོམ་རིག་ལ་ཤིན་ཏུ་དགའ། སྤྱི་ལོ1901ལོར་ཕུ་རག་སློབ་གྲྭ་ཆེན་མོར་སོང་ནས་འཇར་མན་གྱི་རྩོམ་རིག་སྦྱངས།  ཡུན་རིང་མ་སོང་བར་ཕ་ཡི་བཀའ་ལྟར་ཁྲིམས་ལུགས་སྦྱོང་དགོས་བྱུང་། སྤྱི་ལོ1906ལོར་ཁྲིམས་ལུགས་ཀྱི་འབུམ་རམས་པའི་སློབ་གནས་ཐོབ། ཁ་ཧྥི་ཁ་སློབ་འབྲིང་དུས་ནས་ཧྥ་རན་སེའི་རང་བྱུང་རིང་ལུགས་ཀྱི་རྩོམ་རིག་དང་དེ་བཞིན་སི་པིང་ནོ་ཧྲ་དང་། ནིས་ཆ།  ཏར་ཝིན་སོགས་ལ་མོས་གུས་ཤུགས་ཆེན་སྐྱེས། སློབ་ཆེན་སྐབས། གཞི་གྲུབ་རིང་ལུགས་ཀྱི་གདོང་བསྐྱོད་པ། ཏེན་མག་གི་མཚན་ཉིད་རིག་པ་མཁས་ཅན་ཅིར་གའེ་ཀར་གྱི་བསམ་བློ་དང་ལེན་བྱས་པ་དང་། ཀྲུང་གོའི་ལའོ་ཀྲོང་གི་མཚན་ཉིད་རིག་པའི་ཤུགས་རྐྱེན་ཐེབས།  རྩོམ་རིག་ལ་དགའ་མོས་ཡོད་པའི་སློབ་གྲོགས་མར་ཁེ་སི.ཕུའུ་ལང་ཁེ་ཡི་སྐུལ་ལྕག་དང་རྒྱབ་སྐྱོར་འོག་རྩོམ་རིག་གསར་རྩོམ་བྱེད་འགོ་བརྩམས་པ་དང་དུས་མཚུངས། ཕུ་རག་ཡི་རྩོམ་པ་པོ་དང་འགྲོ་འོང་བྱེད་ཅིང་སྤྱི་ཚོགས་འབྲེལ་གཏུགས་ཀྱི་བྱེད་སྒོ་འགའི་ནང་དུའང་ཞུགས་ནས། ཕྱིས་སུ་པར་སྐྲུན་བྱས་པའི་བརྩམས་སྒྲུང་ཐུང་གྲས་དང་པོ《དམག་འཛིང་ཞིག་གི་དངོས་བྲིས་ཟིན་ཐོ》(སྤྱི་ལོ1904ལོ)ཞེས་པ་བྲིས།  ཁྲིམས་ཁང་དུ་དངོས་སྤྱོད་ལོ་གཅིག་བྱས་པ་དང་། ཀུན་སྤྱོད་འགན་སྩོལ་ཀུང་སིར་ལྟ་སྦྱོང་རོགས་ལས་པ་བྱས་རྗེས། སྤྱི་ལོ1908ལོར་ལས་རྨས་དོན་འཛོལ་འགན་བཅོལ་ཀུང་སིར་ལས་ཀ་བྱས། སྤྱི་ལོ1921ལོར་ཁ་ཧྥི་ཁའི་གློ་གཅོང་ནད་ལོག་བརྒྱབ་པ་དང་ལུད་པའི་ནང་ཁྲག་ཐོན། སྤྱི་ལོ1922ལོའི་ཟླ4པར་ལས་ཀ་ནས་འཐེན། ནད་གསོ་བའི་རིང་མུ་མཐུད་གསར་རྩོམ་བྱེད་པ་ཕུད་ད་དུང་ཡོ་རོབ་ཀྱི་ས་ཆ་ཁག་ལ་ཡུལ་སྐོར་དུ་སོང་། སྤྱི་ལོ1924ལོར་གློ་ནད་ཚབས་ཆེར་སོང་ནས་སྨན་བཅོས་བྱས་ཀྱང་ནད་དྲག་མ་བྱུང་བས་ལོ་དེའི་ཟླ6པའི་ཚེས3ཉིན་ཝེ་ཡེ་ན་ཡི་ཉེ་འགྲམ་གྱི་ཅིར་ལིན་ལུས་གསོ་ཁང་དུ་འདས།

