ཚོན་སྡེབ་སྦྱོར་གྱི་ལག་ཤེས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚོན་ལ་བཟོ་རྒྱུན་རི་མོའི་རིགས་ཀྱི་དགོས་མཁོ་དང་མཐུན་པའི་རྣམ་གྲངས་ཤིན་ཏུ་མང་སྟེ། དཔེར་ན། ཆུ་ཚོན་གྱི་རི་མོ་ལ་སྤྱོད་པའི་ཆུ་ཚོན་དང་། སྣུམ་རིས་སུ་སྤྱོད་པའི་སྣུམ་ལྡན་གྱི་ཚོན་དང་། དེ་བཞིན་ལཱ་ཚོན་དང་། རྡུལ་ཚོན་དང་། ཕྱེ་ལྡན་གྱི་ཚོན་དང་། བལ་ཚོན་དང་རས་ཚོས་སོགས་རྩ་ལྡུམ་དང་ལྗོན་ཤིང་ལས་བླངས་པའམ་ཡང་ན་ས་འོག་གི་གཏེར་ལས་བླངས་པའི་རྣམ་གྲངས་དུ་མ་དང་། གཞན་ཡང་རྒྱུ་རྩི་ཤིང་ལས་བྱུང་བའི་གཡེའུ་སོགས་ཤིང་ཚོན་གྱི་རིགས་དང་། དེང་དུས་སུ་ཕྱི་གླིང་ནས་ཐོན་པའི་པིན་ཤིས་ལ་སོགས་རྫས་འགྱུར་ལས་བྱུང་བའི་ཚོན་གྱི་རིགས་དང་། ཀྲུང་གོའི་སྲོལ་རྒྱུན་རི་མོར་ཆེད་དུ་སྤྱོད་པའི་ཀྲུང་གོའི་རི་མོའི་ཚོན་སོགས་མང་བོ་ཡོད་པ་ལས། སྤྱིར་བོད་རིས་སུ་སྤྱོད་པའི་ཚོན་ལ་ཚོན་ཆེན་ཞེས་བརྗོད་དེ། ས་འོག་གི་གཏེར་རྡོ་སྣ་ཚོགས་ལས་བླངས་པ་ཤ་སྟག་ཡིན་པས། རི་མོ་བྲིས་ནས་ལོ་ངོ་སྟོང་ཕྲག་དུ་མ་འདས་ཀྱང་མདོག་མི་ཡལ་ཞིང་། ཚོན་གཞན་དག་ལས་སྣུམ་བརྗིད་ཆེ་བའི་ཁྱད་ཆོས་ཡོད། གསེར་དང་། དངུལ་དང་། མཚལ་དང་། གཙང་སྤང་། གཙང་མཐིང་སོགས་རིན་ཐང་གསེར་དང་མཉམ་པའམ་ཡང་ན་གསེར་ལས་ལྷག་པའི་ཚོན་གྱི་རིགས་མང་དུ་སྤྱོད་པས། ཚོན་གྱི་ལག་ལེན་དང་སྡེབ་སྦྱོར་སོགས་ལའང་བཟོ་རྒྱུན་གཞན་དང་མི་འདྲ་མའི་ཤེས་བྱ་མང་པོ་ཡོད་པར་མ་ཟད། ལག་ལེན་མི་ཉུང་བ་ཞིག་བཟོའི་སློབ་དཔོན་གྱི་ལག་ལེན་དམར་ཁྲིད་ལ་མ་བརྟེན་ན་དཔེ་ལྟས་ཙམ་གྱིས་ཇི་བཞིན་པ་ཤེས་དཀའ་སྟེ། དཔེར་ན། བོད་རིས་སུ་ཁྱད་པར་སྤྱོད་ཅིང་། བོད་ཀྱི་མལ་གྲོ་གུང་དཀར་དང་སྙེ་མོ། ཡངས་པ་ཅན་ལས་ཡུལ་གཞན་ན་མེད་པའི་གཙང་སྤང་གཙང་མཐིང་ཞེས་རིན་ཐང་གསེར་ལས་ཆེ་ཞིང་ལག་ལེན་དཀའ་བའི་ཚོན་དེ་སྤྱོད་པར་འདོད་ན། ཐོག་མར་ཚོན་གྱི་འདུལ་སྦྱོར་དཔྱིས་ཕྱིན་པ་ཞིག་མ་ཤེས་ན་རང་མདོག་ཇི་བཞིན་མི་ཐོན་པ་ལྟ་བུ་སྟེ། འདིར་ཚོན་དང་ཚོན་གྱི་ལག་ལེན་སྤྱི་ཙམ་བཤད་པའོ། །
1 རྩ་བའི་ཚོན།

རྩ་བའི་ཚོན་ལ་གསུམ་དུ་བཤད་པ་དང་། ལྔ་རུ་བཤད་པ་དང་། བརྒྱད་དུ་འདོད་པ་སོགས་ཡོད་ཀྱང་། ཚོན་གྱི་སྡེབ་སྦྱོར་ལ་ཁྱད་པར་ཆེར་མ་མཆིས་ཤིང་། བོད་ཀྱི་བཟོ་རིག་སྨྲ་བ་ཕལ་ཆེ་བས་རྩ་བའི་ཚོན་ལྔ་རུ་བཞེད་པའི་རྗེས་སུ་འབྲང་བ་ལ། དཀར་པོ་དང་། སེར་པོ། དམར་པོ། སྔོན་པོ། ལྗང་གུ་སྟེ་ལྔ་དང་། ཚོན་གྱི་ཡན་ལག་ཆེན་པོ་དགུ་དང་། འབྲིང་པོ་སུམ་ཅུ་རྩ་གཉིས། རྒྱས་པ་བརྒྱ་དང་ལྔ་བཅུ་རྩ་བརྒྱད་དུ་བཤད་དོ། །

2 ཚོན་གྱི་ཡན་ལག
2_1 ཆེན་པོ་དགུ།

ཚོན་གྱི་ཡན་ལག་ཆེན་པོ་ནི། ། དམར་སྨུག་དམར་སེར་ལི་སེར་དང་། ། ན་རོ་ཇ་ཁ་གཡུ་ཁ་དང་། ། སྐག་དང་རམས་དང་དཀར་གྱི་སྐྱ། ། ཞེས་སྐྱའི་རིགས་ཀྱི་ཕ་ནི་སེར་མཐིང་དམར་ལྗང་བཞི་བོ་དང་། དེ་ལས་འཕྲོས་པའི་བུ་རྣམས་ཡིན་ཞིང་སྦྱོར་གཞི་མ་ནི་དཀར་པོ་ཁོ་ན་ཡིན་པས་གཅིག་ཏུ་བགྲངས་པའི་གོང་གི་རྩ་བའི་ཚོན་ལས་འཕྲོས་པའི་རིགས་དགུའོ། །

