རྡོ་རྐོས་ཀྱི་ལག་ཤེས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱིར་བོད་དུ་རྡོ་རྐོས་ཀྱི་ལག་རྩལ་དར་སྔ་ཞིང་། ལག་རྩལ་དེ་ལས་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་ལྡན་པའི་དངོས་པོ་མང་བོ་བྱུང་ཡོད་པ་ནི། སྟོད་མངའ་རིས་ཕྱོགས་ནས་མི་ལོ་ལྔ་སྟོང་ཡན་དུ་བརྐོས་པའི་བྲག་རྐོས་ཀྱི་རི་མོ་རྙེད་པ་དང་། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་ཕོ་བྲང་ཡུམ་བུ་བརླ་སྒང་བརྩིགས་པ་དང་། ལྷ་ཐོ་ཐོ་རི་གཉན་བཙན་སྐབས་མཆོད་རྟེན་བང་རིམ་གསུམ་པ་རྡོ་ལ་བརྐོས་ཚུལ་འཁོད་པ་དང་། སྲོང་བཙན་གྱི་དུས་སུ་ཐུ་མིའི་ཕྱག་བྲིས་རྡོ་ལ་བརྐོས་པའི་ཀ་ཆེན་གྱི་ཡི་གེ་དྲུག་མ་དང་། འབིས་རྣམ་པར་སྣང་མཛད་ཀྱི་སྐུ་གཟུགས་དང་རྡོ་ལ་བརྐོས་པའི་མཚན་བྱང་བཅས་ད་ལྟའང་མཇལ་དུ་ཡོད་པ་དང་། ཁྲི་སྲོང་ལྡེ་བཙན་སྐབས་བསམ་ཡས་བཀའ་གཙིགས་ཀྱི་རྡོ་རིང་དང་། ངོ་མཚར་རྡོའི་མཆོད་རྟེན་རྣམ་པ་ལྔ་ལ་སོགས་བཟོ་དངོས་ཁྱད་དུ་འཕགས་པ་དང་། གྲུབ་ཆེན་ཐང་སྟོང་པ་སོགས་ཀྱིས་རྡོའི་རིན་ཆེན་རིགས་ལ་བརྐོས་པའི་མཁའ་འགྲོ་སྡེ་ལྔ་དང་། གཡུའི་སྒྲོལ་མ་དང་། དུང་གི་ཐུགས་རྗེ་ཆེན་པོ། བྱུ་རུའི་ཚེ་དཔག་མེད། པདྨ་ར་གའི་འོད་དཔག་མེད་སོགས་བྱིན་རླབས་ཀྱི་ཚན་ཁ་འབར་བ་རྣམས་དང་། ཕྱིས་སུ་བརྐོས་པའི་རྒྱ་ནག་མ་ཎི། དཔལ་སྤྲུལ་མ་ཎི། མི་ཉག་གསེར་རྒྱ་སྒོའི་རྡོ་འབུམ་ཆེན་པོ་སོགས་སྲིད་ན་འགྲན་ཟླ་དང་བྲལ་བ་མང་བོ་བཞུགས་ལ། ཁྱད་པར་དུ་ཡིག་དྲུག་དང་རྒྱལ་བའི་བཀའ་འགྱུར་སོགས་རྡོ་ལ་བརྐོས་པའི་རྡོ་འབུམ་འདི་འདྲ་བ་ནི་མི་རིགས་གཞན་དུའང་མཐོང་དཀའ་བ་ཡོད་དོ། །
1 སྟ་གོན།

