གྲང་རླབས།

གྲང་རླབས་ནི་དགུན་དུས་སུ་འབྱུང་བའི་གནོད་འཚེ་རང་བཞིན་གྱི་གནམ་གཤིས་ཤིག་ཡིན། མི་རྣམས་ཀྱིས་གྲང་རླབས་ལ་གྲང་རྒྱུན་ཞེས་འབོད་པ་རེད། གྲང་རླབས་ཞེས་པ་ནི་འཕྲེད་ཐིག་ཏུའུ་གྲངས་མཐོ་བའི་ས་ཁུལ་དུ་ཡོང་བའི་གྲང་ངར་ལྡན་པའི་མཁའ་དབུགས་ཤིག་ཡིན། ངེས་གཏན་གྱི་གནམ་གཤིས་གནས་ཚུལ་འོག་ཏུ་མྱུར་དུ་ཤུགས་རྒྱག་པ་དང་འཕྲེད་ཐིག་ཏུའུ་གྲངས་འབྲིང་ཙམ་དང་དམའ་བའི་ས་ཁུལ་དུ་འཇབ་རྒོལ་བྱས་ནས་ལམ་རྒྱུད་ས་ཁུལ་གྱི་དྲོད་ཚད་འཇགས་པ་དང་། དྲག་རླུང་དང་ཆར། ཁ་བ་སོགས་འབབ་པར་སློང་བ་རེད། གྲང་ངར་ལྡན་པའི་མཁའ་དབུགས་འདིའི་རིགས་ཀྱིས་ལྷོ་ཕྱོགས་སུ་འཇབ་རྒོལ་བྱས་ནས་ཚད་ངེས་ཅན་ཞིག་ལ་སླེབས་ཚེ་ད་གཟོད་གྲང་རླབས་སམ་གྲང་རྒྱུན་ཟེར། རང་རྒྱལ་གྱི་གནམ་གཤིས་བརྟག་དཔྱད་ཁང་གིས་ཐག་གཅོད་བྱས་པ་ལྟར་ན། གྲང་ངར་ལྡན་པའི་མཁའ་དབུགས་ཀྱིས་འཇབ་རྒོལ་བྱས་ནས་དྲོད་ཚད་འཇགས་པར་སློང་བ་ཉིན་གཅིག་གི་རིང་ལ་ཏུའུ་བཅུའི་ཡན་ལ་སླེབས་པ་དང་། ཆེས་དམའ་བའི་དྲོད་ཚད་ཏུའུ་ལྔའི་མན་ཆད་ཡིན་ན་ད་གཟོད་གྲང་ངར་ལྡན་པའི་མཁའ་དབུགས་ཐོལ་གྱིས་བྱུང་བའི་བརྒྱུད་རིམ་དེ་ལ་གྲང་རླབས་ཐེངས་གཅིག་གི་བརྒྱུད་རིམ་ཟེར།
གྲང་རླབས་ནི་ཅུང་ཆེ་བའི་གནམ་གཤིས་ཀྱི་བརྒྱུད་རིམ་ཤིག་ཡིན། དེས་ཁྱབ་རྒྱ་ཆེ་བའི་ས་ཁུལ་གྱི་དྲོད་ཚད་འཇགས་པ་དང་། རླུང་ཆེན་དང་ཁ་ཆར་བུ་ཡུག་གི་གནམ་གཤིས་སློང་བ་རེད། གྲང་རླབས་ཀྱིས་སློང་བའི་དྲག་རླུང་དང་བད། གངས་གནོད་དང་འཁྱགས་ཤམ་སོགས་ཀྱི་གནོད་འཚེ་ཞིང་ལས་དང་འགྲིམ་འགྲིལ། གློག་ཤུགས། མཚོ་སྐྱོད། ད་དུང་མིའི་རིགས་ཀྱི་བདེ་ཐང་སོགས་ལ་གནོད་པ་ཆེན་པོ་ཡོད། གྲང་རླབས་དང་གྲང་ངར་ཆེ་བའི་མཁའ་དབུགས་ཀྱིས་ཁྱེར་ཡོང་བའི་རླུང་ཆེན་དང་དྲོད་ཚད་འཇགས་པའི་གནམ་གཤིས་ནི་ཀྲུང་གོའི་དགུན་སྨད་དུ་གནོད་འཚེ་རང་བཞིན་གྱི་ཆེས་གཙོ་བོའི་གནམ་གཤིས་འགྱུར་ལྡོག་ཅིག་ཡིན། གྲང་རླབས་རླུང་ཆེན་གྱིས་མཚོ་རྒྱུད་ས་ཁུལ་དུ་འཇིགས་སྣང་ཆེན་པོ་སྐུལ་བ་རེད།
དགུན་དང་དཔྱིད་ཀྱི་དུས་ཚིགས་སུ། གྲང་རླབས་དྲག་རླུང་གི་གནམ་གཤིས་ཀྱིས་ལོ་ཏོག་དང་མིའི་རིགས་ཀྱི་འཚོ་བའི་ཐོན་སྐྱེད་ལ་ཤུགས་རྐྱེན་དང་གནོད་འཚེ་ཆེན་པོ་ཐེབས་པ་རེད། དེ་བས་སྔ་མོ་ནས་སྔོན་འགོག་བྱེད་དགོས། དུས་ལྟར་སྔོན་འགོག་གི་བྱ་བ་ཐམས་ཅད་སྔ་མོ་ནས་བསྒྲུབ་དགོས། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་གཙིགས་སུ་འཛིན་པ། གྲང་རླབས་བྱུང་བའི་དུས་སུ་ལྭ་བ་བར་འཚིང་ཅན་སོགས་ཅུང་མཐུག་པོའི་ལྭ་བ་གྱོན་པ་དང་། ལྷག་པར་དུ་ལག་པ་དང་ངོ་བོ་ལ་བདག་སྐྱོང་ལེགས་པོ་བྱེད་པ། སྔ་མོ་ནས་ལོ་ཏོག་དང་སྲོག་ཆགས་དག་ལ་གྲང་རླབས་སྔོན་འགོག་བྱེད་པར་གྲྭ་སྒྲིག་བྱེད་དགོས་པ་ཡིན།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2016-02-29
གསར་སྤེལ་མཁན། :གངསསྨྱུག་སྲས།