2_2 འབྲིང་བོ་སུམ་ཅུ་རྩ་གཉིས།

ཡན་ལག་འབྲིང་བོ་ནི། གོང་གི་སྦྱོར་ཚོན་རྣམས་ལའང་སྡེབ་སྦྱོར་མང་དུ་བྱར་ཡོད་པས་འབྲིང་བོ་ལ། དཀར་པོ་དཀར་སེར་དཀར་དམར་ཆུ་ཤེལ་མདོག །  སེར་པོ་སེར་སྐྱ་དམར་སེར་ལི་ཁྲིའི་མདོག །  དམར་པོ་དམར་སྐྱ་དམར་སྨུག་རྒྱ་སྐག་མདོག །  སྔོན་པོ་སྔོ་སྐྱ་མཐིང་ནག་གཡུ་ཁའི་མདོག ། ལྗང་གུ་ལྗང་སྐྱ་ལྗང་སེར་ལྗང་ནག་དང་། ། ཤ་ཁ་ཇ་ཁ་མོན་ཁ་ཐལ་ཁ་དང་། ། སྨུག་པོ་སྨུག་ནག་ན་རོས་གློ་བ་ཁ། ། དུད་ཁ་རེ་ཁ་རུས་ཁ་མུན་མདོག་གོ ། །ཞེས་ཡོངས་གྲགས་ཀྱི་སྦྱོར་ཚུལ་སུམ་ཅུ་རྩ་གཉིས་སོ། །

2_3 རྒྱས་པ་བརྒྱ་དང་ལྔ་བཅུ་རྩ་བརྒྱད།

ཡན་ལག་གི་སྡེབ་སྦྱོར་རྒྱས་པ་ནི། དཀར་ལ་བ་བླ་ཅུང་ཟད་བསྲེ། ། དཀར་སེར་རུས་ཁ་ཞེས་བྱ་འབྱུང་། ། འབྲུག་རུས་བཏུལ་བའང་དེ་བཞིན་ཏེ། ། རུས་ཁ་སྔ་མར་མྱོངས་རྩི་སྤྲས། ། ཅུང་བསྲེས་དཀར་སེར་དམར་མདངས་ཅན། ། སྤྲིན་དང་མར་གསར་ཁ་དོག་འབྱུང་། ། རྒྱ་དཀར་བ་བླ་འདྲེས་ཙམ་བསྲེ། ། དེ་ཡང་མར་གསར་མདོག་ཡིན་པར། །   རྒྱ་ཚོས་མདོག་བསྒྱུར་ཙམ་པ་ཁར། ། རམས་ཅུང་བསྲེས་པའི་ལི་ལྗང་དཀར། ། དེ་ལ་མཚལ་སྐྱ་ཅུང་ཟད་བསྣན། ། དམར་སེར་ཁ་དོག་གསེར་འདྲ་འབྱུང་། ། དཀར་ལ་མཐིང་སྐྱའི་ཁ་བུན་དང་། ། མུ་ཟི་སེར་པོ་ཅུང་ཟད་བསྲེ། ། དེ་ལ་བླ་ཆེན་ཁ་དོག་ཟེར། ། དཀར་མཐིང་མཚལ་རམས་སྦྱོར་མང་ཉུང་། ། ཁྱད་པར་ལས་བྱུང་མཐིང་ནག་དང་། ། མཐིང་སྐྱ་འོ་མ་ཁ་གསུམ་འབྱུང་། ། དེ་བཞིན་དཀར་ལ་མཐིང་སྐྱ་བསྲེ། ། འོ་ཁ་འོ་སྔོན་འོ་ཤང་ཁ། ། ཆུའི་རླངས་སྨུག་སྤྲིན་ཁའང་ཟེར། ། དཀར་ལ་སྤངས་སྐྱ་སྤྲས་པ་ན། ། དཀར་ལྗང་སྤྲིན་ཆེན་ཁ་རུ་བརྗོད། ། དེ་ལ་སྔོ་སྐྱ་འོ་ཁ་བསྣན། ། གཡུ་སྤྲིན་ཁ་ཞེས་བྱ་བ་འབྱུང་། །

