དཀྱིལ་འཁོར། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ3ཡོད།

དཀྱིལ་འཁོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག)

དཀྱིལ་འཁོར།
1.དབྱིབས་སྒོར་མོའི་དོན། 2. <མཎྜལ> སྔགས་ཀྱི་དེ་ཉིད་བཅུའི་གྲས་ཤིག གཙོ་བོ་ལ་འཁོར་གྱི་རོལ་པས་མཛེས་པར་བསྐོར་བ་སྟེ་གཙོ་བོ་རང་བྱུང་གི་ཡེ་ཤེས་ལ་ལམ་འབྲས་བུ་དང་བཅས་པའི་འཁོར་གྱིས་བསྐོར་བའི་ཡི་དམ་ལྷའི་ཕོ་བྲང་གི་བཀོད་པ་ཡིན་ཞིང་དེ་ལ་ཞིང་ཁམས་ཀྱང་ཟེར།
1 ལོ་ཙཱ།

རྒྱ་ཡིག 圆环;坛城

དབྱིན་ཡིག circle, sphere; mandala

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①དབྱིབས་ཟླུམ་པོའམ་ཟུར་མ་ཉམས་པའི་དོན་ཏེ། ཉི་མའི་དཀྱིལ་འཁོར་ཞེས་པ་ལྟ་བུ། ②ལྷ་ཁང་གི་དཔེ་རིས་ཀྱི་མིང་།

2.བརྡ་དག་མིང་ཚིག་གསལ་བ་ལས།  གླིང་།  洲。【增】 ①圆周,周围,球圆,平圆面。②曼茶罗,坛城。③区域,范围,环境,境界。﹝达﹞

3.དུང་དཀར་ཚིག་མཛོད་ཆེན་མོ་ལས།   སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་ནས་བཤད་པའི་ལྷ་གཙོ་འཁོར་ཡོད་པའམ་ཡང་ན་གཙོ་བོ་རྐྱང་པ་བཞུགས་པའི་གཞལ་ཡས་ཁང་རི་མོར་བྲིས་པའི་མིང་སྟེ། དེ་ཡང་རྒྱ་གར་གྱི་པཎྜི་ཏ་ཨ་བྷྱ་ཀ་རའི་བཞེད་སྲོལ་རྡོ་རྗེ་ཕྲེང་བ་ནས་བཤད་པའི་དཀྱིལ་འཁོར་བཞི་བཅུ་ཞེ་གཉིས། ཀྲི་ཡ་ནས་བཤད་པའི་དཀྱིལ་འཁོར་གསུམ། གྲུབ་ཆེན་མི་ཏྲ་ཛོ་ཀི་ནས་བརྒྱུད་པའི་མི་ཏྲའི་དཀྱིལ་འཁོར་བརྒྱ་དང་བརྒྱད།

4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ①དབྱིབས་སྒོར་མོ། 圆环,圆盘,轮:ཉི་ཟླའི་དཀྱིལ་འཁོར།  日轮和月轮。སའི་དཀྱིལ་འཁོར། 地轮,寰球。དཀྱིལ་འཁོར་གང་བ།  圆月。阴历十五日的月亮。②ཆ་ཤས་ཡོངས་སུ་ཚང་བའི་ཚོགས་པ། 全副,整体。各部分的总和:ཞལ་རས་ཀྱི་དཀྱིལ་འཁོར།  面庞。ནམ་ཕྱེད་རྒྱལ་བའི་དཀྱིལ་འཁོར་། 深更半夜。སྐུའི་དཀྱིལ་འཁོར།  贵体。གཡུལ་གྱི་དཀྱིལ་འཁོར། རྩོ兵团。རྩོད་པའི་དཀྱིལ་འཁོར། 辩论会。དགའ་སྟོན་དཀྱིལ་འཁོར།  宴会。③གཟའ་རྣམས་ཉིན་ཚེས་ཁྱིམ་གསུམ་གྱི་ཞག་དང་ཟླ་བ་དང་ལོའི་རྟག་ལོངས་དང་པོ་ནས་བརྩམས་ཏེ་འཁོར་བའི་ཚེ་རང་རང་གི་ཞག་ཟླ་ལོའི་དྷྲུ་ཝའི་ལོངས་སྤྱོད་ནམ་དག་པར་འགྱུར་བ་སྟོན་བྱེད་ཀྱི་འཁོར་ལོ།  周期。诸曜的年月日,无论按太阳日、太阴日或宫日计算,都有其平行度。从第一个年月日起,轮转若干次后,其平行度都会重新回到没有盈缺的整数,这种时间的数值叫做局期(即某天体再度回到某一相对位置所需的时间为该天体的恒星周期。④(མནྟལ)སྔགས་ཀྱི་དེ་ཉིད་བཅུའི་གྲས་ཤིག་གཙོ་བོ་ལ་འཁོར་གྱི་རོལ་པས་མཛེས་པར་བསྐོར་བ་སྟེ་གཙོ་བོ་རང་བྱུང་གི་ཡེ་ཤེས་ལ་ལམ་འབྲས་བུ་དང་བཅས་་པའི་འཁོར་གྱིས་བསྐོར་བའི་ཡི་དམ་ལྷའི་ཕོ་བྲང་གི་བཀོད་པ་ཡིན་ཞིང།  དེ་ལ་ཞིང་ཁམས་ཀྱང་ཟེར།  坛城,道场,轮圆具足。梵音译作曼荼罗,亦译曼拏。密乘本尊及其眷众聚集的场合。本智以为主尊,道果功德以为眷众,眷众环绕本尊游戏庄严,称为轮圆:ཡི་དམ་དཀྱིལ་འཁོར།  本尊坛场。དཀྱིལ་འཁོར་གྲུ་བཞི་པ། 方形曼荼罗。

