ཚོན་ཆེན་བཙོ་འདུལ་སྦྱོར་གསུམ་གྱི་ལག་ཤེས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསེར་བཙོ་སྤྲད་བྱེད་པ་ལ་འབྲུ་བཙོ་དང་ལྗང་བཙོ་གཉིས་ཡོད་དེ། གཉིས་ཀ་གང་བྱེད་ཀྱང་ཐོག་མར་རྫ་ས་སྤུས་ལེགས་ཀྱིས་བཙོ་སྒམ་སྲབ་མཐུག་དང་གས་ཆག་མེད་པ། བཙོ་བྱ་གསེར་གྱི་མང་ཉུང་དང་འཚམས་ཤིང་ཁེབས་གཅོད་རང་འགྲིགས་ཡོད་པ་ཞིག་བཟོས་ནས། སེ་ཐེབས་ཀྱིས་མེར་བསྲེགས། དེ་ནས་རྫ་མ་གསར་བ་མདོག་དམར་པོ་སྤྱོད་མ་མྱོང་བ་ཞིག་ཞིབ་ཏུ་བཏགས་པའི་ཕྱེ་མ་ལ་ཚྭ་དཀར་ལྷད་མེད་ལྔ་ཆའི་གཅིག་དང་མཚུར་ནག་ཚྭ་འདེབས་ཙམ་བསྲེས་ནས་ཞིབ་ཏུ་བཏུལ་བ་ལ་བཙོ་ཐལ་ཞེས་ཟེར་ཞིང་། གསེར་འབྲུ་བཙོ་དང་ལྗང་བཙོ་གཉིས་ཀར་མེད་དུ་མི་རུང་བ་སྟེ། དེ་བཙོ་སྒམ་དུ་གྲི་ལྟག་མཐུག་ཤོས་ཙམ་ཁོད་སྙོམས་པར་བཀྲམ་པའི་སྟེང་དུ། འབྲུ་བཙོ་བྱས་ན་གསེར་འབྲུ་ཐིག་པའམ། བྱེ་གསེར་དངུལ་ཆུ་དང་བྲལ་བ་དེ་དག་གཅིག་གིས་གཅིག་ལ་མ་རེག་པར་བཀོད་པའི་སྟེང་དུ་བཙོ་ཐལ་སྔ་མའི་སྲབ་མཐུག་ཙམ་བཀབ་ལ་ཡང་དུ་གསེར་གོང་ལྟར་བཀྲམ། དེའི་སྟེང་དུ་ཡང་གཅིག་སྟེ་རིམ་པ་གསུམ་ལས་མང་མི་ཉན། དེ་ལྟར་གསེར་ཕན་ཚུན་དང་ཕྱིའི་སྒམ་ལ་མ་རེག་པར་བཙོ་ཐལ་གྱིས་བར་གསེང་བཀང་ལ་ཁེབས་གཅོད་བཀབ། བར་མཚམས་ཚྭ་འདམ་དང་སོལ་ཕྱེ་བསྲེས་མས་ཞལ་བ་ལེགས་པར་བྱ། སྐམ་ནས་གས་བྱུང་ན་ཞལ་བ་ཡང་ཡང་བྱས་ཏེ་གསེང་མེད་པར་བྱ། དེ་ནས་རྫ་མ་ཞབ་རྡོལ་ཆེན་པོ་ཞིག་གི་ནང་དུ་རྫ་སའི་རྐང་གསུམ་བཙུགས་པའི་ཁར་བཙོ་སྒམ་བཞག རྫ་མའི་ནང་ཤིང་དང་སོལ་བས་བཀང་། ཕྱོགས་ཡོངས་ནས་རྫ་མའི་ནང་རླུང་རྒྱུ་བའི་བུ་ག་གཏོད། བོང་མེ་བསྲེག་ཀྱང་རུང་བ་ལ་རླུང་ཆེན་ལྡང་ན་ཚ་དྲགས་པའི་ཉེན་ཁ་ཡོད་པས། རླུང་ཆེན་མི་ལྡང་བ་བྱས་ཤིང་མེ་སྤར་ནས་ཉིན་ཞག་གཅིག་བསྲེགས་རྗེས་གྲང་བ་དང་ཁ་ཕྱེ་ལ་བཙོ་ཐལ་ཆུས་བཀྲུས་ནས་བླངས་ཏེ་བཞུ་བླུག་སོགས་གང་དགོས་སྤྱད་ན་འགྲིག་གོ ། །
1 གསེར།
1_1 ལྗང་བཙོ།