ཡང་ན་ལི་ཁྲི་བསྣན་སྤྲིན་སེར། ། དཀར་ལ་རྒྱ་ཚོས་སྣག་བསྲེས་པས། ། ན་རོ་ཞེས་བྱ་དེ་ལ་ཡང་། ། སྐག་ཤེད་ཆེ་འབྲིང་ཆུང་བའི་མཐུས། ། ན་དམར་ན་རོ་ན་དཀར་རོ། ། ན་རོ་དག་ལ་རམས་བསྲེས་པས། ། མོན་ཁ་ཞེས་བྱ་རམས་ཤུགས་ཀྱིས། ། མོན་དཀར་མོན་སྔོན་མོན་ནག་གསུམ། ། ན་རོས་རིགས་གསུམ་ཞེས་ཀྱང་བརྗོད། ། རིགས་རེར་རམས་ཤེད་ཆེ་འབྲིང་ཆུང་། ། གསུམ་གསུམ་མོན་ཁ་རིགས་དགུ་འབྱུང་། ། མོན་ཁར་སེར་བསྲེས་མོན་སེར་ཏེ། ། སེར་སྐྱ་བསྲེས་པས་མཆིན་པའི་མདོག ། མོན་ལ་དཀར་སྦྱོར་མཆིན་སྐྱ་དང་། ། མོན་ལ་སྐག་བསྣན་མཆིན་ནག་འབྱུང་། ། མཆིན་མདོག་སྐག་བསྣན་མཆིན་སྨུག་དང་། ། བ་བླ་བསྲེས་པས་མཆིན་སེར་རམ། ། མཆིན་པ་ནད་ཀྱིས་ཟིན་པའི་མདོག ། ན་རོས་ནང་དུ་སྣག་ཚ་ཅུང་། ། བསྲེས་པས་མཆིན་ནག་རིགས་ཤིག་འབྱུང་། ། དཀར་ལ་སྣག་ཅུང་བསྲེས་པ་ལས། ། ཐལ་མདོག་ཐལ་ཁ་ཞེས་བྱ་སྟེ།། དཀར་ཤད་ཆེ་ན་ཐལ་དཀར་དང་། ། ལྡོག་པར་ཐལ་ནག་འབོད་པ་ལ། ། བ་བླ་བསྲེས་པས་ཐལ་སེར་དང་། ། རྒས་པོའི་སྨ་ར་ཞེས་ཀྱང་འདོད། །  དེ་ལ་མཚལ་བུ་ཅུང་ཞིག་བསྣན། ། ཐལ་བ་དམར་སེར་ཡང་ན་ནི། ། གློ་ནད་ཁ་དོག་ཅེས་ཀྱང་བརྗོད། ། དེ་ལ་སྔོ་སྐྱ་ཅུང་ཞིག་བསྣན། ། ཐལ་སྔོན་ཁ་དོག་དེ་ལས་འབྱུང་། ། དཀར་པོ་བཞི་ཆ་གསུམ་ལ་ནི། ། མཚལ་གྱི་ཁ་བུན་བཞི་ཆ་གཅིག ། བསྲེས་པས་མི་ཤའི་ཤ་དཀར་འབྱུང་། ། མཚལ་ཁ་ཅུང་བསྐྱེད་ཤ་དམར་ལ། ། བ་བླ་བསྲེས་པས་ཤ་སེར་འབྱུང་། ། དེ་ལ་ལི་ཁྲི་ལྡོང་རོས་བསྣན། ། ཤ་སེར་ལའང་གས་གཉིས་ཏེ། ། རྩ་བའི་ཤ་མདོག་རིགས་བཞིར་བརྗོད། ། མི་ཤ་ཁ་ལ་མཚལ་དང་རམས། ། བསྲེས་པས་རྒས་པའི་ཤ་མདོག་དང་། ། དྲང་སྲོང་བྲམ་ཟེའི་མདོག་ཅེས་བཤད། ། དེ་ལ་སྣག་བསྲེས་ཤ་སྨུག་ནག ། དཀར་དང་སྨུག་པོ་ཆ་མཉམ་དུ། ། སྦྱོར་བའི་ཚོན་ལ་བ་བླ་ཡིས། ། ཁ་དོག་བསྒྱུར་དང་མ་བསྒྱུར་གྱི། ། ཤ་སྨུག་རིགས་གཉིས་འབྱུང་བ་ཡིན། ། ཤ་དམར་ནང་དུ་སྔོ་སྐྱ་ཅུང་། ། བསྲེས་པས་རི་དྭགས་མདོག་ཅེས་པར། ། བརྗོད་བདེའི་ཕྱིར་དུ་རི་ཁར་འབོད། ། དཀར་དམར་སེར་སྔོན་སྨུག་པོ་ལྔས། ། བསྒྱུར་བས་རི་དཀར་རི་དམར་དང་། ། རིག་སེར་རི་སྔོན་རི་སྨུག་བཅས། ། རིགས་ལྔ་འབྱུང་བར་མཁས་པས་གསུངས། །

བ་བླར་རམས་བསྲེས་སྦྱོར་ལྗང་སྟེ། ། ལྗང་སེར་ལྗང་ནག་ལྗང་གུ་གསུམ། ། རམས་ལ་དཔག་ནས་བྱེད་པར་བྱ། ། སྦྱར་ལྗང་ནང་དུ་དཀར་པོ་དང་། ། མཐིང་གི་ཁ་བུན་བསྲེས་པ་ལས། ། སྨྱུག་ཁ་སྨྱུག་གཞོན་ཁ་དོག་ཅེས། ། ལྗང་སེར་ལྗང་སྐྱ་རིགས་གཉིས་འབྱུང་། ། མཚལ་སྐྱའི་ནང་དུ་དཀར་ཅུང་བསྲེ། ། དམར་སྐྱ་གློ་བའི་ཁ་དོག་སྟེ། ། གློ་ཁར་སྐག་བསྣན་གློ་སྨུག་དང་། ། རམས་བསྣན་གློ་སྔོན་རྣག་གཡོས་མདོག ། མཚལ་བུ་བསྣན་པའང་དེ་བཞིན་འགྱུར། ། གློ་ཁར་སེར་བསྲེས་གློ་སེར་སྟེ། ། གློ་བར་ནད་ཀྱིས་ཟིན་པའི་མདོག ། དེ་ལ་དམར་སྐྱ་བསྣན་པ་ལ། ། ལྕགས་བསྲེགས་མདོག་ཅེས་འབྱུང་བ་དེར། ། དཀར་བསྣན་གློ་ཁའི་མེ་ཏོག་མདོག ། མཚལ་སྐྱ་རྒྱ་སྣག་ཆ་མཉམ་ལ། ། བ་བླ་རན་པ་བསྣན་པ་ལས། ། ཇ་ཁ་ཞེས་འབྱུང་དེ་ལའང་། ། མཚལ་དང་སྣག་དང་བ་བླ་གསུམ། ། སོ་སོས་སྦྱོར་བ་ལ་བརྟེན་ནས། ། ཇ་དམར་ཇ་ནག་ཇ་སེར་གསུམ། ། ཇ་ཁར་སྐག་བསྣན་ཇ་སྨུག་ལ། ། སྦྱོར་ལྗང་བསྣན་པས་ཇ་ལྗང་འབྱུང་། ། ལྡོང་རོས་ནང་དུ་དམར་སྐྱ་དང་། ། སྣག་ཚ་འདྲེས་ཙམ་བསྲེས་པ་ན། ། རྫ་ཁའི་མདོག་ཅེས་བྱ་བ་སྟེ། ། དེ་ལ་དཀར་བསྣན་རྫ་སྐྱ་དང་། ། རྫ་ཁ་དམར་ཞད་ཆེ་ཙམ་ལ། ། སྣག་ཤེད་ཆེར་བསྐྱེད་དུད་ཁའི་སྟེང་། ། སྔོ་སྐྱ་བསྣན་པ་དུད་སྔོན་དང་། ། མཚལ་གྱི་ནང་དུ་སྐག་ཤེད་བསྐྱེད། ། དེ་སྟེང་སྣག་འདྲེས་སྦྱོར་སྨུག་དང་། ། དེ་ལ་དཀར་བསྲེས་སྨུག་སྐྱའོ། །