5.བོན་གྱི་ཤེས་རིག་ཚིག་མཛོད་ལས།  ལྷ་གཙོ་བོ་དཀྱིལ་དུ་གནས་ཤིང་འཁོར་རྣམས་སྐོར་བའི་ཚུལ་དུ་གནས་པས་དཀྱིལ་འཁོར་ཏེ།  དེ་ལ་དབྱེ་ན་བཞི་སྟེ། ①བོན་ཉིད་དབྱིངས་ཀྱི་དཀྱིལ་འཁོར། གནས་ལུགས།   ②ཏིང་འཛིན་རིག་པའི་དཀྱིལ་འཁོར།  སེམས་ཀྱིས་བསྒོམས་པའི་ལྷ་འཁོར། ③རང་ལུས་ལྷ་ཡི་དཀྱིལ་འཁོར། ལུས་ལ་བསྐྱེད་པའི་ལྷ་འཁོར། ④མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར།  དྲུལ་ཚོན་ལག་གིས་བྲིས་པའི་དཀྱིལ་འཁོར་བཅས་སོ༎ 

6.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ⑴མཎྜལ་ཞེས་པའི་སྒྲ་ལས་དྲངས་ན། དབྱིབས་ཟླུམ་པོའམ་སྒོར་མོ། མུ་ཁྱུད་ཅན། ཆ་ཤས་རྫོགས་པ་བཅས་ཀྱི་མིང་། ⑵དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ཞེས་བྱ་བ་རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོའི་མངའ་བདག་གི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ང་པར་བཞུགས། ⑶ དཔུང་ཚོགས། ཚོགས་པ། འདུས་པ། སྡེ་བཅས་ཀྱི་མིང་། འདུལ་བ་ལུང་གཞི་ལས། ཤེས་ལྡན་དག་རྒོལ་བའི་དཀྱིལ་འཁོར་ཤོམས་ཤིག་ཅེས་པ་ལྟ་བུ། ⑷ཁམས་དང་། འཛིན་པའམ་གཞི་རྟེན་བྱེད་པ། དཔེར་ན་སའི་དཀྱིལ་འཁོར། ཆུའི་དཀྱིལ་འཁོར། མེའི་དཀྱིལ་འཁོར། རླུང་གི་དཀྱིལ་འཁོར་ཞེས་པ་ལྟ་བུ། ⑸ ཤེས་བྱ། གཞལ་བྱ། བློའི་ཡུལ་བཅས་ལ་འཇུག་པར་བཤད། དཔེར་ན་ཤེས་བྱའི་དཀྱིལ་འཁོར་ཞེས་པ་ལྟ་བུ། འཆི་མེད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་ལས་ཀྱང་། གང་གི་ཕྱིར་བཅོམ་ལྡན་འདས་དེའི་མཁྱེན་པ་དང་བརྩེ་བ་ཤེས་བྱའི་དཀྱིལ་འཁོར་མཐའ་དག་ལ་ཁྱབ་པས། ཞེས་གསུངས་པ་ལྟར་རོ། ། དཔེར་ན། ཉི་མའི་དཀྱིལ་འཁོར། ཟླ་བའི་དཀྱིལ་འཁོར། ཞལ་གྱི་དཀྱིལ་འཁོར་ཞེས་པ་ལྟ་བུ། ⑹ཆོས་ལུགས། སྔགས། ཡི་དམ་ལྷའི་གཞལ་ཡས་ཁང་རྟེན་དང་བརྟེན་པ་བཅས་པ། འདི་ལ་མཚོན་བྱེད་དཔེའི་དཀྱིལ་འཁོར་ཟེར། སྒྲ་དོན་ནི་སྙིང་པོ་ལེན་པ་སྟེ། ཀྱེ་རྡོ་རྗེའི་རྩ་རྒྱུད་ལས། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ལེན་པར་བྱེད་པས་དཀྱིལ་འཁོར་ཉིད། །འདུས་པ་དཀྱིལ་འཁོར་ཉིད་དུ་བརྗོད། །ཅེས་གསུངས། པ་ལྟར་དཀྱིལ་ནི་སྙིང་པོ། འཁོར་ནི་ལེན་ཅིང་འཛིན་པ་ཡིན་པས་དཀྱིལ་འཁོར་ཏེ། སྙིང་པོ་ནི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ། དེ་ལེན་པས་ན། སྙིང་པོ་ལེན་པའོ། །སྤྱིར་དཀྱིལ་འཁོར་ལ་དབྱེ་ན། ① རྡུལ་མཚོན་གྱི་དཀྱིལ་འཁོར། ② རས་བྲིས་ཀྱི་དཀྱིལ་འཁོར། ③ བསམ་གཏན་གྱི་དཀྱིལ་འཁོར། དེ་གསུམ་ལ་ཕྱིའི་དཀྱིལ་འཁོར་ཟེར། ཕྱི་དཀྱིལ་གསུམ་གྱི་ནང་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་མཆོག་ཏུ་བསྔགས་པར་གསུངས་སོ། ། ④ལུས་དཀྱིལ། ⑤ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར། ⑥དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར། ⑦བྷ་གའི་དཀྱིལ་འཁོར་དང་བདུན་ནོ། །ཕྱི་མ་གསུམ་ནི་རྫོགས་རིམ་གྱི་དབང་གསུམ་གང་དུ་ཐོབ་པའི་དཀྱིལ་འཁོར་ཡིན་པར། དབང་དོན་དེ་ཉིད་རབ་གསལ་ལས་གསུངས་སོ། ། ⑺ གསང་སྔགས་ནས་བཤད་པའི་ལྷ་གཙོ་འཁོར་ཡོད་པའམ། ཡང་ན་གཙོ་བོ་རྐྱང་པ་བཞུགས་པའི་གཞལ་ཡས་ཁང་རི་མོར་བྲིས་པའི་མིང་སྟེ། དེ་ཡང་རྒྱ་གར་གྱི་པཎྜི་ཏ་ཨ་བྷྱ་ཀ་རའི་བཞེད་སྲོལ་རྡོ་རྗེ་ཕྲེང་བ་ནས་བཤད་པའི་དཀྱིལ་འཁོར་བཞི་བཅུ་ཞེ་གཉིས། ཀྲི་ཡ་ནས་བཤད་པའི་དཀྱིལ་འཁོར་གསུམ། གྲུབ་ཆེན་མི་ཏྲ་ཛོ་ཀི་ནས་བརྒྱུད་པའི་མི་ཏྲའི་དཀྱིལ་འཁོར་བརྒྱ་དང་བརྒྱད། དཀྱིལ་ཆོག་ནོར་བུའི་ཕྲེང་བ་ནས་གསུངས་པའི་ཟུར་བཀའི་དཀྱིལ་འཁོར་མི་འདྲ་བ་དྲུག་ཅུ་རེ་དྲུག་སོགས་ཡོད། དེ་རྣམས་སོོ་སོའི་གྲངས་འདྲེན་ནི་རང་རང་གི་མིང་ཚིག་སོ་སོའི་ཐད་དུ་གཟིགས། ⑻ སྔགས། མ་ཧཱ་ཡོ་ག དཀྱིལ་འཁོར་ནི། རྒྱུད་ཀྱི་དངོས་པོའི་བྱེ་བྲག་ཅིག་སྟེ། འོད་གསལ་སྙིང་པོ་ལས། དེ་ཡང་མཎྜལ་ཞེས་པའི་སྒྲ་ལས་དྲངས་ན། མཎྜ་ནི་སྙིང་པོའམ་བཅུད་དང་། ལ་ནི་ལེན་ཅིང་འཛིན་པ་སྟེ། སྙིང་པོའི་ཡོན་ཏན་འཛིན་པའི་གཞིར་གྱུར་པའམ། རྣམ་པ་གཅིག་ཏུ་སྒྲ་འབྲེལ་མར་ཐད་ཀར་བསྒྱུར་ནས་ཀུན་ནས་ཟླུམ་ཞིང་ཡོངས་སུ་བསྐོར་བའི་དོན་དུ་འཇུག་པས་དཀྱིལ་འཁོར་ཞེས་བྱ་སྟེ། གང་གཙོ་བོ་ལ་འཁོར་གྱིས་བསྐོར་བའམ། ཆོས་ཀྱི་རྒྱལ་པོ་བཅོམ་ལྡན་འདས་འཁོར་ཕོ་བྲང་དང་བཅས་པ་ལ་འཇུག་པས་ན་སྐབས་འདིར་ཡོན་ཏན་མཆོག་གི་གཞི་འཛིན་པ་ཡོངས་སུ་དག་པའི་རྟེན་དང་བརྟེན་པའི་བདག་ཉིད་དུ་སྣང་བ་གང་ཡིན་པའོ། །ཞེས་གསུངས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:5  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-05

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

རིགས་འགྲེ་བརྡ་འགྲེལ།