ལྗང་བཙོ་ནི་གསེར་བཞུས་ཞུན་ལིང་ལྗང་བརྡུང་བྱ། སྲབ་མཐུག་གི་ཚད་ནི་གསེར་ཞོ་རེ་ལ་ཞེང་སོར་དོ་རེ་དང་། དཀྱུས་མཐེབ་མཛུབ་གང་མ་བར་དུ་བརྡུང་བའི་བྱང་བུ་ལ་ཚྭ་དང་སྟར་བུའི་ཁུ་བ་སླ་མོས་བྱུགས། སྐམ་ནས་བཙོ་ཐལ་དུ་བཞག་ལུགས་དང་ཐམས་ཅད་འབྲུ་བཙོ་ལྟར་བྱ་ཞིང་། བཙོ་སྒམ་ལ་གས་ཆག་སོགས་ཀྱི་རླུང་གསེང་ཤོར་ན་གསེར་ཞུ་ནས་ཐིག་པོར་འདྲིལ་ཉེན་ཡོད་པས་གཟབ་དགོས། བཙོ་སྤྲད་ལེགས་པའི་མཚན་ཉིད་ནི་དམར་སེར་ལི་ཁྲིའམ་གུར་གུམ་གྱི་མདོག་ལྟ་བུ་འབྱུང་བས་ལྗང་བཙོ་གལ་ཆེ་སྟེ། འདི་མ་སོང་བའི་འབྲུ་བཙོ་རྐྱང་བས་ལེགས་པོ་མི་འོང་ཞིང་འབྲུ་ལྗང་གཉིས་ཀ་སོང་ན་ཤིན་ཏུ་ལེགས། ཚ་གསེར་དང་གྲང་གསེར་གང་བྱེད་ཀྱང་ལྗང་བཙོ་ཐེངས་གཅིག་གིས་ཆོག  ལྗང་བཙོ་མ་བྱས་པའི་འབྲུ་བཙོ་གཅིག་པུས་ལེགས་པོ་མི་འབྱུང་ཞིང་། ཁྱད་པར་གསེར་ཤོག་བྱེད་རྒྱུ་ཡིན་ན་བཙོ་ཐག་ཆོད་ངེས་དགོས་པས་འབྲུ་བཙོ་དང་ལྗང་བཙོ་གཉིས་ཀ་འགྲོ་བ་གལ་ཆེའོ། །

གསེར་བཙོ་སྤྲད་བྱས་རྗེས་ལྕི་ཚད་ལ་ཆད་འཕྲི་ངེས་ཅན་ཞིག་འབྱུང་བར་དེའི་ཆད་ཚད་ནི། གསེར་སྤུས་རབ་ལ་དགུ་ཆའི་གཅིག་ཆད་པ་དང་། དེ་བཞིན་དུ་འབྲིང་ལ་བརྒྱད་ཆ་ཆད་པ། ཐ་མ་ལ་བདུན་ཆའི་གཅིག་ཙམ་ཆད་པ་ཡིན་ཡང་། ཚ་གསེར་གྲང་གསེར་གང་ལ་སྤྱད་ཀྱང་མ་བཙོས་པ་ལས་བཙོས་པ་ཁྱབ་ཆེ་ཞིང་སྣ་རིང་བས་དོན་དངོས་ལ་ཁྱད་པར་མི་འབྱུང་བར་མ་ཟད། བཙོ་སྤྲད་བྱས་མ་བྱས་པའི་གསེར་གྱི་ཁ་དོག་ནི་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ནོ། །

1_2 གྲང་འདུལ།

གསེར་གྲང་འདུལ་བྱེད་ཐབས་ལའང་རྒྱས་བསྡུས་གཉིས་ཏེ། དང་པོར་རྒྱས་པ་ལ་གསེར་བཙོ་མའམ། བཞུས་མ་གང་ཡང་རུང་བ་ལ་ཀོ་བ་ཡངས་པ་བཏིང་བའི་ལྕགས་ཀྱི་ཏི་ཙིའི་སྟེང་དུ། སྦྲང་བུའི་འདབ་གཤོག་ཙམ་གྱི་སྲབ་མཐུག་ཏུ་བརྡུངས་ལ་ཞིབ་ཏུ་གཏུབ་ནས། མཚོ་ཚྭ་དཀར་པོ་ལྷད་མེད་གསེར་གྱི་སུམ་འགྱུར་ཙམ་དུ་གཏུན་ལེགས་གཙང་ལ་རླན་ཅུང་ཟད་ཕབ་ལ་བརྡུང་། དེ་ནས་ཆུ་ཚན་གྱིས་ཚྭའི་བྲོ་བ་མེད་པར་བཀྲུས་ཤིང་སྤྱིན་གྱི་དྭངས་མ་སྣག་སྤྱིན་གྱི་དམ་ཚོད་ཙམ་དང་ཆང་གསེར་གྱི་བདུན་འགྱུར་ཙམ་བླུགས་ལ་རྡོ་གཏུན་བཟང་བོར་སླར་ཡང་འདུལ། རྡུང་བྱ་རྩི་ལྟར་དུལ་མ་རྣམས་རིམ་པར་ཐུར་འགོས་བླངས་ནས་དཀར་ཡོལ་དུ་བསགས། རྡུལ་དང་སྐྱོན་མི་ཤོར་ཞིང་ཡང་ཆང་སྤྱིན་གྱི་རོ་མེད་པར་བཀྲུས་སླད་སུག་པའི་ཁུ་དྭངས་ཀྱིས་སྦྱར་སྐམ་ལན་མང་བྱ། དེ་ལྟར་སྦིར་ལེན་པ་ལན་ཚྭ། གཡའ་གཅོད་པ་ཆང་། དྲི་འདོན་ལ་སྤྱིན། དག་བྱེད་སུག་པ་ཡིན་པས་གལ་ཆེ། གསེར་གྱི་ཁ་དོག་བསྒྱུར་བར་འདོད་ན་སྟར་བུ། སེའུ་འབྲུ། སེར་མཚུར་བཟང་བོ་གསུམ་གྱི་ཁུ་དྭངས་སྙིགས་མེད་པའི་མེ་ཉོབ་ཁར་དལ་བུས་བཙོ་ལ་སྔར་ལྟར་རྫས་ཀྱི་རོ་མེད་པར་བཀྲུ་བཤལ་བྱས་རྗེས་དམར་སེར་འདོད་ན་བཙོད་ཀྱི་ཁུ་དྭངས་གར་མར་བཙོ། སེར་སྣུམ་འདོད་ན་མྱང་རྩི་སྤྲས་དང་ཁ་ཆེའི་ཁུ་བར་བཙོ། གང་གིས་བཙོས་ཀྱང་བཙོས་ཟིན་རྗེས་སྐྱ་མཉེད་མི་བྱེད་པར་ཆུ་གྲང་བརྒྱབ་ནས་གྲུང་བཅུག་སྟེ་བཤལ་དོར་ལན་གཅིག་བཅས་བྱའོ། །