ཙན་དན་མདོག་ཅེས་དམར་སྨུག་ལ། ། རྒྱ་ཚོས་བསྲེས་པས་སྨུག་ནག་འབྱུང་། ། སྣག་ཚར་དཀར་པོ་ཅུང་ཟད་བསྲེ། ། ནག་སྐྱའི་ཁ་དོག་འབྱུང་བ་ལ། ། བསྲེ་ཚད་མང་ཉུང་འབྲིང་གསུམ་གྱིས། ། ནག་སྐྱའི་རིགས་གསུམ་མཁས་པས་བྱེད། ། སྦྱར་ལྗང་ལི་ཁྲི་བསྲེས་པ་ལས། ། ཀོ་ཁ་ཞེས་བྱའི་ཁ་དོག་དེར། ། བ་བླ་རམས་དང་རྒྱ་སྐག་གསུམ། ། སོ་སོ་བསྣན་པས་ཀོ་སེར་དང་། ། ཀོ་ནག་ཀོ་སྨུག་སོ་སོ་འབྱུང་། ། ལྡོང་རོས་ནང་དུ་བར་མཚལ་བསྲེ། ། དུལ་དམར་རྒྱ་མེན་ཁ་དོག་འབྱུང་། ། རྒྱ་མེན་དེ་ལ་དཀར་དང་སེར། ། སོ་སོ་བསྲེས་པས་རྒྱ་དཀར་དང་། ། རྒྱ་སེར་གཉིས་སུ་བྱེད་པར་སྣང་། ། རྒྱ་དཀར་ནང་དུ་སྐག་བསྲེས་པས། ། རྒྱ་དུལ་ཉི་མའི་ཁ་དོག་འབྱུང་། ། ལི་ཁྲི་ལ་ནི་དཀར་བསྲེས་པས། ། དུལ་དམར་ཆུ་བྱ་ངང་པའི་མདོག ། དེ་ལ་བ་བླ་དང་ནི་སྐག ། བསྲེས་པས་ངང་སེར་ངང་སྨུག་གོ ། །

ལི་ཁྲིའི་ནང་དུ་སྣག་གཡའ་བསྲེ། ། དུལ་ནག་དུད་མདོག་གཉིས་ཀ་བརྗོད། ། མཚལ་སྐྱར་བ་བླ་ཅུང་བསྲེས་པར། ། དམར་པོ་མེ་ཡི་མདོག་ཏུ་བཤད། ། དེ་ལ་དཀར་པོ་ཅུང་བསྲེས་པས། ། ལི་རྫུན་ཞེས་བྱ་དམར་སེར་འབྱུང་། ། བ་བླར་དཀར་པོ་ཅུང་ཟད་བསྲེ། ། སེར་སྐྱ་སྐྱེར་བའི་མེ་ཏོག་མདོག ། དཀར་ལ་བ་བླ་ཅུང་ཞིག་བསྲེ། ། ཀུ་མུད་མེ་ཏོག་མདོག་ཡིན་ཏེ། ། དེ་ལ་རམས་བུན་འདྲེས་ཙ་བསྲེ། ། སྔོ་ཞད་སྣ་མའི་མེ་ཏོག་བརྗོད། ། བ་བླར་ཁ་ཆེའི་གུར་གུམ་བསྲེ། ། སེར་ཆེན་དང་ནི་ཏིག་ཏ་ཡི །། ཁ་དོག་ཅེས་སུ་འབོད་པའོ། ། བ་བླར་རྒྱ་ཚོས་བསྲེས་པ་ལ། ། སེར་སྨུག་ཆུ་སེར་མདོག་ཏུ་འགྱུར། ། བ་བླར་སྣག་ཚའི་གཡའ་འདྲེས་པས། ། སེར་ནག་སེར་གཡའ་ཁ་རུ་སྨྲ། ། སེར་པོའི་ནང་དུ་དཀར་པོ་དང་། ། མཚལ་གྱི་ཁ་བུན་རྒྱ་སྐག་དང་། ། སྣག་ཚའི་གཡའ་ཅུང་བསྲེས་པ་ལས། ། ཟི་ནི་ཡང་ན་བྱང་ཁ་ཞེས། ། འབོད་པའི་སེར་མདོག་ཟི་སེར་དང་། ། ནག་ན་ཟི་ནག་ཅེས་བྱའོ། །

སྔོ་སྐྱར་རྒྱ་ཚོས་བསྲེས་པ་ལ། ། རཀྟ་ཁ་ཞེས་བརྗོད་པ་སྟེ། ། དེ་ལ་དཀར་སེར་ལི་ཁྲི་རམས། ། སོ་སོ་བསྲེས་པས་རཀྟ་དང་། ། རག་སེར་རག་དམར་རག་མོག་འབྱུང་། ། མཐིང་སྤང་དབྱེ་བ་བཞིའམ་ལྔས། ། ཕན་ཚུན་སོ་སོས་བསྲེས་པ་ལས། ། གཡུ་ཁ་ཞེས་སུ་གྲགས་པ་དེར། ། གཡུ་སྨུག་གཡུ་ཆེན་གཡུ་དཀྱུས་དང་། ། གཡུ་སྐྱ་གཡུ་དཀར་ལྔ་བོ་འབྱུང་། ། དེ་ཡང་མཉམ་ལ་གཡུ་མདོག་ལྔ། ། མཐིང་མང་གཡུ་སྔོ་རིགས་ལྔ་དང་། ། སྤང་མང་གཡུ་ལྗང་རིགས་ལྔ་འབྱུང་། ། མཐིང་སྤང་ཕྱེད་ཀ་ཆ་མཐུད་གཡུ། ། དེ་ཡང་ཆ་ཤས་དབྱེ་བ་གསུམ། ། རང་བྱུང་གཡུ་ཁ་ཞིག་ཀྱང་འབྱུང་། ། མཐིང་ནག་རམས་དང་བསྲེས་པ་ལས། ། ལྕགས་ནག་ཞེས་བྱ་དེ་ལ་ཡང་། ། རྒྱ་ཚོས་བསྲེས་ན་མུན་ནག་ཁ། ། སྔོ་སྐྱ་རྒྱ་མཐིང་ཅུང་ཞིག་བསྣན། ། དེ་ལ་མཁས་པས་ལྕགས་མ་ཟེར། ། རྒྱ་མཐིང་ན་རོས་དང་སྦྱར་ན། ། མཆོང་ཁ་ཞེས་ཟེར་དེ་བཞིན་དུ། ། བར་མཐིང་ན་རོས་སྦྱོར་བ་ལ། ། མཆོང་ཆེན་ཞེས་སུ་འབོད་པ་ཐོས། ། མཚལ་ཆེར་དཀར་པོ་ཅུང་བསྣན་པར། ། རྟ་མཆོག་ལྷུན་གྲུབ་མདོག་ཅེས་ཟེར། །