རྡོ་རྐོས་ལེགས་པ་ལ་ཐོག་མར་རྡོ་མགར་བྱེད་དང་། རྡར་བྱེད་དང་། གཞོག་བྱེད། རྐོ་བྱེད། འབིག་བྱེད་བཅས་རྐོས་བཟོ་དངོས་ལ་མཁོ་བ་དང་། དེའི་གཞོགས་འདེགས་ལ་མཁོ་བའི་ཐིག་སྐུད། ཚད་ཤིང་། ཚགས་པར་རིགས་སྣ་ཚོགས་སོགས་ཏེ། རྐོ་བྱེད་ལག་ཆས་ཀྱི་གཙོ་བོར་གཟོང་དང་ཐོ་བ་གཉིས། ཐོ་བ་ལ་དབུ་ཆེན་དང་སྐུ་འདྲ་ཆེན་པོ་རིགས་བརྐོ་བར་མཁོ་བའི་ཐོ་བ་ཕྱོགས་ཆ་ལྡན་དབྱིབས་རིལ་ཞིང་ཅུང་ཆེ་ལ་ཡུ་བ་རིང་ལ་སྦོམ་ཙམ་པ། སྐུ་དང་ཡི་གེ་ཆུང་འབྲིང་བརྐོ་བའི་ཐོ་བ་ཕྱོགས་གཅིག་རིལ་ཞིང་ཕྱོགས་གཅིག་རྣོ་བ་ཡུ་བ་རིང་ཐུང་འཚམས་ཤིང་འཛིན་བདེ་བའི་ཆེ་ཆུང་སྣ་ཚོགས། གཞན་ཡང་རྡོ་སྟ་ཞེས་རྡོའི་ཟུར་སོགས་ཆེ་གཅོད་དུ་མཁོ་བའི་དབྱིབས་དགྲ་སྟ་དང་ཕྱོགས་མཚུངས་དང་། ཐོ་བ་མཆུ་ལེབ་ཅེས་ཕྱོགས་གཅིག་ཐོ་བ་སྤྱི་དང་མཚུངས་པ་ལ་ཕྱོགས་གཅིག་ཕྲེད་ལེབ་སྨྱུ་གུའི་མཆུ་དང་མཚུངས་ལ་ཅུང་ཞིག་གུག་པ། ཐོ་བ་བྱ་མཆུ་མ་ཞེས་ཕྱོགས་གཅིག་རིལ་ཞིང་རྣོ་བ་དང་། ཐོ་དབྱིབས་གྲུ་བཞི་ཟུར་བརྒྱད་སོགས་སྣ་ཚོགས་པའོ། །

རྐོ་བྱེད་གཟོང་གི་རིགས་ལ། ཐོག་མར་ལྕགས་ཀྱི་རྒྱུ་གལ་ཆེ་སྟེ། ལྕགས་ཀྱི་རྒྱུ་མཁྲེགས་ཆེ་ན་ཆག་སླ་ཞིང་གཟོང་སོ་གྲུག་ཉེན་ཡོད། མཉེན་དྲགས་ན་གཟོང་ཡུ་འཁྱོག་ཉེན་དང་སོ་ཁ་འགྱུར་ཉེན་ཡོད། ངར་མེད་ན་སོ་རྡུགས་སླ་བ་ཡིན་པས། རྡོ་རྐོས་ཀྱི་གཟོང་གི་རྒྱུ་ནི་རྣོ་དབལ་ངར་གསུམ་ཅུང་ཟད་མཉེན་དང་ལྡན་ལ་ཁྱད་པར་རྡོའི་རིགས་ལ་མཆོག་ཏུ་རྣོ་བའི་གངས་ལྕགས་ཀྱི་རིགས་ལས་བཟོ་དགོས་པར་བཤད་དོ། །

གཟོང་མགར་བར་སྤྱིར་རིང་ཐུང་སོར་བདུན། ཆེ་བའི་རིགས་ལ་སོར་བརྒྱད་ནས་བཅུའི་བར། ལྷ་སྐུ་དང་དབུ་ཆེན་རིགས་ཀྱི་རྐོ་གཟོང་ཡུ་བ་རིང་ལ་ཅུང་ཟད་སྦོམ་པ། ཡིག་ཆུང་རྐོ་བྱེད་ཀྱི་གཟོང་ཡུ་ཕྲ་ལ་ཅུང་ཟད་ཐུང་བ་བྱས་ན། ལག་སྒྲིལ་ལམ་གཟོང་ཁ་བསྐོར་བདེ་བའི་གནད་ཡོད། ཅེས་རྡོ་རྐོ་རྒན་པོའི་ཉམས་མྱོང་ཡིན་ལ། གཟོང་སོའི་དབྱིབས་ནི། གཟོང་ཁ་ལེབ་ཅིང་། དྲང་བོར་བཅད་པ་སྤྱི་འགྲོས་ཀྱི་གཟོང་དང་། སེན་མོའི་དབྱིབས་ལྟ་བུ་སེན་གཟོང་། སོ་ཁ་གསེག་བཅད་བྱས་པའི་གསེག་གཟོང་། གཟོང་རྩེ་མཐེ་བོང་ལྟ་བུ་ཡུ་བའི་དཀྱིལ་སྦོམ་སོ་ཞིང་ས་ཁ་ཆེ་བའི་བཞར་གཟོང་དང་། སོ་ཁ་དྲང་བཅད་ལེབ་མོ་གཟོང་སོའི་ཕྱོགས་ཀྱི་བཞི་ཆ་ཙམ་ནས་རྒྱ་བསྐྱེད་ནས་སོ་ཁ་རྒྱ་ཆེ་བའི་གཞོག་གཟོང་སྟེ། གཟོང་འདི་གཉིས་ལ་ཤིང་ཡུ་སྤྲད་པའང་ཡོད། གཞན་ཡང་གཟོང་ཟུར་བརྒྱད་ཞ་སྨྱུག་གཞོག་པ་ལྟ་བུའི་འབིག་གཟོང་དང་། གཟོང་སོ་ཕྲ་ཞིང་ལེབ་མོ་འཁྱིག་ཡིག་བྲི་སྨྱུག་དང་ཆ་འདྲ་བའི་གཟོང་ཁ་ཆུང་དང་། གཟོང་སོའི་ཕྱོགས་གཉིས་འབུར་ཞིང་དབུས་སྟོང་བ། རྡོ་ལ་རི་མོ་བརྐོ་དུས་གཤོང་འབུར་གསུམ་རེ་དོད་ཐུབ་པའི་གསེར་གཟོང་སོགས་མདོར་ན་རྡོའི་ངོས་འཇམ་བརྡར་དང་རི་མོ་གཤོང་འབུར་སོགས་གང་ལ་གང་འཚམས་ཀྱི་གཟོང་སྣ་ཚོགས་ཡོད་དོ། །

