བཅད་པིར་བཟོ་བའི་ལག་ཤེས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཅད་པིར་བཟོ་བའི་ལག་ཤེས།
བཅད་པིར་བཟོ་བའི་རྒྱུ་ནི་སྲེ་མོང་ཤེད་བཟང་ཞིག་གི་པགས་པ་གྲ་མ་ཉམས་པའི་རྔ་མ་དང་སྒལ་བའི་སྤུ་རྩུབ་པོ་འོད་དང་ལྡན་པ་རྒྱ་ཁབ་དང་འདྲ་བ་དེ་ནི་པིར་གྱི་རྒྱུ་ཆས་ཀྱི་མཆོག་སྟེ། རྒྱ་བོད་ཀུན་ལ་དེ་ལས་ལྷག་པ་མེད་དོ། ། བཅད་པིར་ལེགས་པའི་ཚད་ནི། ཟླུམ་གོར་སོགས་ཀྱི་རི་མོ་ཇི་ལྟར་བྲིས་ཀྱང་ཉིས་རིས་མི་འབྱུང་ཞིང་། ཆུར་ཅི་ཙམ་སྦངས་ཀྱང་ཤེད་ཡོད་པ། བཅད་རིས་སྦོམ་ཕྲ་གང་འདོད་འབྱུང་བ་དེ་ཡིན་ཞིང་། པིར་བཟང་ངན་གྱིས་ལྷ་བཟོ་ལ་ཕན་གནོད་ཆེ་སྟེ། ཇི་སྐད་དུ། པིར་གྱི་མཚོན་ཆ་མི་བཟང་བའི། ། རི་མོར་གཟབ་པ་བཟོ་བོ་འཁྲུལ། ། ཞེས་དང་། ཡང་། ལྷ་བཟོའི་པིར་འགོ་བུ་ལས་གཅེས། ། ཅི་མ་ཡིན་ལ་མི་གཅེས་ཏེ། ། ལྷ་བཟོ་མགོ་ཐོན་པིར་གྱིས་བྱེད། ། སོགས་ཀྱི་ཁ་རྒྱུན་སྣང་བ་ལྟར། པིར་བཟོ་ལ་མཁས་གྱུར་ན་གང་འདོད་པའི་རི་མོའམ་ཡིད་བཞིན་དུ་འབྱུང་བ་ཡིན་ནོ། །
དཀར་ཆག
1 བཟོ་ཐབས།