1_3 གྲང་འདུལ་སྟབས་བདེ།

གསེར་འདུལ་སྟབས་བདེ་ནི། གསེར་གོང་ལྟར་སྦྲང་གཤོག་ལྟར་བརྡུངས་པ་དེ་བཅད་གཏུབ་བྱས་ནས་རྡོ་དཀར་མཁར་གོང་ཕྱེ་མ་དང་ལྷན་ཅིག་རྡོ་གཏུན་དུ་འདུལ་ཐུབ་ངེས་བྱས་ནས་སླར་ལྕི་བས་བཏུབས་པ་སྐམ་ནས་མེར་བསྲེགས། ཐལ་བ་ཆུ་ནང་དུ་དལ་བུས་དཀྲུག་པས་རྡོ་ཕྱེ་དང་གསེར་སོ་སོ་ཕྱེ་འོང་བས་དེ་ལྟར་ལན་འགའ་བྱས་པའི་གསེར་རྡུལ་དང་བྲལ་བ་དེ་ཡང་བཏུལ་ནས་བྲིས་ན་རྒྱུག་ངེས་བྱུང་ཚེ། དེ་ལ་ཡོས་ཆུ་ནས་མེ་ལ་སེར་ཙམ་བརྔོས་པའི་ཁུ་བའམ། ཡང་ན་སྤྱིན་ཆུའི་དམ་རན་པར་སྦྱར་ནས་སྤྱོད་ཆོག་གོ ། །

གསེར་འདུལ་སྦྱོར་མ་ཞག་ལ་བཞག་ན་གཡའ་ནག་ལྟ་བུ་འབྱུང་བས་ཚོན་ཀོང་ནང་དུ་ཆུ་བླུག་ནས་འདུལ་ཤིང་གིས་དཀྲུག་འདུལ་བྱས་ཏེ་གཡའ་ཁུ་ཡང་ཡང་འདོན། དེ་ནས་སྤྱིན་ཆུ་བསྲེས་ཏེ་སྔར་བཞིན་སྤྱོད་ལ། ཟར་ཁུ་ཅུང་ཟད་བསྲེས་ན་གསེར་ཞུན་འཇམ་པོ་འོང་བ་ཡང་བཤད་དོ། །

1_4 གསེར་ཚབ་བཟོ་ཐབས།

གསེར་ཚབ་བཟོ་ཐབས་དུ་མ་ཡོད་པ་ལས་བྱ་སླ་བའི་ལག་ལེན་གཅིག་ཁོ་ན་ཙམ་ངོ་སྤྲོད་བྱེད་པ་ལ། རྒྱུ་གཤའ་ཚེ་དཀར་པོ་རག་རྡོ། ཟངས་ཕྱེ། མི་ཚུལ། ཤུག་འབྲུ། ཝ་ཚྭ། ཟེ་ཚྭ། མཛེ་ཚྭ། རྒྱ་ཚྭ། ནག་མཚུར་རྣམས་ཀོང་བུར་བཞུ་བཏུལ་ལན་གསུམ་བྱས་ན་གསེར་ཚད་མ་དང་མཚུངས་པ་འབྱུང་བར་གསུངས་སོ། །

གཞན་ཡང་དུས་འཁོར་སོགས་ཀྱི་རྒྱུད་ཀླུ་སྒྲུབ་སོགས་ཀྱི་བསྟན་བཅོས་དང་ལོ་ཙཱ་བ་ཨོ་རྒྱན་པ་རིན་ཆེན་དཔལ་གྱིས་བསྒྱུར་བའི་གསེར་འགྱུར་གྱི་བསྟན་བཅོས་བསྡུས་པ་དང་། རཏྣ་གླིང་པའི་གཏེར་ཆོས་ལས་གསེར་འགྱུར་བཟོ་ཐབས་སྐོར་དང་། མི་ཕམ་གྱིས་མཛད་པ་སོགས་རྣམ་གྲངས་ཤིན་ཏུ་མང་ཡང་ཡི་གེ་མང་བར་འཇིགས་ནས་མི་ཕམ་གྱིས་མཛད་པའི་བཟོ་གནས་ཉེར་མཁོ་གཙོས་བསྟན་བཅོས་རེ་འགའ་ལས་གསེར་སོགས་རིན་ཆེན་རིགས་ཀྱི་བཟོ་དང་གསེར་འགྱུར་བཟོ་ཐབས་ལྷ་བཟོ་ལ་ཉེ་བར་མཁོ་བ་རེ་འགའ་ཞིག་ངོ་སྤྲོད་བྱས་པ་ཡིན་པས་རྒྱས་པར་ཤེས་འདོད་ན་གོང་གི་བསྟན་བཅོས་ཁག་ལ་གཟིགས་པར་འཚལ།