རྡོ་རྐོས་ཀྱི་ལག་ཆས་གཞན། ཐིག་སྐུད། ཚད་ཤིང་། མཐོང་སྐོར། སྐུ་གཟུགས་དང་དབུ་ཆེན་རིགས་ཀྱི་ཚགས་པར་སྤུས་ལེགས་ཆེ་ཆུང་སྣ་ཚོགས་དང་བརྡར་རྡོ་བཅས་ནི་མེད་དུ་མི་རུང་བ་ཞིག་ཡིན།

2 རྡོའི་དབྱེ་བ།

བོད་ཡུལ་གྱི་བརྐོ་གཞིའི་རྡོའི་རིགས་ལ། རྡོ་ཀ་མ་རུ་དཀར་པོ། ཆུ་རྡོ་དང་དུར་ཁྲོད་ཀྱི་རྡོ་ཞེས་གྲགས་པའི་རྡོ་ནག  སྤང་རྡོ་ཕྱི་སོབ་ཅིང་རྡོ་སྙིང་སྲ་བའི་སེར་པོ། གཡའ་རྡོ་སྔོན་པོ་རིམ་པ་གོག་སླ་བ་དེ་མ་ཡིན་པ། བྲག་ལ་རིམ་བཞིན་བཀོག་ཆོག་ཏུ་ཡོད་པའི་རྡོ་སོབ་སྐྱ་བོ་བཅས་གཙོ་བོ་ལ། དེ་མིན་ཆུ་རྡོ་དང་རྫ་རྡོ། འདྲེ་རྡོ་སོགས་རྡོ་སྲ་མཁྲེགས་ཅན་གྱི་རིགས་བརྐོས་པ་ཉུང་ཙམ་དང་། པདྨ་ར་ག་དང་གཡང་ཊི། གཡུ་སོགས་རིན་ཆེན་རིགས་ཀྱི་རྡོ་ལ་བརྐོ་བའང་ཡོད་དོ། །

རྡོ་སྲ་མཁྲེགས་ཅན་དང་གྲུག་སླ་བའི་རྡོ་རིགས་ལ་ཡི་གེ་དང་རི་མོ་བརྐོ་ན། རྡོ་དེ་ས་རླན་ཅན་གྱི་དོང་དུ་རླན་ཕབ་ནས་བཞག་པའམ། སྟབས་མ་བདེ་ན་རྩ་དང་ཤིང་ལོ་རླན་དང་བཅས་པས་ཡུན་དུ་བཀབ་ནས་རྡོ་སྙིང་དང་བཅས་བངས་པ་བྱས་ཏེ་བརྐོ་བ་ནི་རྡོ་མཉེན་འབོལ་སྣ་རིང་འབྱུང་བའི་མན་ངག་གོ ། །

3 རྡོ་རྐོས་ཀྱི་དབྱེ་བ།

བོད་ཀྱི་རྡོ་རྐོས་ལ་འབུར་མ་དང་། གཤོང་མ། འོབས་འབུར་མ། གཙག་མ། ལེབ་མ། འབྲུ་མ་དྲུག་འདུ་བར་བཤད་ལ།

