ཆོས་དཔེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆོས་དཔེ།
དཔེ་རྒྱན་གྱི་ནང་གསེས་དང་པོ་ཆོས་དཔེ་ནི་དཔེ་དང་དཔེ་ཅན་གྱི་ཁྱད་ཆོས་འདྲ་བ་ཤུགས་བསྟན་ཙམ་མིན་པར་མཚུངས་གསལ་གྱི་སྒྲའི་རྗེས་ལ་དངོས་སུ་གསལ་བར་སྟོན་པའི་རྒྱན་དེ་ཡིན་ནོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
同状喻
1 གོ་དོན།

དཔེ་དང་དཔེ་ཅན་མཚུངས་པའི་ཆོས།།

མཇུག་ཏུ་བཀོད་པ་ཆོས་དཔེར་འདོད།།

དཔེ་དང་དཔེ་ཅན་གཉིས(ཀྱི་མིང་སྔོན་དུ་སྨོས་ཤིང་དེའི་རྗེས་སུ་མཚུངས་གསལ་གྱི་སྒྲ་སྦྱར་ཏེ་མཇུག་ཏུ་དཔེ་དང་དཔེ་ཅན་གཉིས)ཀྱི་ཁྱད་ཆོས་འདྲ་བ་གཅིག་བཀོད་པའི་སྒོ་ནས་དེ་གཉིས་མཚུངས་པར་སྟོན་པ་ཞིག་ཡིན།

2  རྩ་བའི་དཔེར་བརྗོད།

མཛེས་མ་ཁྱོད་ཀྱི་ལག་མཐིལ་ནི།།

ཆུ་སྐྱེས་བཞིན་ཏུ་ཀུན་ཏུ་དམར།།

ཞེས་པ་སྟེ། གོ་དོན་ནི། ཀྱེ་མཛེས་མ་ཞེས་བོས་ནས་ཁྱོད་ཀྱི་ལག་མཐིལ་ནི་ཆུ་སྐྱེས་ཏེ་པདྨ་བཞིན་དུ་དཀར་ལ་དམར་བའི་མདངས་དང་ལྡན་ནོ།། ཞེས་མཛེས་མའི་ལག་མཐིལ་དང་པདྨ་གཉིས་དཀར་ལ་དམར་མདངས་ཆགས་པའི་ཁྱད་ཆོས་ཅན་དུ་མཚུངས་པར་སྟོན་པ་ལྟ་བུའོ།།

3 རྣམ་གསལ་གྱི་དཔེར་བརྗོད།

བོད་མཁས་པས།

ནེའུ་གསིང་གཡུ་ཡི་མཎྜལ་ཕྱིས་འདྲར་སྔོ།།

མེ་ཏོག་ཕྲེང་མཛེས་སྐར་ཚོགས་བཞིན་དུ་བཀྲ།།

བུང་བའི་མགྲིན་སྒྲ་རྒྱུད་མངས་ལྟར་སྙན་པའི།།

དཔྱིད་ཀྱི་དུས་འདི་ལྷ་ཡུལ་ལྟ་བུར་མཛེས།། 

                                         ཞེས་པ་ལྟ་བུ།

དུང་དཀར་བས།

མེས་རྒྱལ་མི་དམངས་དུང་ཕྱུར་མང་པོའི་སེམས།།

གསེར་སྐུད་གྲུ་གུ་ལྟ་བུར་གཅིག་ཏུ་འགྲིལ།།

དེང་རབས་ཅན་བཞིའི་རླབས་ཆེན་འཛུགས་སྐྲུན་ཀུན།།

དབྱར་མཚོ་རྒྱས་པའི་དཔལ་བཞིན་གོང་དུ་འཕེལ།། 

                                              ཞེས་པ་ལྟ་བུའོ།།

རྒྱལ་དབང་ལྔ་བས།

དག་དབང་དབྱངས་ཅན་དགྱེས་པའི་ཞལ་གྱི་སྒོ།།

ཡིད་འོང་འཛུམ་པའི་དབུས་ནས་བཞི་བཅུའི་ཚེམས།།

ཚར་དུ་དངར་འདི་ཉི་འོད་ཀྱིས་ཁྱབ་པའི།།

གངས་ཀྱི་རི་བོ་ལྟ་བུར་དཀར་ཞིང་མཛེས།།

ཞེས་དཔེ་ཅན་དབྱངས་ཅན་མའི་ཞལ་གྱི་ཚེམས་དེ་དཔེ་ཉི་འོད་ཀྱིས་ཁྱབ་པའི་གངས་རི་ལྟར་དཀར་ཞིང་མཛེས་ཞེས་དཔེ་དཔེ་ཅན་གཉིས་ཀྱི་མཚུངས་ཆོས་ཁ་དོག་དཀར་བ་ཁོ་ན་གསལ་བར་བསྟན་པ་ལྟ་བུ།

བསེ་ཚང་བས།

སྐྱེས་ཐོབ་རིག་པའི་རྩལ་ཀུན་ལྷུན་རྫོགས་པའི།།

ཤེས་བྱ་ཀུན་གཟིགས་བཤེས་གཉེན་དམ་པ་ཡི།།

དགྱེས་འཛུམ་ཞལ་གྱི་ཚེམས་ཕྲེང་གསལ་བའི་མདངས།།

སྟོན་ཟླ་རྒྱས་པའི་དཔལ་ལྟར་དཀར་ཞིང་མཛེས།། 

                                           ཞེས་པ་ལྟ་བུའོ།།


བརྡ་འགྲེལ་གདོང་འཛར།

རྩོམ་རིག རྩོམ་རིག་བརྩམས་ཆོས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-01

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།