བལ་མཚལ་ལ་ནི་རྒྱ་ཚོས་བསྲེ། ། དམར་ཆེན་ཁྲག་ཁམ་མདོག་ཏུ་སྨྲ། ། གློ་ཁ་སྐག་ཉུང་བསྲེས་པ་ལས། ། ཁྲག་མདོག་དཀྱུས་མ་བྱེད་པ་ཡིན། ། མཚལ་ཆེན་ནང་དུ་རྒྱ་ཚོས་བསྲེ། ། དམར་སྨུག་གྲིབ་ནག་མདོག་ཏུ་བཤད། ། གཡུ་ཁ་མྱོང་རྩི་སྤྲད་ཀྱི་ཁ། ། ཅུང་ཟད་བླངས་ལ་སྦྲང་རྩི་བསྲེ། ། ཐབས་འདི་སྟོང་ཁུན་ལུགས་ཡིན་ཕྱིར། ། སྟོང་ཁུན་མདོག་ཅེས་བཟོ་བོས་བཏགས། ། གསེར་དངུལ་བསྲེས་པས་ལི་མདོག་ལ། ། ལི་དཀར་ལི་སེར་གང་འདོད་པ། ། དཀར་སེར་ཆ་ལ་དཔག་ནས་བྱ། ། ཆ་མཉམ་ལི་མདོག་དཀྱུས་མ་སྟེ། ། དེ་ལ་ཟངས་དམར་ཅུང་བསྣན་པས། ། ལི་དམར་ཁ་དོག་འབྱུང་བ་ཡིན། ། དངུལ་འགྱུར་དང་ནི་ལྷང་ཚེར་ལས། ། དངུལ་མདོག་འདྲ་མིན་རེ་རེ་འབྱུང་། ། གཞན་ཡང་དཀར་དང་རམས་ཀྱིས་ནི། ། དངུལ་འགྱུར་ཁ་དོག་བསྒྱུར་བ་དང་། ། བ་བླ་གུར་གུམ་གསེར་འགྱུར་ལ། ། ཁ་སྒྱུར་བྱེད་པའི་ལག་ལེན་སོགས། ། མང་འབྱུང་བརྗོད་ཀྱིས་མི་ལངས་པས། ། ལག་ལེན་དངོས་ལས་ཤེས་པར་བྱ། ། ཞེས་སོ། །

3 ཕ་མ་བུ་ཚ།

ཚོན་གྱི་ཕ་མ་བུ་ཚ་དང་དགྲ་གྲོགས་གཉིས་ལས། དང་པོ་ཚོན་གྱི་ཕ་མ་བུ་ཚ་སོགས་ནི། ལི་མཐིང་སྤང་མཚལ་སྐག་བ་བླ། ། རམས་བཅས་ཕ་བདུན་ཀ་རག་མ། ། ཞེས་མཚལ་སོགས་བདུན་ནི་ཚོན་གྱི་ཕ་དང་། ཀ་རག་གམ་དཀར་ནི་མ་སྟེ། དེ་གཉིས་རེ་སྡེབ་སྦྱོར་བྱས་པ་ལས་བྱུང་བའི་ཚོན་གྱི་ཡན་ལག་ཐམས་ཅད་ནི་ཚོན་གྱི་བུ་ཚ་ཡིན་ནོ། །

དེ་ཡང་ནང་གསེས་ལ་ལི་སྐྱ་དང་ལི་སེར་ལིའི་བུ་སྟེ། དཀར་ལ་ལི་ཁྲི་བསྲེས་པ་ལ་ལི་སྐྱ་དང་། ལི་ཁྲིར་དཀར་དང་བ་བླ་བསྲེས་པ་ལ་ལི་སེར་ཏེ། དེ་གཉིས་ཀྱི་རྒྱུན་ལས་སྤེལ་བ་ཐམས་ཅད་ལ་ལིའི་བུ་ཚ་ཞེས་སུ་འབོད། དེ་བཞིན་དུ་སྔོ་སྐྱ་སྔོ་སེར་མཐིང་གི་བུ་སྟེ། དཀར་ལ་མཐིང་མང་ཙམ་བསྲེས་པ་ལ་སྔོ་སྐྱའམ་མཐིང་སྐྱ་དང་། ཉུང་དུ་བསྲེས་པ་ལ་མཐིང་ཀའམ་མཐིང་གསལ་ཞེས་བརྗོད་པ་ཡིན་ལ། དེ་ལས་འཕྲོས་པ་མཐིང་གི་བུ་ཚ་དང་། ལྗང་སྐྱ་ལྗང་སེར་སྤང་གི་བུ་ཞེས་སྤང་ལ་དཀར་བསྲེས་པ་སྤང་སྐྱ་དང་། སྤང་ལ་བ་བླ་བསྲེས་པས་སྤང་སེར་འབྱུང་ཞིང་དེའི་ཡན་ལག་ཏུ་གྱུར་པ་ལ་སྤང་གི་བུ་ཚ་དང་། དམར་སྐྱ་མི་ཤ་མཚལ་གྱི་བུ་ཞེས། དཀར་ལ་མཚལ་མང་ཙམ་བསྲེས་པས་དམར་སྐྱ་དང་། ཉུང་ཙམ་བསྲེས་ན་མི་ཤ་སྟེ་དེའི་རིགས་ཐམས་ཅད་མཚལ་གྱི་བུ་ཚར་གཏོགས་པ་དང་། ངང་མ་སེར་སྐྱ་བ་བླའི་བུ་ནི། དཀར་ལ་བ་བླ་བསྲེས་ན་སེར་སྐྱ་དང་། ཡང་གློ་ཁ་ཟི་ཧུང་སྐག་གི་བུ་ནི། སྐག་སྐྱ་ལ་ལི་ཁྲི་འདྲེས་ཙམ་བསྲེས་པས་གློ་ཁ། སྐག་སྐྱ་ལ་རྒྱ་མཐིང་གི་ཁ་ཆུ་བསྲེས་ན་ཟི་ཧུང་ངམ་ལྕགས་བཙའ་མདོག་ཏུ་འགྱུར་བས། སྐག་སྐྱ་ཡན་ལག་དང་བཅས་པར་སྐག་གི་བུ་ཚར་བརྗོད། མཆིན་ཁ་རམས་སེ་རམས་ཀྱི་བུ་ཞེས་རམས་སྐྱ་ལ་མཚལ་བསྲེས་པས་མཆིན་ཁ་དང་། དཀར་ལ་རམས་ཉུང་ཙམ་བསྲེས་པ་ལ་རམས་སེའམ་རམས་སྐྱ་སྟེ། དེ་ལས་གྱེས་པའི་མདོག་ཀུན་རམས་ཀྱི་བུ་ཚར་འདོད་པ་དང་། གཞན་ཡང་། ཇ་ཁ་དུད་ཁ་གཡུ་ཁ་གསུམ། ། ཚོན་གྱི་སྲིང་མོ་རྣམ་གསུམ་ཡིན། ། ཞེས་སྦྱོར་ཐབས་ཚོན་གྱི་ཡན་ལག་སྐབས་བཤད་ཟིན་པ་ལྟར། ཚོན་གྱི་རོགས་སྐྱོར་ཙམ་ལས་རང་རྐྱ་མི་ཐུབ་པས་དེ་ལྟར་བཏགས་པར་བཤད་པ་དང་། མཚལ་སྣག་འདྲེས་པའི་སྨུག་ནག་གམ་གྲིབ་ནག་མདོག་དང་གཡོས་སོགས་སུ་འབོད་པ་དེ་ཚོན་གྱི་གཡོག་ཅེས་ཡོད་པར་བཤད་དོ། །