དང་པོ། འབུར་མ་བརྐོ་བ་ནི། འབུར་མ་ལ་ཡོངས་འབུར་དང་ཕྱེད་འབུར་གཉིས་ཏེ། ཡོངས་འབུར་ནི་བླུགས་སྐུ་ལྟ་བུ་མདུན་རྒྱབ་ཐམས་ཅད་འབུར་དུ་ཐོན་པར་བྱེད་པ་དང་། ཕྱེད་འབུར་ནི་མདུན་འབུར་བ་ལས་རྒྱབ་ལེབ་མོ་བྱེད་པ་དེ་ཡིན། ཡོངས་འབུར་ནི་སྐུ་གཟུགས་དང་མཆོད་རྟེན་ཙམ་ཡིན་ལ་བོད་ཀྱི་ལག་ཤེས་ལས་བཞེངས་པའི་རྡོའི་ཡོངས་འབུར་གྱི་བརྐོས་མ་འབོར་ཆེན་མེད་མོད། ཕྱེད་འབུར་གྱི་གཙོ་བོར་མ་ཎི་དབུ་ཆེན་དང་ཡི་གེ་བརྒྱ་བ། བཀའ་འགྱུར་གྱི་དབུ་ལྡེབ་སོགས་ཡིན་ལ། བརྐོ་ཐབས་ལ་ཐོག་མར་རྡོ་རྐོས་སྤྱི་དང་འདྲ་བར་བརྐོ་གཞི་རྡོའི་དབྱིབས་དང་ངོས་ལེགས་པར་བཅོས་པའི་སྟེང་ཐིག་དང་རི་མོ་ལེགས་པར་བཀོད། དེ་ནས་སྐུ་གཟུགས་དང་ཡི་གེ་གང་ཡིན་པ་དེའི་སྟོང་ཆ་ཟབ་ཏུ་བརྐོ། སྟོང་ཆ་ཇི་ཙམ་ཟབ་ཏུ་བརྐོ་ཐུབ་ན་འབུར་ཆ་དེ་ཙམ་དུ་འབུར་དུ་ཐོན་པ་ཡིན་པས་ཟབ་ཏུ་བརྐོ་བ་གཅེས་ལ། ཡི་གེ་འབུར་མ་ཡིན་ན་འབུར་ཆའི་ངོས་སྙོམ་ལ་འཇམ་པོ་བྱ་ཐུབ་པས་ཆོག་མོད། སྐུ་གཟུགས་རིགས་ནི་སླར་ཡང་སྐུ་དང་རྒྱན་གོས་གཙོས་པའི་བཀོད་པ་ཐམས་ཅད་ཕྱེད་འབུར་གྱི་འགྲོས་དང་མཐུན་པར་བརྐོས་པའི་ཐོག་གཞོག་བརྡར་ལེགས་པར་ཐུབ་དགོས།

འབུར་མ་བརྐོ་བར་གཟབ་བྱ་ནི། སྐུ་གཟུགས་རིགས་བརྐོ་བར་རི་མོའི་མདུན་རྒྱབ་དང་། སྟེང་འོག  གོས་ཀྱི་ཕྱི་ནང་སོགས་མི་འཁྲུག་པར་གཟབ་གལ་ཆེ་བ་དང་གཅིག འབུར་མ་བརྐོ་གཞིའི་རྡོ་དེ་སྤྱིར་བཏང་གི་རྡོ་ལ་བྱ་མི་འོས་པས་ངེས་པར་དུ་རྡོའི་སྤུས་ལེགས་ཤིང་འབོལ་བ། སྲ་སྙི་རན་པ། རིམ་པ་མང་བའི་གཡའ་རྡོའི་རིགས་མིན་པས་གོག་སྐྱོན་མི་འབྱུང་ཞིང་། རྡོ་སྣ་ཐུང་བས་གྲུག་སྐྱོན་སོགས་མེད་པའི་བརྐོ་གཞི་སྤུས་ལེགས་གདམ་གལ་ཆེ་བ་དང་གཉིས། འབུར་མ་རིགས་གཏིང་ཟབ་དང་ཡུན་རིང་བརྐོ་དགོས་པས་ཆག་གོག་གྲུག་གསུམ་གྱི་སྐྱོན་འབྱུང་ཉེན་ཆེ་བས་ཐོག་མཐའ་བར་གསུམ་དུ་བརྐོ་གཞི་རླན་དང་མི་འབྲལ་བ་གལ་ཆེ་བ་དང་གསུམ། རྡོ་རྐོས་ལ་ཐང་ག་ལྟ་བུའི་རི་མོ་ཞིབ་ཚགས་མི་ཡོང་ཞིང་། རི་མོ་ཉོག་དྲགས་ན་རྐོས་པ་ལའང་དཀའ་ཚེགས་ཆེ་བ་མ་ཚད་སྤུས་ལེགས་ཐོན་དཀའ་བས་རི་མོ་ཉུང་ལ་ཉམས་དང་ལྡན་པ་གལ་ཆེ་བ་དང་བཞི། རྡོ་རྐོ་མཁན་དེ་རི་མོ་དང་ཡིག་གཟུགས་ཀུན་ལ་མཆོག་ཏུ་མཁས་པ་ཞིག་ཡིན་ན་དེས་ཆོག་མོད། དེ་ལྟར་ཤིན་ཏུ་དཀོན་པས་དུས་རྒྱུན་པར་མ་ཎི་དབུ་ཆེན་བྲིས་ལེགས། སྐུ་གཟུགས་ཐིག་རྩ་ཚད་ལྡན་ཉམས་ཅན་ཉར་ཚགས་དཔེ་བཤུས་ཀྱིས་ཚགས་པར་བྱེད་ན་འབུར་རྐོས་མགྱོགས་ཤིང་ལེགས་པ་གཉིས་ཀར་མཁོ་གལ་ཆེ་བ་དང་ལྔ་ནི་ཉམས་མྱོང་གི་གཏམ་མོ། །