2 དངུལ་གྲང་འདུལ།

དངུལ་གྲང་འདུལ་གྱི་ལག་ལེན་ཡང་སྤྱིར་གསེར་དང་འདྲ་བ་ལ། སླ་ཐབས་སུ་རྡོ་གཞོང་དུ་སོལ་ཕྱེ་མང་བོ་བླུགས་པའི་ནང་དུ་དངུལ་བཞུས་མ་བླུགས་ལ། མ་གྲང་བར་དུ་རྡོ་རིལ་གྱིས་མཉམ་དུ་ཤེད་ཕྱུང་ནས་འདུལ་བསྲུབ་ཚ་དྲག་ཏུ་བྱས་པས། བརྡར་མི་དགོས་པ་རྩམ་པ་རྩིང་བོ་ཙམ་འབྱུང་བ་དེ་སླ་ཐབས་ཡིན། མ་དུལ་བས་རྩིང་ན་སྔར་དུ་བཞུས་ནས་ཡང་དུ་འདུལ། བཏུལ་བའི་ཕྱེ་མར་གཡའ་དྲེག་འབྱུང་བས་གཡའ་འདོན་ལ། སྟར་བུ་དང་ཚ་ལ། བུལ་ཏོག་གསུམ་གྱི་ཁུ་བ་དྭངས་མ་བགྲུང་བའི་ནང་དུ་ཡང་ཡང་བསྣུར་ཏེ་བཀྲུས་ན་དངུལ་མདོག་ལེགས་པོ་འོང་བ་དང་། ཡང་ན་ཆང་དང་སེ་འབྲུའི་ཁུ་བ་སྦྱར་ཏེ་བཙོ་བཀྲུ་བྱས་ན་མདོག་ལེགས་པོ་འོང་ངོ་། །

3 ཟངས་འདུལ།

ཟངས་འདུལ་བྱེད་པའི་ཐབས་སུ་ཟངས་རྒྱུ་ཕོ་ཟངས་སྨུག་པོ་མ་ཡིན་པའི་མོ་ཟངས་ཞེས་ཁ་དོག་དམར་སྐྱ་འཇམ་ཞིང་མཉེན་ལ་སྤུས་ལེགས་པ་དེ་ཉིད་སེག་བརྡར་གྱིས་བརྡར་བའི་ཕྱེ་མ་མཚུར་དཀར་གྱི་ཆུ་ནང་དུ་ཡང་ཡང་བཙོ་ཞིང་བཀྲུས་རྗེས་གསེར་འདུལ་ལྟར་བཏུལ་ནས་ཞོ་སྐྱའི་སྔོ་ཀྲུང་སྟེ་དར་བ་བསྐོལ་ཏེ་ཕྱུར་བ་བླངས་ཟིན་པའི་ཁུ་བའི་ནང་བཙོས་པས་གཡའ་ཆོད་དེ་ཟངས་མདོག་ལེགས་པར་འོང་ངོ་། །

4 རག་འདུལ།

ར་གན་གྱི་རྒྱུ་རྒྱ་རག་སེར་པོ་མདོག་བཟང་སེག་བརྡར་གྱིས་བརྡར་བའི་ཕྱེ་མ་མཚུར་ནག་ཆུར་སྦྱང་དྭངས་ཁུར་བཙོ་བཤལ་བྱས་ནས་གསེར་ལྟར་འདུལ། དེ་རྗེས་སྙ་ལོའི་ཁུ་བའི་ནང་སེར་མཚུར་དང་བྱང་བུལ་བཟང་བོ་ལྷད་མེད་ཅུང་ཟད་བཅས་བཏབ་པའི་ནང་དུ་བཙོ་བཤལ་བྱས་རྗེས་ཡང་བསྐྱར་གོང་ལྟར་འདུལ། བཏུལ་ཚར་ནས་དམ་རྩི་སྦྱར་བའི་སྐབས་སུ་མྱང་རྩི་སྤྲས་ཀྱིས་ཁ་བསྒྱུར་ན་གསེར་གྱི་མདོག་ལྟར་འབྱུང་ངོ་། །