གོང་གི་ཚོན་གྱི་སྡེབ་སྦྱོར་ནི་སྤྱི་འགྲོ་ཙམ་ཡིན་པས། དེའི་ནང་དུ་མ་འདུས་པའི་ལག་ལེན་དང་མན་ངག་ཀྱང་མང་སྟེ། དཔེར་ན། ལྷང་ཚེར་འདུལ་སྦྱང་ལེགས་པར་བྱས་ན་ཆུ་ཤེལ་གྱི་མདོག་འོད་འཕྲོ་བ་འབྱུང་བ་དང་། དེ་ལ་ཚོན་གྱི་དྭངས་སྣ་ཚོགས་ཀྱིས་ཁ་དོག་བསྒྱུར་ན་ཤེལ་གྱི་རིགས་སྣ་ཚོགས་ཀྱི་མདོག་འོང་བས་ཁ་དོག་བསྒྱུར་གཞིའི་མཆོག་ཏུ་བཤད་པ་དང་། སྤང་སྐྱ་ལ་ཤེལ་ཀ་ར་བསྲེས་ན། ལྗང་སེར་འོད་འཕྲོ་བ་འབྱུང་བ་དང་། རྒྱ་མཐིང་ལ་སྤང་སྐྱ་འདྲེས་ཙམ་སྲེས་ནས་བཏུལ་ན་མདོག་ཤིན་ཏུ་ལེགས་པོ་འོང་བ་དང་། ལི་ཁྲི་དང་མཚལ་ཆ་མཉམ་པ་བསྲེས་ན་པདྨ་རཱ་གའི་མདོག་མཆོག་ཏུ་གྱུར་བ་འབྱུང་བ་དང་། དེ་ལ་མཚལ་གྱི་ནང་དུ་དཀར་བསྲེས་ནས་བྱེད་པའང་ཡོད་ཀྱང་པདྨ་རཱ་གའི་མདོག་དང་ཆ་ཙམ་ཡང་མི་འདྲ་ཞིང་ཚོན་ཁ་ཡང་མི་གསལ་བས་མི་ལེགས་པ་སོགས། མན་ངག་དང་ཉམས་མྱོང་གི་གཏམ་ཡང་མང་བོ་ཡོད་དོ། །

4 དགྲ་གྲོགས།

ཚོན་གྱི་དགྲ་གྲོགས་ནི། དཀར་སེར་ཚོན་གྱི་ལོང་བ་ཡིན། ། དེ་གཉིས་མ་བསྡེབ་བསེར་ཞིག་ཡོད། ། དམར་ལྗང་ཚོན་གྱི་བག་མ་ཡིན། ། ཚོན་མདངས་དེ་ལ་མཛེས་ཤིག་ཡོད། ། སྤང་ཐང་ཚོན་གྱི་གྲ་སྡེབ་ཡིན། ། དེ་གཉིས་བསྡེབས་ན་བསིལ་ཞིག་ཡོད། ། དཀར་ནག་ཚོན་གྱི་ཁྲ་བོ་ཡིན། ། དེ་གཉིས་བསྡེབས་ན་བཀྲག་ཅིག་ཡོད། ། ལྗང་སེར་ཚོན་གྱི་སོས་ཀ་ཡིན། ། ཚོན་མདངས་དེ་ལ་དྭངས་ཤིག་ཡོད། ། སེར་མཐིང་ཚོན་གྱི་མེ་ཏོག་ཡིན། ། དེ་གཉིས་བསྡེབ་ན་མདོག་ཅིག་ཡོད། ། དམར་སེར་ཚོན་གྱི་བླ་མ་ཡིན། ། ཚོན་མདངས་དེ་ལ་སྣུམ་ཞིག་ཡོད། ། དམར་ནག་ཚོན་གྱི་དྲག་པོ་ཡིན། ། དེ་གཉིས་བསྡེབས་ན་རྔམ་ཞིག་ཡོད། ། ཅེས་སོགས་ནི་ལྷ་བཟོ་རྒན་པོའི་ངག་རྒྱུན་ནོ། ། སྤྱིར་ཚོན་ལ་དྲོ་གྲང་གཉིས་སུ་དབྱེ་བ་ལས། ནང་གསེས་དྲོ་བའི་དྲོ་བ་དང་། དྲོ་བའི་གྲང་བ་དང་། དེ་བཞིན་དུ་གྲང་བའི་གྲང་བ་དང་། གྲང་བའི་དྲོ་བ་དང་། གྲོགས་ཀྱིས་བསྒྱུར་བའི་དྲོ་བ་དང་། གྲོགས་ཀྱིས་བསྒྱུར་བའི་གྲང་བ་དང་། དྲོ་གྲང་འགྱུར་བ་ཅན་སོགས་ཡོད་ཅིང་། དྲོ་གྲང་འཐབ་པའི་ཐབས་ལ་བརྟེན་ནས་ཚོན་གྱི་བཀྲག་མདངས་ཕྱུང་ཐབས་ཀྱི་ཤེས་བྱ་རྒྱ་ཆེན་པོ་ཕྱི་གླིང་པའི་རི་མོའི་བསྟན་བཅོས་ལས་འབྱུང་བ་ཡང་། འདིར་བརྗོད་བྱ་གཙོ་བོ་བོད་རིས་ཀྱི་ལག་ཤེས་ཡིན་པས་མ་བྲིས་སོ། །