བཅད་པིར་བཟོ་བ་ལ་པིར་འཚག་སྣོད་ཀྱི་པིར་ཀོང་ལེགས་པོ་ཞིག་དགོས་པས། དེའི་བཟོ་ཐབས་ནི། རྫ་ས་འབྱར་རྩི་ཅན་རྡོ་དང་རྡུལ་སོགས་མ་འདྲེས་པ་ཞིབ་བཏུལ་གྱི་འདམ་སྲ་སྙི་རན་པ་ཤྭ་ལྟ་བུ་ལ་སྟེང་ཅུང་ཞུམ་པ། ཆེ་ཆུང་ཁྱོར་བའི་ནང་དུ་ཁྱེར་བདེ་ཙམ་བྱ། དེ་ནས་ཤུག་པ་སོགས་ཀྱི་སྲ་ཤིང་དྲང་བོར་གཤགས་པའི་ཤིང་ཐུར་བཅད་པིར་གྱི་ཡུ་བ་ལས་སྦོམ་ཙམ་གྱི་ཕྱོགས་གཉིས་གྲི་རྣོན་པོས་བཞོགས་ཤིང་རིམ་གྱིས་ཕྲ་བ་ལ། སྣེ་དྲང་བོར་གཏུབ་སྟེ་རྡོ་འཇམ་པོའི་སྟེང་དུ་འཇམ་བརྡར་བྱ། རེ་ནག་སོགས་ཀྱིས་ལེགས་པར་ཕྱིས་ནས་སྣུམ་ཅུང་བྱུགས་ཏེ་གོང་གི་འདམ་གྲུ་བཞི་བའི་དཀྱིལ་དུ་ཡོང་བ་མེད་པའི་བུ་ག་སོར་གཅིག་ཙམ་ཞིག་གཏོད། ཤིང་ཐུར་བཏོན་ནས་བུ་ག་ཡོ་མིན་དང་མཐིལ་སྙོམ་མིན་སོགས་ལ་བལྟ། ནང་གི་ངོས་མི་འཇམ་ཞིང་མཐིལ་མི་སྙོམ་ན་པིར་ལེགས་པོ་མི་འོང་བས་བསྐྱར་བཟོ་བྱ། དེ་སྐབས་ཐག་ཆོད་པ་ན་སྲེ་མོང་གི་སྤུའི་རྩ་བ་ནས་པིར་གྱི་འགོ་རན་པ་བྲེགས་ཏེ་ལག་པ་གཡོན་པའི་མཐེབ་མཛུབ་གཉིས་ཀྱི་བར་སྤུ་རྩེ་ནས་བཟུང་སྟེ་པུས་མོ་གཡོན་པའི་ཐོག་བཞག་ནས། ལག་གཡས་ཀྱིས་ཐུར་མ་རྣོན་པོས་བཅད་པིར་གྱི་ཡུ་བས་ཀྱང་རུང་བའི་ཤད་བརྒྱབ་སྟེ་ཁུལ་བུ་དོར། སྤུ་རྩུབ་ཀྱི་རྩེ་ཐུར་དུ་བསྟན་ནས་པིར་ཚགས་སུ་དལ་བུར་བཙགས་རྗེས་མཐེ་མཛུབ་གཉིས་ཀྱིས་སྙོམ་པོར་བཟུང་ནས་ཕྱིར་ཕྱུངས་ན་སྤུ་རྩེ་ཐམས་ཅད་གྲལ་མཉམ་པར་གྱུར་ཡོད། མ་ཡོད་ན་བཙགས་མ་ཐུབ་པའམ་ཁུལ་ཡོད་པའམ། སྤུ་འཁྱོག་པ་ཡོད་པའམ། ཡང་ན་ཕྱིར་ཕྱུང་དུས་མཐེབ་མཛུབ་འགུལ་ཤོར་བ་ཡིན་པས་བརྟགས་ཏེ། ཡང་དུ་བཙག  སྤུ་འཁྱོག་གིས་ཉིས་རིས་དོད་པས་ངེས་པར་དུ་བསལ་དགོས་ལ། སྦོམ་ཕྲ་གང་འདོད་སྤུ་མང་ཉུང་གིས་གྲུབ་བོ། ། སྤུ་ལེགས་པར་བཙགས་ཟིན་པ་དང་། སྤུ་རྩེ་སྤྱིན་གར་བོ་ནར་གྱིས་འགྲོ་བའི་ནང་དུ་བཅུག་ནས་བླངས་ཏེ་ཐལ་བའི་ནང་དུ་སྐམ་དུ་བཅུག  སྐམ་ཐག་ཆོད་པ་དང་སྤུ་རྩེ་ནས་བཟུང་སྟེ་སྤུའི་རྩ་བ་གོང་ལྟར་སྤྱིན་ཆུའི་ནང་དུ་དྲངས་ནས། ཙན་དན་ལ་སོགས་ཀྱི་པིར་གྱི་ཡུ་བའི་རྩེ་ལ་ཕྱོགས་ཐམས་ཅད་མཉམ་པར་བསྐོན། སྤུ་རིང་དྲགས་ན་རི་མོ་འབྲི་དུས་ཤེད་མེད་པས་སྤུའི་རྩ་བ་ཁེ་གྲིས་བཅད། ཕྱེད་སྐམ་དུ་རྒྱུས་པ་ཕྲ་མོ་དཀྲིས་ནས་གྲུབ་བོ། ། དེ་ལ་འགའ་ཞིག་གིས་དེང་དུས་སུ་རྫས་འགྱུར་ལས་བྱུང་བའི་སྦྱར་ཆུ་ཅི་ཡང་འབྱར་བའི་སྤྱིན་ཆུའམ་འཕྲལ་འབྱར་སྤྱིན་ཆུ་ལ་སོགས་པས་བྱུག་ན་ཆུས་མི་གནོད་པས་བཟང་བར་བཤད་ཀྱང་པིར་འགོ་ཡུ་བ་ལ་སྦྱར་རྫས་མ་གཏོགས་པིར་རྩེ་ལ་མི་རུང་ངོ་། །

གཞན་ར་སྤུ་དང་བྱ་སྤུ་སོགས་ཀྱིས་བཟོས་པའི་ཚོན་པིར་དང་མདངས་པིར། ཕག་སྤུའི་ཕག་ཟེ་སོགས་ཤིང་ཚོན་སོགས་བྱུག་པར་མཁོ་བའི་པིར་གྱི་བཟོ་ཐབས་མང་ཡང་། དེ་དག་ནི་དེང་དུས་སུ་རྣམ་གྲངས་མང་ཞིང་། རིན་གོང་ཆུང་བ། སྤྱོད་བདེ་བ་སོགས་ཀྱིས་བཟོ་བོས་ངལ་བ་མི་དགོས་པར་བསམས་ནས་མ་བྲིས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-01

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།