གཉིས་པ། གཤོང་མ་བརྐོ་བ་ནི། དེའང་བརྐོ་བྱ་ཡིག་དྲུག་དབུ་ཆེན་དང་། རྡོ་རིང་། གཟུངས་སྔགས་ཉུང་བསྡུས་སོགས་སྤུས་ཟབ་ཏུ་བརྐོ་བ་སྟེ། བརྐོ་གཞི་ལེགས་བཅོས། ངོས་བརྡར་དང་ཐིག་རིང་ཐམས་ཅད་གོང་གི་འབུར་མའི་རྐོ་ཐབས་ལས་བཤད་ཟིན་པ་དང་ཕྱོགས་མཚུངས་ལ། གཤོང་འབུར་བརྐོ་བའི་ཁྱད་པར་གཙོ་བོར། འབུར་མ་ནི་ཡིག་འབྲུ་དངོས་འབུར་དུ་ཐོན་པ་དང་། གཤོང་མ་ནི་དེ་ལས་ལྡོག་སྟེ་སྟོང་ཆ་འབུར་ཞིང་ཡིག་འབྲུ་དངོས་ཟབས་སུ་ཕབ་པ་དེ་ཡིན། དེ་ལའང་བརྐོ་སྟངས་གཉིས་ཡོད་དེ། ཡི་གེ་སྨྱུག་རིས་ཀྱི་ཕྱོགས་གཉིས་ནས་ནང་ཕྱོགས་ནས་ཟབས་སུ་བརྐོས་ཐོག་ནང་འཇམ་པོར་བརྡར་ནས་ནང་ངོས་འོབས་ལ་སྙོམ་པ་ཡི་གེ་དངོས་ཟབས་སུ་བརྐོས་པའི་དབྱིབས་ལེབ་མོར་གྱུར་བ་དང་།

སྨྱུག་རིས་ཀྱི་ཕྱོགས་གཉིས་ནས་ནང་ཕྱོགས་སུ་ཇེ་ཟབ་ཇེ་ཟབ་ཏུ་བརྐོས་པས་དབུས་ཟབ་ཅིང་སྨྱུག་རིས་ཀྱི་མཐའ་གཉིས་རིམ་བཞིན་གཡེལ་བར་གྱུར་བ་གཉིས་ཏེ། སྔ་མ་དེ་ཡིག་འབྲུ་ཆེ་ཞིང་ཉུང་བའི་རིགས་འཚམས་ཤིང་། ཕྱི་མ་དེ་ཡིག་འབྲུ་འབྲིང་བོ་སྤུས་ལེགས་རྡོ་རིང་གི་ཡི་གེ་ལྟ་བུ་ལ་འཚམས་ཤིང་ཡུན་དུ་གནས་པའི་ཁྱད་ཆོས་ཡོད་དོ། །