ཚོན་འདུལ་སྦྱང་གི་ལག་ལེན་བྱེད་པ་ལ། ཐོག་མར་ཚོན་གྱི་རྒྱུ་བཟང་ངན་བརྟག་དགོས་ཏེ། ཇི་སྐད་དུ། ཚོན་གྱི་རྒྱུ་ནི་ངན་པ་ལ། ། ཇི་ལྟར་གཟབ་ཀྱང་མདོག་མི་འོང་། ། རིང་དུ་མི་གནས་ཁ་དོག་ཡལ། ། དེའི་ཕྱིར་རྒྱུ་ནི་གཟབ་པར་གཅེས། ། ཞེས་ཏེ་ཚོན་རྒྱུ་ངན་པ་ལ་འདུལ་སྦྱང་གི་དཀའ་བ་ཇི་ལྟར་བྱས་ཀྱང་ལེགས་པོ་མི་འོང་ཡུན་དུ་མི་གནས་པས་སྤང་དགོས་པ་དང་། ཡང་རས་ཚོས་མི་འདྲེས་སྐུ་སྲོག་སྙི། ཟེར་བས་ཆུ་ཚོན་དང་། རས་ཚོན། ཁྱད་པར་དུ་དེང་དུས་སྤྱོད་སྒོ་ཆེ་བའི་ཚོན་བྱེ་ལྡན་ནམ་དྲིལ་བསྒྲགས་ཀྱི་ཚོན་ཡང་ཟེར་ཞིང་ལྡུམ་དང་རྩི་ཤིང་སོགས་ལས་བླངས་པའི་ཚོན་སོགས་ཚོན་ཆེན་དག་མ་མ་ཡིན་པ་ཐམས་ཅད་སྤང་དགོས་ཏེ། དེའི་རྒྱུ་མཚན་ནི། ཚོན་དེ་དག་གིས་རི་མོ་ཐོག་མར་བྲི་དུས་ཚོན་ཁ་གསལ་བས་ལེགས་པ་ལྟར་སྣང་ཡང་། ཚོན་ཆེན་ལྟ་བུའི་བརྗིད་མེད་པ་དང་། བཀྲག་མདངས་ཡུན་དུ་མི་གནས་པར་མདོག་ཡལ་ངེས་པས་སོ། ། མདོར་ན་ཐོན་ཁུངས་དང་རྒྱུ་སྤུས་ཐམས་ཅད་ལ་ལེགས་པར་བརྟག་ཏེ་ཚོན་ཆེན་ཚོན་རྒྱུ་ལེགས་ཤིང་སྲོག་སྙི་བའི་ཚོན་གཞན་གྱིས་ལྷད་མ་ཞུགས་པ། དེང་གི་རྫས་འགྱུར་གྱི་ཚོན་མ་ཡིན་པ་དག་གིས་རི་མོ་འབྲི་བ་ནི་ཚོན་མདོག་མི་ཉམས་ཡུན་དུ་གནས་ཤིང་བོད་གངས་ཅན་གྱི་བཟོའི་རྒྱུན་གྱི་རང་ལུགས་མི་འཆོར་བའི་ཁག་ཐེག་ཀྱང་ཡིན་ནོ། །

5 འདུལ་སྦྱང་།

ཚོན་འདུལ་སྦྱང་གི་ལག་ལེན་དངོས་སུ་བྱེད་པ་ལ། མཚལ་མཐིང་སྤང་གསུམ་རླན་ཅུང་ཡོད་པར་བྱས་ཏེ་ཤེད་ཆུང་ཕྱུང་ནས་བཏུལ། དཀར་ནག་སེར་གསུམ་ཤེད་ཆེན་འདུལ། བོད་མཐིང་སྤང་ཆུ་དང་བཅས་ཏེ་འདུལ། རྒྱ་མཐིང་རྒྱ་སྤང་སྤྱིན་ཆུ་བཅས་ཏེ་འདུལ། མཚལ་ནི་ངེས་པ་མེད་གསུངས་ཀྱང་། ཕལ་ཆེར་བོད་མཐིང་སྐབས་དང་མཚུངས། འདིའི་ལག་ལེན་རྒྱས་པ་གཞན་དུ་བཀོད་ཡོད། བ་བླ་སྐམ་འཐག་མདོག་དང་ལྡན། ། ཆུ་འཐག་ཞི་སླ་སེར་སྐྱ་འབྱུང་། ། གཞན་ཀུན་ཐོག་མར་སྐམ་འདུལ་བྱ། ། གདུལ་བའི་སྣོད་ནི་གཙང་བ་ལ། ། རྡུལ་མ་ཤོར་བར་གཟབ་པར་གཅེས། ། གང་ཞིག་རྡུལ་མིག་འཛིན་གྱུར་ན། ། ཆུ་ཡིས་སྦྱངས་ནས་ཡུན་དུ་འདུལ། ། སོགས་མང་ཡང་། དེ་ཐམས་ཅད་ནི་འདུལ་སྦྱང་མ་མྱོང་བའི་གསར་དུ་འདུལ་དགོས་པའི་ཚོན་གྱི་རིགས་ལ་བཤད་པ་ཡིན་མོད། དེང་དུས་སུ་བཟོ་བོ་ཕལ་ཆེ་བས་བཏུལ་ཟིན་པའི་ཚོན་སྤྱོད་ཀྱིན་ཡོད་པས་དགོས་པ་ཆེར་མ་མཐོང་།

6 ཚོན་བྱུག
6_1 ཤེས་བྱ།

ཚོན་བྱུག་གི་ལག་ལེན་ལ། ཚོན་སྦྱོར་མེ་དང་མ་བྲལ་ཞིང་། ། དམ་ཚོན་ཟུངས་ལ་སྣུར་ཤ་ཆོད། ། ཅེས་ཟེར་ཏེ། ལྡེབས་བྲིས་དང་ཐང་སྐུ་སོགས་བོད་ཀྱི་རི་མོ་ཐམས་ཅད་ཀྱི་ཚོན་ལ་སྤྱིན་ཆུས་དམ་བྱ་རྒྱུ་ཡིན་པས་མེ་དང་མི་འབྲལ་ཞིང་། ཚོན་སྦྱོར་པས་ཚོན་གྱི་མང་ཉུང་དང་དམ་ཆུའི་གར་སླ། དམ་བྱ་ཚོན་གྱི་ཁྱད་པར་སོགས་ལ་གཞིགས་ནས་དམ་ཆུ་རན་པར་བླུགས་ཏེ་ཚོན་ཕོར་མེའི་ཐོག་ཏུ་བཞག  ཚོན་ལ་དྲོད་ཕོག་སྟེ་རླངས་པ་ཐོལ་གྱིས་བྱུང་བ་ན་བླངས་ཏེ་མཛུ་གུས་དཀྲོལ་འདུལ་གྱི་སྣུར་ཤ་བཅད། དེ་ནས་ཅུང་ཞིག་གྲང་མཐར་བྱུག་གོ ། །