ཁ་ཧྥི་ཁ་ཚེ་གང་དུ་གཏུམ་སྤྱོད་ཅན་གྱི་ཕ་ཡི་གྲིབ་གཟུགས་འོག་འཚོ་ཞིང་། རྒྱུས་མངའ་མེད་པའི་འཇིག་རྟེན་དུ་འཚོ་བ་སྐྱེལ་བས། ཡི་མུག་ཁུ་སིམ་གྱི་གཤིས་ཀ་གྲུབ། ཁོང་འཚོ་བར་སྐྲག་ཅིང་། མི་གཞན་དང་འབྲེལ་བ་བྱེད་རྒྱུར་འཇིགས། ཐ་ན་གཉེན་སྒྲིག་དང་ཁྱིམ་ཚང་བཟུང་རྒྱུར་ཡང་ཞེན་སྣང་བྱེད། སྔ་རྗེས་སུ་གཉེན་སྒྲིག་གི་དུས་ཆད་ཐེངས་གསུམ་མེད་པ་བཟོས། འཇར་མན་གྱི་རིག་རྩལ་སྐྱོན་ཡོན་བརྗོད་པོ་ཀུང་ཐེར.ཨན་ཏེར་གྱིས་ཁ་ཧྥི་ཁར་འདི་ལྟར་དཔྱད་བརྗོད་བྱས་པ་སྟེ། ཡིའུ་ཐའེ་པ་ཞིག་གི་ངོས་ནས། ཁོང་ཡེ་ཤུའི་ཆོས་པའི་ཁྲོད་རང་གི་མི་མ་ཡིན་ཞིང་།  ཚོགས་པའི་ནང་མ་ཞུགས་མཁན་གྱི་ཡིའུ་ཐའེ་པ་ཞིག་གི་ངོས་ནས་ཁོང་ཡིའུ་ཐའེ་པའི་ནང་རང་ཉིད་ཀྱི་མི་མ་ཡིན།  ངལ་རྩོལ་འགན་བཅོལ་ཀུང་སའི་ལས་བྱེད་པ་ཞིག་གི་ངོས་ནས། ཁོང་མ་རྩ་ཅན་རྦད་དེ་རང་མ་ཡིན། མ་རྩ་ཅན་གྱི་ཕྲུ་གུའི་ངོས་ནས། ཁོང་ཡང་ངལ་རྩོལ་པ་རྦད་དེ་རང་མ་ཡིན། ཁོང་སྤྱི་ཞབས་པ་ཞིག་ཀྱང་མ་ཡིན་ཏེ། ཁོང་གི་ངོས་འཛིན་ལ་རང་ཉིད་རྩོམ་པ་པོར་སྣང་། འོན་ཀྱང་རྩོམ་པ་པོའི་ངོས་ནས་བཤད་ན།  ཁོང་ཡང་མ་ཡིན་ཏེ། ཁོང་གི་ནུས་ཤུགས་ཁྱིམ་ཚང་གི་ཐད་ལ་བཏང་། ཡང་རང་ཉིད་ཀྱི་ཁྱིམ་ཚང་ནང་།  རང་ཉིད་རྒྱུས་མངའ་མེད་པའི་མི་ལས་ད་དུང་རྒྱུས་མེད་དུ་གྱུར་ཅེས།  ཨན་ཏེར་གྱིས་ཤིན་ཏུ་གནད་ལ་འཁེལ་ཞིང་སྣང་བརྙན་དོད་པོས། ཁ་ཧྥི་ཁར་སྤྱི་ཚོགས་ཀྱི་ཐོབ་ཐང་མེད་ལ།  མི་ཚེའི་ལོག་ས་མེད་ཅིང་། འཚོ་གནས་ཀྱི་ཡུལ་མེད་པའི་འཚོ་བའི་ཁོར་ཡུག་ཕྱོགས་བསྡོམས་བྱས་པ་དང་དུས་མཚུངས་ཁ་ཧྥི་ཁའི་ནང་ལ་ཕྱོགས་ཤིང་། ཁེར་རྐྱང་ཡི་མུག་གི་གཤིས་ཀའི་གྲུབ་ཚུལ་དང་།  ཁོའི་ལས་མ་དག་པའི་མི་ཚེ་ཅུང་ཆ་ཚང་ཞིང་དྲང་པོའི་སྒོ་ནས་གསལ་འགྲེལ་བྱས་ཡོད།