གསུམ་པ། འོབས་འབུར་ཁ་སྤྲོད་བརྐོ་བ་ནི། བརྐོ་གཞི་རྡོ་སོགས་བཅོས་བརྡར་གོང་ལྟར་ལ། བརྐོ་བྱ་ཡིག་དྲུག་སོགས་དབུ་ཆེན་དང་ཡིག་འབྲུ་ཉུང་ལ་ཆེ་བའི་རིགས་ལས་གཞན་ལ་བྱ་དཀའ་སྟེ། བརྐོ་ཐབས་སྨྱུག་རིས་ཀྱི་ཡས་མཐའ་མས་མཐའ་གཉིས་ནས་དཀར་བཅད་སུམ་མདངས་ཀྱི་བཅད་རིས་དང་མཚུངས་པའི་རི་མོ་སྦོམ་ལ་སྙོམ་པ་ཞིག་བརྐོས་ཐོག་དཀྱིལ་འབུར་དུ་ཐོན་པ་བྱེད་པ་དང་། ཡང་ན། གོང་སྨོས་འབུར་བརྐོའི་ཐབས་ལྟར་ཐོག་མར་སྟོང་ཆ་ཟབ་ཙམ་བརྐོ། དེ་ནས་ཡིག་འབྲུ་སྨྱུག་རིས་ནས་ཕྱོགས་ནས་ཕྱོགས་གཉིས་སུ་བཅད་རིས་སྦོམ་པོ་ལྟ་བུ་ཞིག་བཞག་ཐོག་དེའི་ནང་ཕྱོགས་ཟབ་ཏུ་བརྐོ་བ་བཅས་རིགས་གཉིས་ཡོད་ལ། གང་ལྟར་ཡང་ཡིག་འབྲུ་རེ་ལ་གཤོང་འབུར་གསུམ་རེ་འགྲོ་དགོས་པས། དཀའ་ཚེགས་ཧ་ཅང་ཆེ་ལ་དེ་བཞིན་སྒྱུ་རྩལ་གྱི་རིན་ཐང་ཡང་ཡོད་དོ། །

སྔོན་གྱི་རྡོ་རྐོས་མཁས་པས་འོབས་འབུར་ཁ་སྤྲོད་ཀྱི་དབུ་ཆེན་ཡི་གེ་དྲུག་མ་དང་། བཀའ་འགྱུར་གྱི་དབུ་ལྡེབ་རྒྱ་གར་སྐད་དུ་སོགས་ལ་སྟེང་དུ་དྲ་བ་དྲ་ཕྱེད་དང་། མཚམས་སུ་བཀྲ་ཤིས་པའི་རི་མོ། མ་དང་ཎ་ཨ་སོགས་མིག་དང་ཁུག་ལ་མེ་ཏོག་བརྐོས་པའི་སྒྱུ་རྩལ་གྱི་ཕུད་དང་བསོད་ནམས་ཀྱི་དཔལ་གྱིས་ཕྱུག་པའི་རྐོས་རྡོ་སྤུས་ལེགས་ཀྱང་མཇལ་དུ་ཡོད་དོ། །

བཞི་བ། བཙགས་མའམ་གཙག་མ་བརྐོ་བ་ནི། བརྐོ་གཞི་རྡོ་ལེབ་དང་རྡོ་རིལ་གང་རུང་གི་ངོས་ལེགས་པར་བརྡར་བའི་སྟེང་བཙགས་སྨུག་ལེབ་བྱུག་བྱས་པའི་སྟེང་ནས་ཡི་གེ་དང་རི་མོ་གང་རུང་བརྐོས་པས་བརྐོ་གཞི་དམར་སྨུག་ལ་ཡི་གེ་དང་རི་མོ་དཀར་པོ་འབྱུང་བས་མཛེས་ཁྱད་ཡོད་པ་དང་། བཙགས་སྨུག་དེ་ས་རྡོའི་རིགས་ཏེ་མདོག་མི་འགྱུར་ཡུན་དུ་གནས་པའི་ཁྱད་ཆོས་ཅན་ཏེ། གཙག་མ་ནི་དབུ་ཆེན་རིགས་ལ་བྱ་སྟེ། ཡིག་འབྲུ་གཙགས་སྨུག་རང་མདངས་ཅན་ལ་མཐའ་ནས་འབུར་མ་བརྐོ་ཐབས་ཀྱིས་འབུར་དུ་བརྐོས་ཐོག་ཡི་གེའི་མིག་དང་ཁུག་བར་སྟོང་། མཐའ་ཐམས་ཅད་ཐོ་གཟོང་གིས་བཙག་པས་སྦལ་རྒྱབ་མ་བྱས་པས་གྲུབ་ལ། བརྐོ་གཞིའི་རྡོ་ལ་བཙགས་སྨུག་བྱུག་པས་རྒྱུའི་སྒོ་ནས་བཙགས་མ་དང་། བར་སྟོང་ཐོ་གཟོང་གིས་གཙག་པས་གཙག་ཞེས་འདོད་དེ། གང་ལྟར་ཡང་རྡོ་རྐོས་ཀྱི་ལག་ལེན་འདི་བྱ་སླ་ཞིང་བཀྲག་མདངས་ཁྱད་ཆོས་ཡོད་པས་རྐོ་མཁན་མང་བ་དང་། གཞི་བཙགས་སྨུག་ལ་ཡིག་དྲུག་གི་ཡིག་འབྲུ་གཞུང་བསྟུན་ཚོན་ཁྲ་བྱས་པའང་ཡོད་དོ། །

