འདམ་སྐུ་བཞེངས་པའི་ལག་ཤེས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འབུར་བཟོ་ལེགས་ཉེས་བརྟག་ཐབས་སུ་བཟོ་བའི་ངག་རྒྱུན་དུ། བྲིས་ལ་རྒྱབ་དང་། འབུར་ལ་ལོགས་ཟེར་བ་ཡོད་པས། འབུར་སྐུ་ལ་གཡས་གཡོན་གྱི་ལོགས་ནས་བལྟས་ན་ཤངས་དང་ཨོལ་ཀོ་སོགས་ཀྱི་འབུར་ཚད་ཚད་ལྡན་བྱུང་ཡོད་མེད་ཀྱི་སྐྱོན་མང་བོ་མཐོང་ཐུབ། ཅེས་འབུར་བཟོ་མཁས་པའི་ངག་ལས་ཐོས་སོ། །
1 བཞེངས་ཚུལ།

འདམ་བསེའམ་སྨན་འདམ་གྱི་སྐུ་བརྙན་བཞེངས་པ་ལ། སྐུ་ཆུང་འབྲིང་དང་། ལྷ་ཆེན་བཞེངས་པའི་ཐབས་གཉིས། ཆུང་འབྲིང་ལའང་རུ་ཤིང་ཅན་དང་རྫ་བཟོ་གཉིས་ཡོད་པ་ལས། ཐོག་མར་རུ་ཤིང་ཅན་གྱི་འདམ་སྐུ་འབྲིང་བོ་ཞིག་བཞེངས་ན། ཆེ་ཆུང་ཅི་ཙམ་འདོད་པའི་ཚད་ཀྱི་སྤེན་མ་དང་སོག་མ་སོགས་རྩྭ་ཐག་གིས་བསྡམས་པའི་རུ་ཤིང་བཅིངས། དབུ་དང་སྐུ་ལུས་ཀྱི་ནང་དུ་སླད་ནས་ནང་གཞུག་འབུལ་བདེ་བའི་ཆེད་དུ་རུ་ཤིང་ཕྱིར་ལེན་སླ་བའི་ཐབས་སུ། ཐག་པའི་ནང་སྣེ་ཕྱིར་མངོན་པར་བྱས་པའི་སྟེང་དུ་འཇིམ་པས་གཡོག་པ་ལ། འཇིམ་པའི་རྒྱུ་ནི་ས་དམར་དང་། ཡང་ན་ལྷའི་ས་ཞེས་བརྗོད་པའི་རྒྱུ་སྣ་རིང་ཞིང་འབྱར་རྩི་ཅན། འཁུམ་ཆུང་ཞིང་གས་དཀའ་བའི་ས་དེ་འདུལ་འཚག་ལེགས་པར་བགྱིས་ཤིང་འདམ་དུ་བརྫིས་པ་ལ་ཤོག་འདམ་དང་སོ་མ་རཱ་ཛཱའི་གཏུབ་ཕྱེ་སོགས་འཛིན་བྱེད་རྫས་ཀྱི་རིགས་དང་། གནས་ཆེན་རྣམས་ཀྱི་ས་སྣ་ཆུ་སྣ་བཤལ་སྨན་མ་ཡིན་པའི་སྨན་ཆེན་དང་རིན་པོ་ཆེའི་རིགས་ཀྱི་བྱེ་མ། ལྷ་དེའི་མཚན་སྔགས་འབུམ་ཐེར་དང་དུང་ཕྱུར་ལ་སོགས་པས་བསྔགས་པའི་ས་སྔགས་སོགས་བསྲེས་ནས་བརྫི་རྡུང་ཡང་ཡང་བྱས་མཐར། ལྡེ་པན་སོགས་ཤིང་གི་ལག་ཆས་ཀྱིས་སྔར་གྱི་རུ་ཤིང་བཅིངས་པའི་སྟེང་དུ་གཡོགས་ནས་ཆེ་ཚུགས་སུ་བཀོད་དེ་ཐིག་ཆེན་དག་དང་ལྡན་པར་བྱ། འདམ་སྐམ་ནས་འཁུམ་པ་ཡིན་པས་དེའི་ཚད་ཀྱི་སྦོམ་ཚོད་ཟིན་པར་བྱ། དེ་ནས་ཤ་ཚུགས་དང་གོས་ཁུག་རྣམས་རིམ་བཞིན་ནང་གི་རུས་ཚུགས་ཀྱི་ཆགས་ཚུལ་དང་། སྟངས་སྟབས་ཀྱི་འགྱུར་ཚུལ་དང་མི་འགལ་བར་གཤོང་འབུར་བྱེད་པ་ལ་དེ་འཆུགས་མིན་དང་། མཛེས་ཆ་སོགས་ཉེ་བ་ནས་བལྟས་ན་ལྷ་ཆེ་འབྲིང་རིགས་ལ་ཤེས་དཀའ་བས། ཞིབ་ཚགས་དང་འཐམ་བརྡར་མ་བྱས་གོང་རྒྱང་ལྟ་ཡང་ཡང་བྱས་ཏེ་ལེགས་སུ་བཅོས་པ་ནི་མན་ངག་གོ ། ། མཐར་ཅི་ཙམ་འཇམ་བརྡར་ཐུབ་ན་དེ་ཙམ་ལེགས་མོད་ཀྱང་། ལྡེ་པན་དང་འདུལ་བུ་སོགས་ཀྱིས་བརྡར་བ་ལས་ལག་པས་རེག་གྲངས་མང་ན་འདམ་ཚིག་པ་ཡིན་པས་གཟབ་དགོས། དེ་ནས་སྐམ་ཐག་མ་ཆོད་ཙམ་དུ་ནང་གི་རྩྭ་ཐག་བཀྲོལ་ཏེ་སོག་མ་སོགས་ལྷ་སྐུ་ལ་གནོད་པ་མི་ཤོར་བར་ཕྱིར་བླངས་ནས། ནང་གི་སྲུབ་དང་བུ་ག་ཞལ་བ་བྱ། ལྷ་ཆེན་གྲས་ལ་སྐུ་རྒྱབ་ཏུ་ལས་སྒོ་བཞག་ན་ཆོག  དེ་ནས་ཚོན་དང་གསེར་ལ་སོགས་པ་བྱུག  རྒྱན་དང་ཕྲ་ཚོམས་ན་བཟའ་ཐམས་ཅད་ཀྱིས་མཛེས་པར་སྤྲས་ཤིང་། ནང་གཞུག་རབ་གནས་ཚད་དང་ལྡན་པར་བྱས་ནས་གྲུབ་བོ། །

རྫ་བཟོ་ཞེས་པའི་འདམ་སྐུ་ནི། རྒྱུ་དང་དམ་གྱི་ལག་ལེན་གོང་དང་མཚུངས་པར། སྐུ་དངོས་བཞེངས་པར་པད་གདན་ནས་རིམ་པར་འོག་ནས་གོང་དུ་བཟོ་ཞིང་། གཤོང་ཆེ་བའི་སར་རེ་ཞིག་ཚོ་འཛིན་གྱི་ཤིང་ཐུར་འགའ་ཙམ་ལས་རུ་ཤིང་མི་དགོས་ལ། རྫ་ཁོག་ལྟར་སྲབ་པ་དང་། བཟོ་ཡང་རྫ་མཁན་གྱིས་རྫ་མ་བཟོ་བ་དང་འདྲ་བས་འདྲ་བའི་སྒོ་ནས་ཐ་སྙད་བཏགས་ལ། དེ་བཟོ་མཁན་གྱི་ལག་རྩལ་ཤིན་ཏུ་བྱང་བ་ཞིག་དང་། ས་དམར་གྱི་འབྱར་རྩི་ལེགས་པོ་ཞིག་དགོས་པར་བཤད་དོ། །