ཁ་ཧྥི་ཁ་ཡིས་སྤྱི་ལོ1912-1914རིང་བྲིས་གྲུབ་པའི་བརྩམས་སྒྲུང་རིང་གྲས་དང་པོ《ཨ་རི》ཞེས་པའི་ནང་། ཁྱིམ་ཚང་གི་གཡོག་མོས་ལོ16ལ་སོན་པའི་འཇར་མན་གྱི་ལོ་ཆུང་བྱིས་པ་གཱར.ལོ་སི་མན་སླུ་བྲིད་བྱས་པ་དང་། གཡོག་མོར་ཕྲུ་གུ་འཁོར་ཞིང་ཕ་མས་ཁྱིམ་ནས་ཕུད་དེ་ཨ་རིར་བཏང་བའི་བར་ཆད་བཀོད་འབྲི་བྱས་ཡོད།

1918ལོར་བྲིས་པའི《འདྲི་གཅོད》ཅེས་པ་ནི་ཁ་ཧྥི་ཁ་ཡི་བརྩམས་སྒྲུང་རིང་གྲས་གཉིས་པ་དེ་ཡིན།  དེའི་ནང་དངུལ་ཁང་གི་ལས་རོགས་ཡོ་སེ་ཧྥུ་ལ་དོན་མེད་འདྲི་གཅོད་དང་སྲོག་ཐོག་བཏང་བའི་སྒྲུང་བྲིས་ཡོད།

1922ལོར་བྲིས་གྲུབ་པའི་བརྩམས་སྒྲུང་རིང་གྲས་གསུམ་པ《མཁར་རྫོང》ཞེས་པ་ནི་དཔེ་མཚོན་འོས་པའི་མངོན་མཚོན་རིང་ལུགས་ཀྱི་བརྩམས་སྒྲུང་རེད།  བརྩམས་སྒྲུང་ནང་མི་སྣ་གཙོ་བོ་གངས་རི་བརྒལ་ཞོར་དུ་མཁར་རྫོང་ཉེ་འགྲམ་གྱི་གྲོང་ཚོ་ཞིག་ཏུ་སླེབས་ཤིང་།  ཁོས་ཐབས་བརྒྱ་ཇུས་སྟོང་གིས་མཁར་རྫོང་ནང་འཛུལ་བར་བརྩམས་མོད།  མཐར་བྱ་བ་ལམ་ལྷོངས་མ་བྱུང་བ་བྲིས་ཡོད།

ཁ་ཧྥི་ཁ་ཡི་བརྩམས་སྒྲུང་འབྲིང་ཐུང་གྲས་གསར་རྩོམ་བྱས་པའི་ནང་། དང་ཐོག་ཚབ་མཚོན་བརྩམས་སྒྲུང《གཟུགས་འགྱུར་ཟིན་ཐོ》(སྤྱི་ལོ1912ལོ)མཚམས་སྦྱོར་བྱེད་དགོས་པ་ཞིག་རེད། དེ་མིན་གྱི་གྲགས་རྩོམ1912ལོར་བྲིས་གྲུབ་པའི《དཔྱད་མཚམས་གཏོང་བ》ཞེས་པའི་ནང་ཕ་བུ་མི་རབས་གཉིས་ཀྱི་འགལ་ཟླ་མཚོན་ཡོད། ཇའོ་ཀྲེ་ཕ་ཡི་བཙན་ཤེད་འོག་གི་འཇིགས་སྣང་ནི་རང་ཚོད་ཟིན་པའི་ནུས་པ་བྲལ་ཞིང་། མཐར་ཕ་ཡི་དཔྱད་མཚམས་བཏང་སྟེ་གཙང་ཆུར་གཡུགས།  དེས་ཁ་ཧྥི་ཁ་ཡི་དམིགས་བསལ་གྱི་ཕ་དཔྱོད་ཀྱི་འདུ་ཤེས་མངོན་མཚོན་བྱས། 《ཚན་རིག་ཁང་ལ་ཕུལ་བའི་སྙན་ཞུ》(སྤྱི་ལོ1917ལོ)ཞེས་པའི་ནང་རྟ་རྩེད་ཆོགས་པས་མིའི་རིགས་ཀྱི་ལམ་བུ་འཚོལ་ཐབས་ཀྱི་ཆེད་དུ་སྤྲ་བཏུལ་ནས་སྐད་ཆ་ཤོད་ཤེས་པའི་མིར་འགྱུར་བའི་སྒྲུང་བྲིས་ཡོད།  རྒྱ་ཆུང་བའི་རླུང་གཟེབ་ནང་བཅུག་པའི་ཨ་ཧྥེ་རི་ཁའི་སྤྲ་ཡིས་ཡ་ང་བའི་སྡུག་སྐད་བརྒྱབ་པ་བརྒྱུད་ནས་རང་དབང་ཤོར་ཞིང་ལམ་བུ་མེད་པའི་སེམས་སྡུག་དང་། སྐྱོ་སྣང་། རེ་ཐག་ཆད་པའི་བསམ་བློ་མངོན་མཚོན་བྱས་ཡོད། 《རྒྱ་ནག་ལྕགས་རིའི་བཟོ་སྐྲུན》(སྤྱི་ལོ1919ལོ)ཞེས་པའི་ནང་ཀྲུང་གོའི་མི་སེར་གྱིས་གཟུགས་མེད་དབང་ཤུགས་ཀྱི་བཙན་སྐུལ་འོག་འགོག་སྲུང་གི་ནུས་པ་གང་ཡང་མེད་པའི་ལྕགས་རི་རིང་མོ་བཟོ་སྐྲུན་བྱས་པ་བྲིས་ནས། མི་རྣམས་བཙན་པོའི་དབང་ཤུགས་ཀྱི་དབང་སྒྱུར་མདུན་དུ་འུ་ཐུག་ཐབས་ཟད་དང་ཅི་བྱ་བཏོལ་མེད་ཡིན་པ་མཚོན་པར་བྱས།

