བཀའ་འགྱུར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཀའ་འགྱུར།
སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་བོད་སྐད་དུ་བསྒྱུར་བའི་དཔེ་ཆ་པོ་ཏི་བརྒྱ་དང་བརྒྱད་ཙམ་ཡོད་པ་དེའི་མིང་།
1 ལོ་ཙཱ།

རྒྱ་ཡིག 甘珠尔

དབྱིན་ཡིག Kanjur(the canonical texts consisting of the teachings and precepts of the Buddha).

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་བོད་སྐད་དུ་བསྒྱུར་བའི་དཔེ་ཆ་པོ་ཏི་བརྒྱ་དང་བརྒྱད་ཙམ་ཡོད་པ་དེའི་མིང་།

2.བརྡ་དག་མིང་ཚིག་གསལ་བ་ལས།  སངས་རྒྱས་ཀྱི་བཀའ་ཐམས་ཅད་བོད་དུ་བསྒྱུར་བ་དེ་ལ་བཀའ་འགྱུར། 甘珠尔(音译),译成藏文的佛的一切教诫,称为甘珠尔。

3.དུང་དཀར་ཚིག་མཛོད་ཆེན་མོ་ལས།  ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ཐོག་མར་གསར་གཏོད་མཛད་པ་པོ་བཅོམ་ལྡན་འདས་ཤཱཀྱ་མུ་ནེས་གསུངས་པའི་བཀའ་མདོ་སྔགས་གཉིས་ཀྱི་ཆོས་དཔེ་རྣམས་རྒྱ་གར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བ་ལ་བཀའ་འགྱུར་ཟེར། སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་བཤད་སྲོལ་ལ། སྔར་རྒྱ་གར་དུ་སངས་རྒྱས་དངོས་སུ་བཞུགས་སྐབས་སངས་རྒྱས་ཀྱི་གསུང་རབ་འགའ་ཞིག་ཡི་གེར་བྲིས་ཏེ། ཡུལ་གྱི་རྒྱལ་པོ་དང༌། བཙུན་མོ། བློན་པོ། ཁྱིམ་བདག་སོགས་དད་པ་ཅན་མང་པོས་མཚན་མོ་སྒྲོན་མེའི་འོད་ལ་ལྟ་ཀློག་བྱེད་ཀྱི་ཡོད་ཀྱང༌། གསུང་རབ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་གླེགས་བམ་མེད། སངས་རྒྱས་མྱ་ངན་ལས་འདས་ནས་ཕྱི་ལོ་དེར་བཀའ་བསྡུ་དང་པོ་མཛད་ཅིང་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་སོང་བ་ན་བཀའ་བསྡུ་གཉིས་པ་མཛད་ཀྱང༌། དེ་གཉིས་ཀྱི་སྐབས་གླེགས་བམ་དུ་བཀོད་ཡོད་མེད་ལོ་རྒྱུས་ཐོག་མི་གསལ། མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་སོང་རྗེས་བཀའ་བསྡུ་གསུམ་པ་དང་བཞི་པ་མཛད་དེ། ཕྱོགས་བསྡུས་མཛད་པའི་གསུང་རབ་རྣམས་གཞི་ནས་གླེགས་བམ་དུ་བཀོད་པ་ལྟ་བུར་གསལ་བ་ལྟར་ན། བཀའ་བསྡུ་དང་པོ་དང་གཉིས་པའི་སྐབས་གླེགས་བམ་ཐོག་བཀོད་མེད་ན་བཀའ་བསྡུ་བྱས་པ་ལ་དགོས་པ་མེད་པས་ངེས་པར་དུ་སྐབས་དེར་བཀའ་བསྡུ་མཛད་པ་རྣམས་གླེགས་བམ་ཐོག་བཀོད་ཡོད་ངེས་སྙམ། དེ་དག་གི་ནང་ནས་མང་པོ་ཞིག་སངས་རྒྱས་ཆོས་ལུགས་ལ་དགྲར་འཛིན་པའི་མུ་སྟེགས་པ་དང༌། ཁ་ཆེའི་ཆོས་ལུགས་ཀྱི་དབང་འཛིན་པ་རྣམས་ཀྱིས་རྩ་མེད་རང་བཞིན་ལྡན་པའི་གཏོར་བཤིག་ཐེངས་གསུམ་བྱུང་སྐབས་མེར་བསྲེགས་ཏེ་མེད་པར་གྱུར་པའི་དབང་གིས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་དབང་བཟུང་སྐབས་ལོ་ཙཱ་བ་རྣམས་ཀྱིས་སྐབས་དེར་རྒྱ་གར་ན་བཞུགས་པའི་གསུང་རབ་ཕལ་ཆེ་བ་སྤྱན་དྲངས་ནས་བོད་སྐད་དུ་བསྒྱུར། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་ནས་རིམ་བཞིན《དཀར་ཆག་འཕང་ཐང་མ》དང༌།《ལྡན་དཀར་མ》《མཆིམས་ཕུ་མ》བཅས་བཀོད་པར་མཛད་པ་བཅས་དཀར་ཆག་ཁག་གསུམ་གྱི་ལོ་རྒྱུས་ལོགས་སུ་གསལ་བ་ལྟར་ཡིན་ཅིང༌། དེ་རྗེས་རབ་བྱུང་ལྔ་པའི་ཆུ་བྱི(༡༣༡༢)ལོ་ནས་ཡོན་རྒྱལ་རབས་ཀྱི་གོང་མ་ཨ་ཡུར་པར་པ་ཏཱ་བུ་ཡན་