ལྷ་ཆེན་བཞེངས་པར་ཕལ་ཆེར་སྐུ་བརྙན་བཞེངས་པའི་ཐོག་མར། སྐུ་བརྙན་བཞུགས་གནས་རྒྱབ་ཀྱི་ལྡེབས་ངོས་སུ་ཚད་མཚུངས་ཀྱི་ཐིག་བཏབ་ནས་སྐྱ་རིས་བྲིས་པ་ལ་བརྟེན་ནས། བྲིས་འབུར་གྱི་ཁྱད་ཆོས་ལ་གོམས་ཤིང་ཡིད་ལ་བྱེད་བཞིན་དུ་བཟོ་བ་ལ། བཟོ་བོ་མི་ཉུང་བ་ཞིག་གིས་སླ་ཐབས་སུ་ལྷ་ཆེན་གྱི་རུ་ཤིང་དང་སྲོག་ཤིང་གཉིས་གཅིག་ཏུ་བྱེད་ཀྱང་། དེ་མི་ལེགས་ཏེ། སྲོག་ཤིང་གི་རྒྱུ་ནི་རྟེན་ལ་ནང་གཞུག་འབུལ་བའི་ལག་ལེན་ལས་འབྱུང་བ་ལྟར། སྤྱིར་བཏང་གི་ཤིང་གིས་སྲོག་ཤིང་མི་འོས་ཤིང་རིང་ཐུང་ཡང་སྲོག་ཤིང་སྐྱིལ་ཀྲུང་ནས་གཙུག་ཏོར་བར་གསུངས་པ་ལ་རུ་ཤིང་ནི་ཁྲི་གདན་ནས་ས་འོག་ཏུ་འགྲོ་དགོས་པའང་ཡོད་པས། རུ་ཤིང་དང་སྲོག་ཤིང་གཅིག་ཆོག་ཏུ་བྱེད་མི་རུང་ཞིང་། རུ་ཤིང་གི་ལོགས་སུ་སྲོག་ཤིང་འཛུགས་ཐབས་ནི། རིང་ཐུང་གང་ལྟར་ཡང་པད་གདན་གྱི་སྟེང་ནས་དབུའི་བར་གྱེན་དུ་བསླངས་པའི་རུ་ཤིང་ལའང་སྐུའི་ཆ་ཚད་བགོས་ཏེ་སྐུ་དཔུང་གི་ཐད་ནས་གཡས་གཡོན་ཚོ་འཛིན་སྤྲད། དེའི་མདུན་ངོས་སུ་སྲོག་ཤིང་བརྟན་པོར་བཙུགས། ཆ་ཚད་དེ་དག་ལ་བརྟེན་ཏེ་ཞབས་ནས་དབུའི་བར་གྱི་གནས་སོ་སོ་མི་འཆུག་པར་ནང་གཞུག་རྣམས་དར་རས་ཀྱིས་བཅིངས་ཤིང་བསྡམས་པའི་ཕྱི་ནས་སྤེན་མ་ལྟ་བུའི་ཤིང་གིས་གཡོགས་ལ་དྲེས་སྐུད་ཀྱིས་བཙེམ། དེ་ནས་གོང་སྨོས་ལྟར་སྨན་འདམ་གྱིས་གཡོགས་ཏེ་སྐུ་གཟུགས་འཆོས། གཙུག་ཏོར་རྗེས་སུ་བྱས་ནས་ནང་གཞུག་འབུལ། སྐམ་ནས་ཚོན་གདན་གྱི་སྟེང་དུ་གནས་དང་སྐྱེ་མཆེད་སོ་སོ་གླན་ལ། དར་ཤོག་སྲབ་མོས་ཞལ་ཁེབས་བྱ། དེ་སྟེང་ཚོན་རྩ་བཏང་བ་ནི་ལྷ་ཆེན་གྱི་རིགས་ལ་དམིགས་བསལ་དུ་ཤེས་པར་བྱའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-01

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།