5 མཚལ་འདུལ།

མཚལ་གྱི་རྒྱུ་བཟང་ངན་ནི་ངོས་ལ་འོད་དཀར་དམར་འཕྲོ་ཞིང་བཅག་མཚམས་ཤེལ་དཀར་འདྲ་ན་རབ། དམར་དྭངས་གསལ་ཞིང་བཅག་མཚམས་སུ་ནམ་མཁའི་སྐར་ཚོགས་ལྟར་བཀྲ་བ་ནི་འབྲིང་། དམར་སྨུག་ནི་ཐ་མའོ། ། དེའི་འདུལ་སྦྱང་གི་ལག་ལེན་ནི། གཏུན་གཙང་མ་རུ་ཕྲམ་བརྡུང་བྱས་ཏེ་མཚལ་ནུབ་ཙམ་གྱི་ཨ་རུ་རའི་ཁུ་བའི་ཆུ་བླུགས་ཤིང་གཙང་སར་ཞག་གཅིག་བཞག་ནས་ཁ་ཆུ་སེར་པོ་ཕྱིར་དོར། དེ་རྗེས་གཏུན་སྐོར་ཅུང་ཟད་བྱས་པས་འདུལ་སླ། མདོག་ལེགས། འདྲེན་བདེ་བའི་གནད་ཡོད་དོ། ། དེ་རྗེས་དཀར་ཡོལ་སོགས་ཀྱི་ནང་དུ་ཡུན་རིང་དལ་བུས་བསྣུར་ཐག་ཆོད་པར་བྱའོ། །

6 ལྷང་ཚེར་འདུལ་ཐབས།

ལྷང་ཚེར་གྱི་ལག་ལེན་མཁས་གྱུར་ན། ཚོན་སྣ་ཚོགས་ཀྱིས་མདོག་བསྒྱུར་བའི་གཞི་མཆོག་ཏུ་གྱུར་བ་སྟེ། དེ་ལ་ཐོག་མར་རྒྱུ་ལ་བརྟག་དགོས་པ་ལས་རབ་སེར་པོ་དང་། འབྲིང་དཀར་པོ། ཐ་མ་སྔོ་ནག་ཡིན་པ་ལས། ལྷང་ཚེར་སྤུས་ལེགས་གྲིས་གཤགས་པའི་སྲབ་མོའམ། ཡང་ན་ཆེ་བརྡུང་བྱས་པ་རྫ་གསར་གྱི་ནང་དུ་ཆང་གསར་བྲེ་གང་བཙོ་ཐེབ་ལན་གསུམ་བྱས་ཏེ་ཁུ་ལ་ཡང་ཡང་འཕོ་ཞིང་ཆུ་ཚན་གྱིས་བཤལ་ནས་ར་རྐྱལ་ཆུ་ཐུབ་ཏུ་བླུག  དེ་ལ་ཚོན་སྣ་ཚོགས་ཀྱིས་མདོག་བསྒྱུར་བྱེད་འདོད་ན། ཆང་རག་གམ། དར་བ་སྐྱུར་བོའམ། སྤྱིན་ཆུའམ། ཆུ་གཙང་གང་འདོད་བླུག་པའི་སྟེང་། རྐྱལ་ཁ་རྔ་རྩིད་ཀྱིས་བསྡམས་ནས་མི་ཤེད་ཆེན་གྱིས་རྐྱལ་བ་ལག་མཉེད་བྱས་ནས་སྐྱོ་མ་ཞོ་ལྟར་དུལ་བ་དང་། ཚག་ལ་དྲོངས་པ་འདི་ཁ་དོག་གང་འདོད་བསྒྱུར་བའི་གཞི་མ་ཁྱད་འཕགས་ཡིན་ནོ། ། རྐྱང་པ་བྱུག་ན་དངུལ་མདོག་འོང་ཞིང་སྤྱིན་ཆུའམ་ཟར་ཁུས་དམ་བྱའོ། ། གསེར་མདོག་བྱེད་འདོད་ན་ཡུང་བ་སེར་པོ་ཞོ་གསུམ། ཁ་ཆེ་ཤ་སྐམ་ཞོ་གཅིག་སྐར་གཉིས། ཆུ་བུན་པ་སྲང་གང་ཞོ་གསུམ། སྒོ་རུལ་ཞོ་བདུན་སྐར་བརྒྱད། ལྷང་ཚེར་ཞོ་དྲུག་བཅས་སྲང་བཅུའི་ཚད་དུ་བྱའོ། ། དེ་ནས་གོང་གི་བཙོ་བཤལ་ཟིན་པའི་ལྷང་ཚེར་དེ་དྲོད་མ་ཡལ་བ་ལ་ཡུང་བ་སེར་པོ་ཞིབ་བཏགས་བཏབ་ནས། རླངས་པ་མ་ཤོར་བར་ཡུད་ཙམ་བཙོས་པའི་ནང་དུ་ཆང་ངམ་དར་སྐྱུར་བྲེ་གང་ཙམ་བླུགས་ཏེ་སྐྱོ་མ་བྱས་པར་རྫས་གཞན་རྣམས་བཏབ་སྟེ་ར་རྐྱལ་དུ་བླུག  ཁ་བཅིངས་ནས་རྫ་སྣོད་ནས་བྲེ་བརྒྱད་ཤོང་བ་ཙམ་གྱི་ནང་དུ་བཞག  དེའི་སྟེང་དར་བ་རང་ནུབ་ཙམ་བླུག  ཁ་རས་ཀྱིས་བཀབ་ལ་ཞག་གསུམ་མམ་བདུན་དུ་བྱེ་མའི་ནང་དུ་བསྙལ། དེ་ནས་བཏོན་པ་མི་ཤེད་ཆེ་བའི་ཁུག་མ་ལག་མཉེ་བྱས། ཞོ་ལྟར་དུལ་ནས་ཁ་ཕྱེ་ནས་དར་ཚགས་ལ་བཙག  སླར་ཁ་རྩི་སྤར་དགོས་བྱུང་ན་རྫས་སྔ་མའི་ཁུ་བས་རུང་ངོ་ཞེས་དང་། ཡང་ལྷང་ཚེར་ཞིབ་ཏུ་བརྡུངས་པའི་ཕྱེ་མ་བླུག་ཀོང་ནང་བཅུག་སྟེ་ཁ་སོགས་སྦུབ་ཙམ་མ་ཡིན་པ་རྫ་འདམ་གྱིས་བཅད། དེ་ནས་མར་ཟེ་ཚྭ་ཙམ་མམ་ཟི་ཙི་བླུག་ནས་སོལ་མེར་བཞུ། གྲང་བཅུག་པས་ཤོག་བུ་བསྲེགས་ཐལ་འདྲ་བ་འོང་། དེ་ཟར་མའི་ཁུ་བ་དང་སྦྱར་ནས་ཅི་ལ་བྱུག་ཀྱང་གསེར་གྱི་མདོག་འོང་ཞེས་དང་། ཡང་ལྷང་ཚེར་ཆང་གི་ནང་མདོག་མཉམ་ཙམ་བཙོས་ལ་བཏོན། ཆ་མེད་པར་ཞིབ་བཏགས་བྱས་པར་རྐྱལ་སྣོད་གཙང་མར་ཞག་གསུམ་མཉེ། དྲི་མ་རིམ་བཞིན་བཅད་པས་ཞར་ལ་དག་པར་འགྱུར་ཞིང་། དེ་ལྟར་ལན་འགའ་བྱས་པ་ཟར་ཆུར་ཤིང་ཀུན་ཞིབ་བཏགས་ཁུ་བ་ཕམ་སྟེ་བྱུག་པས་དངུལ་མདངས་འབྱིན། དེ་ལྟར་ཞིབ་ཆ་མ་གྲུབ་ན་ཡང་ཆང་གི་ནང་དུ་ཟན་དྲོན་བཙོས་པ་ལྟར་བྱས་ཏེ་འདམ་འཐག་བྱས་ན་དྲི་མ་སྔར་ལྟར་འདོན་ཅིང་ཟར་ཁུས་བྱུག་པར་གཟིས་དབུར་བས་འགྲུབ་ཅིང་། དེ་ལ་ཁ་ཆེ་གུར་གུམ་ནས་རྦྲྀ་རྟ་སྦང་ཆར་བཀྲུས་སྐམ་པོ་དང་རུ་རྟ་བསྲེས་ཏེ་བྱུག་པས་གསེར་བཙོ་མ་ལྟར་འབྱུང་བར་བཤད་པ་སོགས་ལྷང་ཚེར་ཁ་བསྒྱུར་བྱེད་ཐབས་ཤིན་ཏུ་མང་ངོ་། །

7 སྤྱིན་བཟོ་ཐབས།

སྤྱིར་སྤྱིན་གྱི་རིགས་ལ། ཟོག་ཀོའི་སྤྱིན་དང་། རྭ་སྤྱིན་དང་། རྟ་ལྤགས་ཀྱི་སྤྱིན་དང་། ཉ་སྤྱིན་དང་། བསེ་རུའི་སྤྱིན་སོགས་ཡོད་ཅིང་། དེ་སོ་སོའི་ཁ་དོག་དང་། འབྱར་ནུས། རྒྱུ་ཆ་སོ་སོ་ལ་འཕྲོད་ཚད་མི་འདྲ་བས་སྤྱོད་སྒོའི་དགོས་མཁོ་མི་འདྲ་བ་རེ་ཡོད་ཚུལ་རྒྱ་ནག་གི་ལག་ཤེས་ལས་རྒྱས་པ་འབྱུང་། བོད་ལ་དར་ཆེ་བ་ནི། ཀོ་སྤྱིན་དང་རྭ་སྤྱིན་གཉིས་ཙམ་སྟེ། ཀོ་སྤྱིན་ནི། དཔྱིད་ཀར་ཤི་བའི་ཟོག་ཡིན་ན་སྣུམ་མེད་པས་དེ་བཟང་། མིན་ན་ཀོ་བ་སྤུ་བཤུད་དང་སྐྱི་བཅད་ཧ་ཅང་གཙང་བར་བྱས་ཐོག  ཡང་དུ་སྣུམ་དང་དྲེག་པ། རྡུལ་སོགས་བཀྲུ་བཤལ་དག་པར་བགྱིས་པ་དེ་གཡའ་མི་ཞུགས་པའི་སྣོད་དུ་ཚོས་ཙམ་བཙོས་པའི་ཁུ་བ་ཕོ། སྣོད་གཙང་མར་བཀྲུས་པའི་ནང་རྡུལ་སོགས་མི་ཞུགས་མི་འཁར་བར་ཀོ་བ་ཐམས་ཅད་མ་ཞུ་བར་དུ་གདུས་ནས་ཁུ་བ་དང་གཉིས་སུ་མེད་པར་གྱུར་པ་དེ་སྐག་ཏུ་བཅུག་ནས་སྲན་ཐུད་ལྟར་གྱུར་པ་དེ་གཏུབ་ནས་སྐམ་དུ་བཅུག་པ་དེ་ཡིན།