《ས་སྦུག》(སྤྱི་ལོ1924ལོ)ནི་ཁ་ཧྥི་ཁ་ཡི་ཕྱི་དུས་ཀྱི་གསར་རྩོམ་ནང་ནས་ཚབ་མཚོན་རང་བཞིན་ཆེ་ཤས་ལྡན་པའི་གྲགས་རྩོམ་ཞིག་རེད། མི་སྣ་གཙོ་བོ་ནི་མིང་མི་རྟོགས་པའི་མི་གཤིས་ལྡན་པའི་བྱི་རིགས་ཀྱི་སྲོག་ཆགས་ཤིག་ཡིན། བརྩམས་ཆོས་དེ་མིང་འབོད་དང་པོས་རང་ཉིད་འབྲི་བའི་ཐབས་སྤྱད་དེ་ང་ཕྱི་ནས་ཡོང་བའི་འཇབ་རྒོལ་ལ་སེམས་ཁྲལ་ལངས་བས། སྲ་བརྟན་གྱི་ས་སྦུག་བསྐྲུན་ལ།  ཟ་རིགས་འབོར་ཆེན་གསོག་ཉར་བྱས། ས་སྦུག་ནི་མ་གཞི་ཐོག་མེད་ཤར་བསྐྱོད་དང་།  སྐྱོན་འདོགས་ས་མེད་ལ། འགོག་སྲུང་ཕྱིར་འཐེན་གང་དགར་ཆོག་མོད། འོན་ཀྱང་ང་དུས་རྟག་ཏུ་འཇིགས་སྣང་གི་ཁྲོད་དུ་གནས་ཏེ་ཉིན་ལྟར་གནས་བཟོད་མི་བདེ་བ་བྲིས་ནས།  བརྩམས་ཆོས་ཀྱིས་དྲང་བདེན་ཀྱི་སྒོ་ནས་འཛམ་གླིང་དམག་འཁྲུག་དང་པོའི་སྔ་ནུབ་ཏུ། མི་དཀྱུས་མ་རྣམས་ལ་བདེ་འཇགས་མེད་ཅིང་། འཚོ་བ་དང་ཚེ་སྲོག་འགན་ལེན་མི་ཐུབ་པའི་འཇིགས་སྣང་གི་བསམ་པ་ཚུར་སྣང་བྱས་ཡོད།