ཐུས་ལོ་དགུ་བར་སྲིད་དབང་བཟུང་བའི་རིང་སྣར་ཐང་གི་དགེ་བཤེས་མཁས་པ་ཆེན་པོ་འཇམ་དགག་པཀྴི་བླ་མར་གདན་དྲངས་ནས་སོག་ཡུལ་དུ་རྒྱུན་རིང་བཞུགས་སྐབས། ཁོང་ཉིད་ཀྱི་བླ་མ་བཅོམ་ལྡན་རིག་པའི་རལ་གྲི་ལ་གསེར་དངུལ་སོགས་དངོས་པོ་ཕོན་ཆེན་པོ་དང༌། རྒྱ་ནག་གི་སྣག་ཚ་སྒམ་གང༌། ཤོག་བུ། སྨྱུ་གུ་བཅས་མང་དུ་ཕུལ་ནས་བོད་ས་གནས་སུ་བཞུགས་པའི་བཀའ་བསྟན་འགྱུར་མ་དཔེ་གང་རྙེད་བཙལ་ནས་ཆ་ཚང་ཞིག་བཞེངས་ཏེ་སྣར་ཐང་དགོན་པར་བཞུགས་སུ་གསོལ་དགོས་པའི་བསྐུལ་མ་ཞུས་པ་ལྟར། བཅོམ་ལྡན་རལ་གྲི་དང༌། དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས། ལོ་ཙཱ་བ་བསོད་ནམས་འོད་ཟེར། རྒྱང་རོ་བྱང་ཆུབ་འབུམ་བཅས་ཀྱིས་དབུས་གཙང་མངའ་རིས་སོགས་སུ་བཀའ་འགྱུར་དང་བསྟན་འགྱུར་གྱི་མ་དཔེ་འཚོལ་བསྡུ་གནང་ཐོག ཞུས་དག་དང༌།  སྡེ་ཚན་དབྱེ་བ། གོ་རིམ་སྒྲིག་པ་བཅས་ལོ་མང་པོའི་བར་སྐུ་ངལ་འཛེམས་མེད་ཀྱིས་བཀའ་བསྟན་འགྱུར་ཆ་ཚང་ཞིག་བཞེངས་གནང་བ་དང་ཆབས་ཅིག བཅོམ་ལྡན་རལ་གྲི་དང༌། དབུས་པ་བློ་གསལ་གཉིས་ཀས་དཀར་ཆག་རྒྱས་བསྡུས་ཁག་གསུམ་མཛད་དེ་སྣར་ཐང་དགོན་པར་འཇོག་གནང་མཛད་པ་ནི་བོད་ས་གནས་སུ་བཀའ་བསྟན་འགྱུར་བྲིས་མ་ཆ་ཚང་བཞེངས་པའི་ཐོག་མ་དེ་ཡིན་པ་དང༌། དེ་ནས་རིམ་བཞིན་ཚལ་པ་བཀའ་འགྱུར་དང༌། ཞ་ལུ་བཀའ་འགྱུར། འཕྱོངས་རྒྱས་ཕྱིང་དབར་སྟག་རྩེའི་བཀའ་འགྱུར་ལྗགས་ཞུས་མ། ཡུང་ལོའི་བཀའ་འགྱུར། བཀའ་འགྱུར་རྒྱལ་རྩེ་ཐེམ་སྤང་མ། ཏཱ་མིང་དབན་ལིའི་བཀའ་འགྱུར། ལི་ཐང་བཀའ་འགྱུར་མཚལ་དཔར་མ། སྣར་ཐང་དཔར་མའི་བཀའ་འགྱུར། སྡེ་དགེ་དཔར་མའི་བཀའ་འགྱུར། པེ་ཅིན་དཔར་མའི་བཀའ་འགྱུར། ཅོ་ནེ་དཔར་མའི་བཀའ་འགྱུར། སོག་ཡུལ་ཁུ་རེ་ཆེན་མོའི་བཀའ་འགྱུར། ར་རྒྱ་དཔར་མའི་བཀའ་འགྱུར། ལྷ་ས་ཞོལ་དཔར་མའི་བཀའ་འགྱུར། ཆབ་མདོ་དཔར་མའི་བཀའ་འགྱུར་བཅས་ཤིང་དཔར་གྱི་བཀའ་འགྱུར་ནི་མང་ཤོས་གྲས་ཡིན། དེ་མིན་རི་པིན་སོགས་ཕྱི་རྒྱལ་དུ་དཔར་སློག་བྱས་པའི་བཀའ་འགྱུར་དཔར་མ་འགའ་ཞིག་བཅས་ཡོད་པ།

4.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  སངས་རྒྱས་ཀྱིས་གསུངས་པའི་བཀའ་སྡེ་སྣོད་གསུམ་དང་།    རྒྱུད་སྡེ་བཞི་བོད་དུ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་ཟེར།  སྡེ་དགེའི་སྤར་མ་ལ་གླེགས་བམ་བརྒྱ་དང་གཉིས།  དཀར་ཆག་དང་བཅས་པ་ལ་བརྒྱ་དང་གསུམ་ཡོད།

5.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  སངས་རྒྱས་ཀྱིས་གསུངས་པའི་བཀའ་སྡེ་སྣོད་གསུམ་དང༌།  རྒྱུད་སྡེ་བཞི་བོད་དུ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པ་གླེགས་བམ་བརྒྱ་དང་བཞིའམ་བརྒྱད་ཡོད་དོ།  《甘珠尔》,《佛说部》。由译成藏文的佛说三藏四续经典汇编而成的一部丛书。全书有一百零四或一百零八函。

6.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག སངས་རྒྱས་ཀྱིས་གསུངས་པའི་བཀའ་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞི་བོད་དུ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་ཟེར། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-16

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།