རྭ་སྤྱིན་ནི། རྭ་ཅོ་གང་རུང་རྭ་སྙིང་བླངས་རྗེས་རྡོ་ཐོག་ཏུ་ཧྲོབ་ཙམ་བརྡུངས་ནས་གཙང་མར་བཀྲུས་པ་དེ་བཙོ། ཇ་ཡུན་ཙམ་ཁོལ་རྗེས་ཁུ་བ་ལན་གཅིག་དོར་ནས་ཡང་དུ་གདུས་ཏེ་འདག་ལྟར་མ་གྱུར་བར་དུ་གདུས་ནས་སྐེམ་སྟངས་སོགས་ཀོ་སྤྱིན་སྐབས་ལྟར་བྱས་ནས་སྐབས་ལྟར་གྲུབ། ཀོ་སྤྱིན་དང་རྭ་སྤྱིན་གཉིས་ཀྱི་ཁྱད་པར་ནི། ཀོ་སྤྱིན་ནི་བོངས་ཆེ་གདུ་སླ་ཡང་དམ་ཚད་དང་དྭངས་ཚད་ཅུང་ཟད་ཆུང་། རྭ་སྤྱིན་ནི་ཚོས་དཀའ་ཞིང་བོངས་ཆུང་ལ་དྭངས་ཆ་ཆེ་ཡང་མཉེན་དེ་ཙམ་མེད། དམ་རྩི་བཟང་ཞེས་བཤད། མགྱོགས་ཐབས་སུ། ཀོ་པགས་དང་རྭ་ཅོ་གང་རུང་ཞིབ་ཙམ་བརྡུངས་པའམ་ཡང་ན་གཏུབ་ནས་བཙོས་ན་ཚོས་སླ་བ་དང་། མ་ཞུ་ཙམ་དུ་ཐབ་ལས་བླངས་ཤིང་ཐོས་རྡོ་གཏུན་དུ་བརྡུངས་མཐར་ཡང་དུ་གདུ། མ་ཚོས་པ་དང་མ་དུལ་བ་ཚགས་སུ་བཙག་པའི་སྙིགས་མ་དོར། གཞན་གོང་ལྟར་བཟོ་ཡང་ཆོག  གཟབ་བྱར། ཀོ་སྤྱིན་དང་རྭ་སྤྱིན་གང་བཟོ་རུང་ཐོག་མར་རྒྱུ་གཙང་མར་བཀྲུས་ཏེ་སྣུམ་དྲེགས་མེད་པ་བྱ་རྒྱུ་དང་། གདུ་སྣོད་གཙང་ཞིང་གཡའ་མི་ཞུགས་པ། སྐེམ་པའི་སྐབས་རྡུལ་མི་ཞུགས་པ་སོགས་མདོར་ན་སྤྱིན་བཟོ་བའི་ཐོག་མཐའ་བར་གསུམ་དུ་གཙང་སྦྲ་ཐུབ་པ་གལ་ཆེ་ལ། ཁྱད་པར་དུ་ཤིང་སོགས་སྦྱར་བྱེད་ཙམ་མ་ཡིན་པར། ཐང་ཀ་དང་ལྡེབས་རིས་སོགས་ཀྱི་རི་མོ་རྩ་ཆེན་དུ་སྤྱོད་པའི་སྤྱིན་ནི་དེ་བས་ཀྱང་གཟབ་དགོས། གཞན་ཡང་། རྟ་ཟོག་སེམས་ཅན་གྱི་རྒྱུངས་པ་དང་། འོ་ཤང་དང་། ཟར་ཁུ་དང་། ཤེལ་ཀ་ར་དང་། ཡོས་ཁུ་སོགས་ལས་བཟོས་པའི་དམ་ཆུའི་རིགས་དང་། བཀྲག་རྩི་སོགས་སྤྱོད་སྒོ་ཁྱད་པར་ཅན་གྱི་དམ་ཆུ་རིགས་མང་ཡང་སྤྱོད་ཡུལ་གྱི་ས་བཅད་རང་རང་གི་ནང་དུ་སོང་བས་འདིར་མ་བཀོད་དོ། །