ལྔ་བ། ཚེག་མ་བརྐོ་བ་ནི། བོད་གངས་ཅན་དུ་མ་ཎི་རྡོ་དུང་དུ་གྲགས་པ་དང་། བཀའ་འགྱུར་རྡོ་བརྐོས་མ་སོགས་ཀྱི་རྡོ་འབུམ་རྒྱ་ཆེ་བ་གང་བཞུགས་པ་ཐམས་ཅད་རྐོས་བཟོ་འདི་ལས་བྱུང་བ་ཡིན་ལ། སྤྱིར་བརྐོ་བྱ་ཆེ་ཕྱིར་དབུ་ཆེན་དང་སྐུ་གཟུགས་རིགས་བརྐོ་བའི་གཞི་དང་འདྲ་བར་རྡོའི་དབྱིབས་བཅོས་དང་ངོས་བརྡར་མི་གཏུབ་ལ། རྡོའི་རང་བཞིན་རང་སོར་བཞག་ཐོག་ཡིག་འབྲུ་ཆེ་ཆུང་གང་འདོད་ལྟར་གཟོང་ཁ་ཆེ་ཆུང་གིས་བྱ་ལ། གཟོང་ཁ་སྐོར་སྟངས་མཁས་ཤིང་བྱང་བ་ནི་ཚེག་མ་བརྐོ་ལེགས་པའི་གནད་ཀྱི་དམ་པ་སྟེ། དེའི་གོ་རིམ་ནི། ཐོག་མར་མགོ་ཚག་ལེན། དེ་རྗེས་དཔུང་བ་སྐོར། དེ་ནས་བར་ཆོད་སྐོར། དེ་ནས་སྦོ་མཉེན་དང་རྐང་བ་བརྐོ། ཐ་མར་འདོགས་དང་དབྱངས་སོགས་ཡི་གེ་བཀླག་ཐབས་ཀྱི་རིམ་པ་བཞིན་བརྐོ་དགོས།

ཚེག་མ་བརྐོ་བའི་ཁྱད་ཆོས་ལ། ཐོག་མར་མགོ་ཚག་རྐོ་བར་མགོ་ཚག་ཉིས་ལེན་དགོས་པ་ནི། ཡིག་མགོ་རྐོ་བར་གཡོན་ནས་གཡས་དང་གཡས་ནས་གཡོན་དུ་གཟོང་ཁ་ཐེངས་གཉིས་ཕན་ཚུན་བསྣོལ་ནས་བརྐོ་དགོས་ལ། དེ་ལ་ཡིག་འབྲུ་གཏིང་ཟབ་པ་དང་ཡིག་གཟུགས་ལེགས་པའི་དགོས་པ་ཡོད་དོ། །

རྡོ་རྐོ་རྒན་པོ་རྣམས་ཀྱི་ངག་རྒྱུན་མན་ངག་མི་ཉག་མཁྱེན་རབ་འོད་གསལ་གྱིས་ཕྱོགས་གཅིག་ཏུ་བསྡེབས་པ་ནི། ཨ་མིག་མ་མིག་ན་མིག་གསུམ། ། མཚོ་སྔོན་མོའི་ནང་གི་ཉ་མོ་དགོས། ། ས་རྐེ་ད་རྐེ་ཧཱུྃ་རྐེ་གསུམ། ། བྲག་ནང་གླ་བའི་རྐེ་འདྲ་དགོས། ། གུག་གུ་བྱ་རོག་ཤ་བཏོག་དགོས། ། ཞབས་ཀྱུ་ཉ་མོ་ལྕགས་ཀྱུ་དགོས། ། འགྲེང་བུ་སྤང་ལ་མདའ་ཟུག་དགོས། ། ན་རོ་ཐང་དཀར་གཤོག་བརྒྱང་དགོས། ། ཞེས་གསུངས་པ་བཞིན་ལ། རྡོ་རྐོས་ཀྱི་རིགས་ལ་ཚེག་མ་ཞེས་པ་ནི་ཡི་གེའི་ཚེག་ཁྱིམ་གྱི་སྒོ་ནས་བཏགས་པའམ། ཡང་ན་རྡོ་རྐོ་སྟངས་ཤིན་ཏུ་མགྱོགས་པས་ཚེག་ཚེག་གི་སྒྲའི་སྒོ་ནས་བཏགས་པར་ཡང་བཤད་དོ། །