6_2 སྔོན་དཔག

ཚོན་བྱུག་གི་སྔོན་དཔག་ནི། ཚོན་མ་བྱུག་པའི་སྔོན་དུ་སྐྱ་རིས་ཀྱི་གཞི་གང་ལ་ཚོན་གང་ཞིག་བྱུག་དགོས་པའི་བསམ་བློ་ཞིབ་ཏུ་བཏང་ནས། འབྱུང་འགྱུར་གྱི་ཚོན་མདོག་ཐམས་ཅད་ཡིད་ལ་ངེས་པར་བྱ་ལ། གལ་ཏེ་བསམ་མནོ་ཙམ་ཡང་མ་བཏང་ནས་བྱུག་ན། ཚོན་དགྲ་འབྱུང་ཉེན་དང་། བཅོས་དགོས་བྱུང་ན་ལེགས་པོ་འོང་བར་དཀའ་བས། དཔེར་ན། གཞི་སེར་པོའི་སྟེང་དུ་ལྗང་གུ་བྱུག་ན་ནག་པོར་འགྱུར་བ་དང་། ཚོན་གང་གིས་གང་བཅོས་ཀྱང་ཁ་དོག་ཅི་བཞིན་པ་ཡོང་ཐབས་མེད་པ་དང་། དཀར་སེར་གཉིས་ཀྱིས་ནི་ཚོན་གཞན་ནོན་པ་མ་ཡིན་པ་ལྟ་བུ་གཟབ་དགོས་པ་མང་བས་སློབ་དཔོན་གྱི་བཤད་ཁྲིད་དང་རང་གི་ཉམས་མྱོང་ལས་ཤེས་རྟོགས་རྒྱུན་མི་ཆད་པ་གལ་ཆེའོ། །

7 དྲོད་ཚད།

ཚོན་སྦྱོར་བ་ལ་སྤྱིན་མང་ན་གད་པར་འགྱུར་ཞིང་། ཉུང་ན་མི་འབྱུང་གོག་གྲུག་འགྲོ་ཉེན་ཆེ་བས་ཚོད་ཟིན་དགོས་པ་དང་། ཚོན་མེར་བསྲོ་བར་དྲོད་མ་ཕོག་ན་སྤྱིན་གྱིས་མི་འཛིན་ཅིང་། ཁོལ་ན་མདངས་ཤོར་བས་དྲོད་ཚོད་ཟིན་པར་བྱའོ།།

8 གར་སླའི་ཚད།

ཚོན་གྱི་གར་སླའི་ཚད་ནི། ཚོན་བྱུག་པར་ཧ་ཅང་གར་ན་བྱུག་རིས་དང་སྲབ་མཐུག་འབྱུང་ཉེན་ཆེ་ཞིང་། སྲབ་མཐུག་ཁོད་མི་སྙོམས་པའི་བྱུག་ཚོན་གྱི་སྟེང་དུ་མདངས་དང་བཅད་གཉིས་ཅི་ཙམ་གཟབ་ཀྱང་ལེགས་པོ་མི་འོང་ལ། ཧ་ཅང་སླ་དྲག་ནས་བྱུག་གྲངས་མང་ན་ཚོན་ལ་ལའི་མདོག་འགྱུར་ཉེན་གྱིས་ཚོན་གྱི་ཁ་དོག་ལ་གནོད་སྲིད་པས་ཚོན་གྱི་གར་སླའི་མཚམས་ནས་སྐུས་ཟེར་བ་ལྟར་གར་སླའི་མཚམས་ནས་བླངས་ཏེ་བསྐུའོ། ། བྱུག་གྲངས་ལ་སྤང་དང་མཐིང་གཉིས་ལན་གཉིས་དང་། ། མཚལ་དང་བ་བླ་ལི་ཁྲི་གསུམ། ། ལན་གསུམ་དག་ཏུ་བྱུག་པར་བྱ། ། སྔོ་སྐྱ་ན་རོ་མི་ཤ་ཁ། ། ལན་བཞི་དག་གིས་སྙོམས་པར་བྱུག ། ཅེས་སོགས་བཤད་ཀྱང་བརྟག་དགོས་ཏེ་ཚོན་ཕལ་ཆེར་ལན་གཉིས་དང་། རེ་འགའ་ལན་གསུམ་ཙམ་བྱུག་ན་འཚམས་པར་སེམས་སོ། ། བྱུག་ཚོན་ལེགས་པའི་ཚད་ལ། བྱུག་ཚོན་མཐའ་རྒྱ་ཆོད་པ་ལ། ། བར་མཚམས་དྲངས་ལ་སོག་ཁ་མེད། ། བྱུག་རིས་མེད་ཀྱང་སྲབ་མཐུག་མེད། ། ཟུར་ནས་བལྟས་ན་འཇམ་པ་ལ། ། མེ་ལོང་དཀྱིལ་དང་མེ་ཏོག་དཔལ། ། རང་བཞིན་ཁ་དོག་ཐོན་པ་ཡིན། ། ཞེས་པ་བཞིན་ཐོག་མ་ཉིད་ནས་འབད་དེ་བྱའོ། །

9 བྱུག་ཚོན་བཟང་ངན།

བྱུག་ཚོན་བཟང་ངན་བརྟག་ཐབས་སུ། རས་གཞིའི་རྒྱབ་ནས་ནམ་མཁར་ལྟོས་ཤིག་དང་། ཚོན་གྱི་མཐའ་རྒྱ་ཆོད་མིན་དང་། སྲབ་མཐུག་བྱུག་རིས་ཡོད་མེད་གློ་བུར་དུ་རྟོགས་པར་འགྱུར། དེ་ནི་བྱུག་ཚོན་བཟང་ངན་བརྟག་པའི་ཐབས་ཀྱི་དམ་པའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-01

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།