ཁ་ཧྥི་ཁ་ཡི་འཚོ་བ་དང་གསར་རྩོམ་གྱིས་དུས་གཙོ་བོ་ནི་འཛམ་གླིང་དམག་འཁྲུག་དང་པོའི་སྔ་རྗེས་སུ་ཡིན་ཞིང་། ཁྱིམ་ཚང་གི་གནས་ཚུལ་དང་སྤྱི་ཚོགས་ཁོར་ཡུག་གིས་ཁོང་དང་སྤྱི་ཚོགས་དང་མི་གཞན་བཅས་དབར་རིམ་པ་སྣ་ཚོགས་ཀྱི་བར་ཐག་བཟོས་པས།  ཁ་ཧྥི་ཁ་ཡི་ཚེ་གང་སྡུག་བསྔལ་དང་ཁེར་རྐྱང་གི་ཁྲོད་དུ་འཚོ་བ་བསྐྱལ། ཡང་སྤྱི་ཚོགས་ཀྱི་རུལ་སུངས་དང་། ཨའོ་ཞུང་བཙན་རྒྱལ་པའི་བཙན་ཤུགས་ཀྱི་སྲིད་དབང་སྒེར་འཛིན།  ཆབ་སྲིད་ཀྱི་འགལ་ཟླ།  མི་རིགས་ཀྱི་འགལ་ཟླ།  མི་དམངས་ཀྱི་འཚོ་བ་དབུལ་ཞིང་སྐྱོ་བ། དཔལ་འབྱོར་ཉམས་རྒུད་དུ་སོང་བ་བཅས་འདི་ཀུན་གྱིས་ཚོར་བ་སྐྱེན་ཞིང་སེམས་སྦུག་དོག་པའི་ཁ་ཧྥི་ཁ་ཡི་སེམས་གཏིང་གི་སྡུག་བསྔལ་གཏིང་ཇེ་ཟབ་ཏུ་ཟོང་། རྟག་ཏུ་ལྡིང་ཞིང་བསྐོར་བའི་སྤྱི་ཚོགས་ལ་རྒྱུས་མེད་ཀྱི་ཚོར་བ་དང་།  ཁེར་རྐྱང་གི་ཚོར་བ། འཇིགས་སྣང་གི་ཚོར་བ་བྱུང་བ་དེ་དག་ནི། ཁ་ཧྥུ་ཁ་ཡི་གསར་རྩོམ་གྱི་འགྱུར་མེད་བརྗོད་བྱར་གྱུར་པ་ཡིན། གཟུགས་མེད་སྟོབས་འབྱོར་ཆེ་བའི་ཕྱི་ནས་ཡོང་བའི་སྟོབས་ཤུགས་ཀྱིས་ཡོད་ཚད་དབང་དུ་བསྒྱུར་བས། མཐར་རང་དབང་མེད་པར་འཇིགས་སྣང་དང་དངངས་ཚབ་ཀྱི་ཁྲོད་དུ་རྩ་མེད་དུ་སོང་།  ངོ་ལོག་འགོག་རྒོལ་གྱི་བསམ་པ་སིམ་ཞིང་། གཤིས་ཀ་གྱོང་པོས་ཕུགས་བསམ་འདོར་མི་འདོད་པ་མཚོན་པ་དང་དུས་མཚུངས་ཡོད་དོ་ཅོག་ལ་ནུས་མེད་མཐུ་མེད་དང་འུ་ཐུག་ཐབས་ཟད་ཀྱི་ལས་དབང་སྨྲ་བའི་བསམ་པའང་མངོན་མཚོན་བྱས་ནས། དམིགས་བསལ་གྱི་ཁ་ཧྥི་ཁ་ཅན་གྱི་སྒྱུ་རྩལ་གྱི་ནང་དོན་གྲུབ།  དེར་བརྟེན།  ཁ་ཧྥི་ཁ་ཡིས་པལ་ཟ་ཁིའི་འཁར་རྒྱུག་སྟེང་གི་ངས་བཀག་རྡོ་ཀུན་རྩ་གཏོར་གཏོང་ཐུབ་ཅེས་པའི་ལེགས་བཤད་དེ་རང་ཉིད་ཀྱི་འཁར་རྒྱུགས་སྟེང་གི་བཀག་རྡོ་ཀུན་གྱིས་ང་རྩ་གཏོར་གཏོང་ཐུབ་ཅེས་པར་སྒྱུར།  ཁ་ཧྥི་ཁ་རང་བྱུང་རིང་ལུགས་ཀྱི་རྗེས་སུ་འགྲོ་མྱོང་ཞིང་། པལ་ཟ་ཁི་དང་། ཏིས་ཀན་སི། དབྱི་པུ་ཧྲེང་། ཀོར་ཅི་སོགས་ཀྱི་བརྩམས་ཆོས་ཀྱི་ཤུགས་རྐྱེན་ཐེབས་ལ་ཁོང་ཚོར་བསྔགས་བརྗོད་ཆེན་པོ་བྱེད།