ཚེག་མ་བརྐོ་བར་གཟབ་གལ་ཆེ་བ་ནི། ཚེག་མ་བརྐོ་བྱ་ཕལ་ཆེ་བ་བཀའ་འགྱུར་དང་མ་ཎི་དུང་སོགས་འབོར་ཆེ་བ་རྣམས་ཡིན་ཕྱིར། གོང་གི་རྡོའི་རྒྱུ་འདེམས་ཐབས་དང་བཅོས་ཐབས་ལས་བཤད་པ་བཞིན་འབྱུང་དཀའ་ཡང་། ཆག་གས་གྲུག་གསུམ་གྱི་སྐྱོན་ཆེར་མེད་ཀྱང་ངོས་ལེགས་པ་ལ་ཡི་གེ་དག་སྙོམས་འགྲིག་གསུམ་ཟབ་ཚད་དང་ལྡན་པ་ཞིག་བརྐོ་བ་གལ་ཆེ་སྟེ། ཟ་འདོད་དང་མགྱོགས་འདོད་ཀྱིས་བརྐོ་སྟངས་ཤིན་ཏུ་ཞན་པ་ལ་ནི། ཐེའུ་རང་གིས་སྦར་འདེབས་བྱས་པ་འདྲ་ཞེས་པའི་མིང་ངན་དེ་མི་འབྱུང་བ་དང་། བརྐོས་ཟིན་པར་རབ་ན་སྨར་ཞུ་དང་། ཡང་ཞུ་དང་ཞུ་རྒྱན་ཏེ་ཞུ་དག་ཐེངས་གསུམ། མ་མཐའ་ཡང་སྨར་ཞུ་ཞེས་ཡི་གེ་ཀློག་བཟང་ལ་སྒྲ་དག་པ་ཞིག་གིས་རྡོ་རྐོས་ཀྱི་ཡི་གེ་བཀླགས་ཤིང་། གཞན་གཅིག་གིས་མ་དཔེའི་དཔེ་ཆར་བལྟས་ནས་ཞུ་དག་ཞིབ་ཚགས་པ་ཞིག་འགྲོ་དགོས། སྤྱིར་རྒྱལ་བའི་བཀའ་དང་གཟུངས་སྔགས་རིགས་རྡོ་ལ་བརྐོ་བ་ནི་བོད་ཀྱི་ལག་ཤེས་ཀྱི་གྲུབ་ཆ་སྒྱུ་རྩལ་གྱི་རིན་ཆེ་བ་དང་། དེའི་ཕན་ཡོན་བརྗོད་ལས་འདས་ཀྱང་། རྐོས་ངན་ལྷག་ཆད་ཅན་ལ་ནི་ཉེས་པ་ཆེན་པོ་འབྱུང་བས་རྐོས་པ་རྣམས་ཀྱིས་རང་གཞན་གཉིས་ཀར་ཕན་བྱ་བར་འབད་པ་གལ་ཆེ་ཚུལ་མཁས་པ་དུ་མས་གསུངས་སོ། །

དམངས་ཁྲོད་ཀྱི་ངག་རྒྱུན་དུ། འབྲུ་ཆེན་བརྐོས་པའི་ཕན་ཡོན་ནི། གཤིན་རྗེ་ཆོས་ཀྱི་རྒྱལ་བོས་དགེ་སྡིག་རྒྱ་མར་འགྱོག་སྐབས་འབྲུ་ཆེན་བརྐོ་གཞིའི་རྡོ་དེ་ཅི་ཙམ་ལྗིད་པ་དེ་ཙམ་གྱིས་རྒྱ་ཁ་ལོངས་པ་དང་དགེ་བའི་བསོད་ནམས་ཀྱང་དེ་ཙམ་ཆེ་ཞེས་བཤད་སྲོལ་ཡོད་དོ། །

རྡོ་རྐོས་ཀྱི་ཤེས་བྱ་འདི་ནི་རྡོ་དྲིལ་གྱིས་བྲིས་པའི་བོད་ཀྱི་རྡོ་རྐོས་རྣམ་བཞག་མཐོང་བ་ཀུན་བཏུས་ཞེས་པ་གཞིར་བཞག  ལག་ལེན་དངོས་ལ་མཁོ་བའི་ཤེས་བྱ་གཙོ་བོར་དམིགས། རང་གི་ལག་ལེན་གྱི་ཉམས་མྱོང་ཕྲན་བུས་ཁ་བསབས་ཏེ་གོ་བདེ་བར་བཀོད་པ་ལེགས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-01

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།