8 གཙང་མཐིང་འདུལ་ཐབས།

གཙང་སྤང་གཙང་མཐིང་ནི་བོད་ཀྱི་རི་མོ་རྩ་ཆེན་གྱི་རིགས་སུ་སྤྱོད་པའི་ཚོན་དཀོན་ཞིང་རིན་ཐང་ཅན་ཞིག་སྟེ། འབྱུང་ཁུངས་བོད་ཀྱི་གཙང་ཁུལ་ཡིན་པའམ་ཚོན་ཚད་ལྡན་ལྷད་མེད་པའི་དོན་གྱིས་མིང་དེ་ལྟར་གྲགས་སོ། ། འདིའི་ལག་ལེན་ལ་མཁས་གྱུར་ན། སྡེབ་སྦྱོར་མ་ཡིན་པའི་ཚོན་སྦྱང་བཏུལ་གྱི་བྱ་ཐབས་ཁོ་ནར་བརྟེན་ནས་ཁ་དོག་རིགས་དུ་མར་བསྒྱུར་ཆོག་པ་དང་། ཚོན་གཞན་ལས་ལྷག་པའི་དགེ་མཚན་དུ་མ་མངའ་བ། རིན་ཐང་གསེར་ལས་ལྷག་པ་ཞིག་སྟེ། སྔོན་གྱི་ཐང་ཀ་རྩ་ཆེན་རིགས་ལ་གཙང་སྤང་གཙང་མཐིང་དང་གསེར་ལ་སོགས་རིན་ཆེན་རིགས་ཀྱི་ཚོན་ལས་བྲིས་ཞེས་བཤད་པ་དེ་ཡིན། རིན་ཆེན་དང་པོ་གསེར་དུ་བགྲངས་མོད་ཀྱང་། གསེར་གྱི་ཐོག་མར་གཙང་སྤང་གཙང་མཐིང་ཞེས་སྨྲ་བ་ཐོས་སོ། །

འདིའི་ལག་ལེན་རགས་པ་ནི། ཐོག་མར་དཀར་ཡོལ་སོགས་སྣོད་གཙང་མའི་ནང་དུ། སྤྱིན་ཆུ་འདྲེས་ཙམ་གྱི་ཆུར་མང་ཉུང་ཇི་ལྟར་འདོད་པའི་གཙང་སྤང་ངམ་ཡང་ན་གཙང་མཐིང་སྤུས་ལེགས་བྱེ་མ་ལྟ་བུ་དེ་སྦངས་ལ། འདུལ་བུས་ཡུན་དུ་བཏུལ་མཐར། ཡུད་ཙམ་བགྲུངས་ཏེ་ཚོན་ཕྱེ་དང་འདྲེས་པའི་ཁ་ཆུ་སྣོད་གཞན་དུ་དྭངས་བཞུར་བྱ། དེ་ལྟར་ཡང་ཡང་བཏུལ་བ་ལ་ཐེངས་རེ་ལས་ཐེངས་རེར་ཁ་དོག་སྐྱ་བ་འབྱུང་བས། སྤྲིན་གྱི་ཁ་དོག་སོགས་སྐྱའི་རིགས་ཀྱི་རྒྱུ་མཆོག་ཏུ་བཤད་དོ། །

གཉིས་པ། དྭངས་བཞུར་ཐེངས་གཅིག་བྱས་ཟིན་པའི་སྙིགས་མ་ཡང་དུ་བཏུལ་བའི་དྭངས་མ་སྔར་ལྟར་སྣོད་གཞན་དུ་བླུགས་པས་ཞིབ་ཏུ་བཏུལ་བ་དེ་ལ་སྤང་མཐིང་གི་ཁ་དོག་དཀྱུས་ཙམ་འབྱུང་བས་སྤང་མཐིང་སྤྱི་ལྟར་སྤྱོད་པའི་མདོག་མཆོག་ཏུ་གྱུར།

གསུམ་པ། གོང་གི་དྭངས་བཞུར་ཐེངས་གཉིས་ལས་ལུས་པའི་སྙིགས་མ་ཞིབ་ཏུ་བཏུལ་བ་དེ་ལ་སྤང་ནག་དང་མཐིང་ནག་ཅེས་རིགས་གསུམ་འབྱུང་ཞིང་། ལག་ལེན་ཞིབ་པ་དེ་རེ་རེ་ལའང་གསུམ་གསུམ་དུ་བྱ་ཆོག་པར་མཁས་པའི་ངག་རྒྱུན་ལས་ཐོས་སོ། །

ཚོན་ཐུལ་མིན་བརྟག་ཐབས་ནི། ཚོན་གྱི་འདུལ་བུ་ཚོན་གྱི་ནང་དུ་བསླངས་ན་མི་འགྱེལ་བ་བྱུང་བ་དེ་འདུལ་ཐུབ་པའི་ཚད་དུ་བཤད་དོ།།

མདོར་ན། ཚོན་འདི་དཀོན་ཞིང་རིན་ཐང་ཆེ་བ། ལག་ལེན་དཀའ་བ། ལག་ལེན་མཁས་གྱུར་ན་ཁ་དོག་ཕུན་སུམ་ཚོགས་པ་འབྱུང་བ། ཚོན་མདོག་གཞན་གྱིས་མི་བརྫི་བ། མི་ཉམས་ཡུན་དུ་གནས་པ་བཅས་ཏེ། ཐང་ཀ་དང་ལྡེབས་རིས་སོགས་རི་མོ་རྩ་ཆེན་རིགས་ལ་མེད་ཐབས་མེད་ལ། བོད་བཟོའི་ལག་ཤེས་ཀྱི་གྲུབ་ཆ་དང་ཁྱད་ཆོས་གཙོ་བོ་ཞིག་ཀྱང་ཡིན་པས། ལྷ་བཟོ་ཚད་དང་ལྡན་པ་ཞིག་ཡིན་ན་གོང་གི་ལག་ལེན་ལ་མཁས་པ་གལ་ཆེ་བར་སྣང་ངོ་། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-01

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།