ཁ་ཧྥི་ཁ་ཡི་བརྩམས་ཆོས་ལ་སྤྱི་ཡོངས་ནས་ལྐོག་བརྡ་མཚོན་རྟགས་སྟོན་པའི་ཁྱད་ཡོན་ལྡན་ལ།  གོ་རྒྱུ་ཕུན་སུམ་ཚོགས་ཤིང་བསམ་གཞིགས་ཀྱི་ཡུལ་འཇོག་པ་སྟེ། དེའང་ཚིག་སྦྱོར་གྱི་རྣམ་པ་བརྒྱུད་ཅིང་། འཕྲུལ་སྣང་ཡ་མཚན་གྱི་བྱུང་རིམ་བརྒྱུད་ནས།  དེའི་རྒྱབ་ཀྱི་སྒྱུ་རྩལ་གྱི་དོན་གྱི་རྡོག་ཁ་རྩད་ཞིབ་བྱས་ཚེ།  གཞི་ནས་ཁ་ཧྥི་ཁ་ཡི་བསམ་དོན་ངོ་མ་བཟུང་ཐུབ། ཁོང་གི་བརྩམས་ཆོས་བསྐྱར་ཀློག་མང་པོ་བྱེད་དགོས་ཤིང་།  ཟུར་ངོས་མ་གཅིག་པ་ནས་གསལ་འགྲེལ་དང་ཤེས་རྟོགས་བྱེད་ཆོག  ཁ་ཧྥི་ཁ་དང་ཁོང་གི་བརྩམས་ཆོས་ལ་རྩོམ་རིག་གི་གྲོལ་མི་ཐུབ་པའི་མཉམ་བྱའི་རྩིས་ཕྲེང་ཞེས་ཀྱང་འབོད། དུས་མཚུངས་འཕྲུལ་ཤེས་དང་རྨི་ལམ། འཁྱོག་ཅིང་གཟུགས་འགྱུར་བ། ཡ་མཚན་ཁུངས་མེད་སོགས་ཀྱི་འབྲི་ཐབས་ལེགས་པར་སྤྱད་དེ་འཚོ་བ་མཚོན་ལ། རྟོག་སྣང་ཁྲོད་དུའང་བྱུང་རིམ་ཞིབ་འབྲིའི་བདེན་པ་མི་ཤོར། རྣམ་པ་ཅན་དང་རྗེས་དཔག་ཅན་གྱི་མ་དཔེ་སྤྱད་དེ་མི་སྣ་གསར་བཞེངས་དང་། བྱུང་རིམ་བསམ་བཀོད་བྱེད་ཅིང་། མི་སྣ་མང་པོར་ཕོ་མོ་དང་མིང་ཡང་མེད་པརkཡིས་མཚོན། ཚིག་སྦྱོར་སྟངས་བདེ་བབ་ཆགས་དང་། བཀོད་འབྲིའི་རང་བཞིན་དང་དཔེའི་རང་བཞིན་གྱི་བརྗོད་པ་སྤྱོད་པ་ཉུང་། ཚིག་སྦྱོར་གྱི་བརྩེ་དུང་ཉམས་བཀག་འགོག་བྱས་ནས།  སྟབས་བདེ་ཞིང་བརྩེ་དུང་བྲལ་བའི་ཏར་ཡིག་ཅན་གྱི་ཚིག་སྦྱོར་གྱིས་བཀོད་འབྲི་དང་བྱུང་བརྗོད་བྱེད་པས་དམིགས་བསལ་གྱི་ཁ་ཧྥུ་ཁ་ཅན་གྱི་བྱུང་བརྗོད་ཀྱི་གཤིས་གྲུབ།

2 བརྩམས་ཆོས།

《གཟུགས་འགྱུར་ཟིན་ཐོ》

ཁ་ཧྥི་ཁ་ཡི《གཟུགས་འགྱུར་ཟིན་ཐོ》ནང་མི་འབུར་འགྱུར་བའི་ཁུངས་མེད་ཡ་མཚན་གྱི་སྒྲུང་བྲིས་ཡོད། མི་སྣ་གཙོ་བོ་ཀེ་ལི་ཀོར.ས་མུ་ཧྲ་ནི་ཀུང་སི་ཞིག་གི་བྲིན་ཚོང་པ་རེད། ཉིན་ཞིག་གི་སྔ་དྲོ་གཉིད་སད་སྐབས།  གློ་བུར་དུ་རང་ཉིད་རྐང་པ་ཕྲ་མོ་དུ་མ་སྐྱེས་པའི་འབུ་སྦུར་པར་འགྱུར་བ་ཚོར། དེ་ནས་བཟུང་རྐྱེན་ངན་བར་ཆད་བྱུང་། ལས་ཀ་ཤོར་ཞིང་ཁྱིམ་མིའི་ཞེན་པ་ལོག  ཁོར་མི་གཤིས་ཡོད་ལ།  མིའི་བསམ་གཞིགས་ཀྱི་ནུས་པ་དང་སེམས་ཁམས་ལྡན་ཞིང་། ཁོར་འཇིགས་སྣང་དང་ཆག་སྒོའི་ཚོར་སྣང་གིས་མནར། རིམ་བཞིན་ཁོར་འབུ་གཤིས་ལྡན་པ་དང་གོག་སྟེ་བགྲོད་རྒྱུར་དགའ་ལ་བམ་རུལ་གྱི་ཟས་བཟའ།། ཀེ་ལི་ཀོར་གྱིས་མུ་མཐུད་དངུལ་འཚོལ་མི་ཐུབ་པས་ཁྱིང་ཚང་གི་གནས་ཚུལ་ཇེ་ངན་ཇེ་སྡུག་ཏུ་སོང་། མ་གཞི་ཁྱིམ་མི་ཡོངས་ཀྱིས་ལས་ཀ་ཧུར་ཐག་བྱས་ཀྱང་འཚོ་བ་འཁྱོལ་ཐབས་བྲལ།  ཁོ་ཚོས་ཀེ་ལི་ཀོར་ཟོག་རོ་དང་ཡ་མཚན་ཞིག་ཏུ་ལྟ་བས་ཁོ་མཐར་ཁེར་རྐྱང་ཟླ་མེད་དང་།  ངོ་གནོང་སྐྱོ་སྣང་ངང་ཤི།  ཁྱིམ་མིས་རྡོག་ཁྲེས་ལྗིད་པོ་ཞིག་ཕབ་པ་ལྟར་ཉིན་གཉིས་པར་སེམས་པ་དགའ་ཚོར་གྱིས་གྲོང་མཐར་སྤྲོ་འཆམ་དུ་བསྐྱོད་ཅིང་། ཕུགས་རེ་གསར་པ་དང་མཛེས་སྡུག་ལྡན་པའི་མདུན་ལམ་གླེང་།  བརྩམས་སྒྲུང་ནང་ཀེ་ལི་ཀོར་འབུ་རུ་འགྱུར་ནས་ཤི་བའི་སྐྱོ་སྡུག་གི་མཐའ་འབྲས་བྲིས་པ་བརྒྱུད། ནུབ་ཕྱོགས་སྤྱི་ཚོགས་ཀྱི་མི་གཤིས་གཞན་འགྱུར་དང་། མིས་རང་གི་ལས་དབང་ཚོད་འཛིན་མི་ཐུབ་ཅིང་། འཇིགས་སྣང་དང་ཁེར་རྐྱང་ངང་གནས་པའི་འཚོ་བའི་ངོ་བོ་ཐེར་འདོན་བྱས་ཡོད། 《གཟུགས་འགྱུར་ཟིན་ཐོ》ནི་མངོན་མཚོན་རིང་ལུགས་ཀྱི་རྩོམ་རིག་དང་ཁ་ཧྥི་ཁ་ཡི་བརྩམས་སྒྲུང་གསར་རྩོམ་གྱི་ཆེས་གལ་ཆེ་བའི་ཚབ་བྱེད་བརྩམས་ཆོས་ཡིན།

《གཟུགས་འགྱུར་ཟིན་ཐོ》གྱི་བསམ་བཀོད་མཚར་ལ་མཚོན་རྟགས་ཀྱི་སྦས་དོན་ཕུན་སུམ་ཚོགས། ལྷུག་བརྗོད་ཀྱི་ཚིག་སྦྱོར་བབ་ཆགས་ལ་རང་བྱུང་དུ་ཐོན་པ།  བསམ་བཞིན་མགོ་རློག་བཟོ་བ་མིན་ལ། སེམས་ཁུར་གྱི་ཡུལ་དང་འགལ་ཟླ་ཁ་འཐབ་བཀོད་སྒྲིག་མི་བྱེད་ཅིང་། བྱུང་རིམ་སླ་པོར་འཛིན་པ།  ནང་དོན་བརྗིད་ཅིང་ནན་པ་བཅས་ཡོད། ཀེ་ལི་ཀོར་གཟུགས་འགྱུར་རྗེས་ཀྱི་ཆེས་ཆུང་བའི་འཚོ་བའི་དཔེ་རབ་དང་རིམ་པ་སྟེ། དཔེར་ན་ལྟོ་ཟ་བ་དང་། གཉིད་ཉལ་བ། ཡུལ་ལྗོངས་ལ་བལྟ་བ། ངལ་གསོ་བ། གོག་པོར་འགྲོ་བ་སོགས་ཀྱིས་གཞན་འགྱུར་གནད་དོན་གྱི་གལ་ཆེའི་བརྗོད་སྙིང་མངོན་མཚོན་བྱས་ཡོད། འདི་ལྟའི་ནང་དོན་དང་བྱུང་རིམ་ཁུངས་མེད་ཡ་མཚན་དང་། མཚོན་ཚུལ་གྱི་རྣམ་པ་འཆར་ཅན་མཚར་མེད་ཀྱི་སྒྱུ་རྩལ་རྩོམ་གཤིས་ལ་ཕྱིས་ཀྱི་དེང་རབས་གྲུབ་མཐའི་རྩོམ་པ་པོས་རྒྱ་ཆེར་ལད་ཟློས་བྱས་ཡོད།

《མཁར་རྫོང》

《མཁར་རྫོང》ནི་དཔེ་མཚོན་འོས་པའི་མངོན་མཚོན་རིང་ལུགས་ཀྱི་བརྩམས་སྒྲུང་ཞིག་རེད། མི་སྣ་གཙོ་བོkམཁར་རྫོང་གི་ཉེ་འགྲམ་གྱི་ཚོ་ཞིག་ཏུ་སླེབས། སྲིད་གཞུང་ལ་ཁོས་གྲོང་ཚོའི་ནང་གཞིས་ཆགས་འཇུག་རྒྱུའི་རེ་བ་འདོན་ཆེད། ཁ་བ་བརྒལ་ནས་མཁར་རྫོང་དུ་ཡོང་།  མཁར་རྫོང་ནི་ཉེ་འགྲམ་ན་ཡོད་མོད་ཀྱང་འགྲོ་མི་ཐུབ། kཡིས་ས་ཆ་འཇལ་མཁན་ལ་རྫུན་ནས་གྲོང་ཚོའི་འགྲུལ་ཁུང་དུ་བསྡད།  མཁར་རྫོང་གི་དབང་བསྒྱུར་བ་པོ་བྷོ་སྐུ་ཞབསccཡི་མཆེ་སྡེར་གྱིས་ཀུན་བཅུན་མོད། འོན་ཀྱང་སུ་ཞིག་གིས་ཀྱང་པོ་བྷོ་སྐུ་ཞབསccམཐོང་མྱོང་མེད། kཡིས་ཐབས་ཤེས་ཡོད་རྒུ་བཏོན་ཅིང་། ཐ་ན་མཁར་རྫོང་གི་དཔོན་པོའི་ཟུར་བཟའ་ཡང་བཀུག  མཐར་ཡང་མཁར་རྫོང་ནང་འཛུལ་རྒྱུའི་དམིགས་ཡུལ་གྲུབ་མེད། བརྩམས་སྒྲུང་བྲིས་ཚར་མེད། ཁ་ཧྥི་ཁ་ཡི་གྲོགས་པོ་པུ་ལོ་ཏེ་ཡི་དྲན་གསོ་བྱས་པར་གཞིགས་ན། ཁ་ཧྥི་ཁ་ཡི་ཐོག་མའི་འཆར་གཞིའི་ནང་གི་རྩོམ་མཇུག་ནི། kམ་ཤི་གོང་མཁར་རྫོང་གི་བརྡ་ཐོ་འབྱོར།  ཁོ་པ་མཁར་རྫོང་ནང་འཛུལ་མི་ཆོག་མོད། འོན་ཀྱང་གྲོང་ཚོའི་ནང་སྡོད་ཆོག་པ་བྱས།  བརྩམས་སྒྲུང་གིས་དཔོན་ངན་ལས་ཁུངས་ཀྱི་རུལ་སུངས་དང་མུན་ནག་གསལ་སྟོན་དང་། སྟོབས་ཤུགས་ཆེན་པོའི་དབང་སྒྱུར་འོག་གི་མི་སྣ་ཆུང་ངུའི་གྲོགས་མེད་ཁེར་རྐྱང་དང་ཉམ་ཐག་གི་མི་ཚེའི་ལས་དབང་མངོན་མཚོན་བྱས་པ་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-04

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།