དཔེ་རྒྱན།

དཔེ་དོན་ཐ་དད་བཀོད་པ་ལས། །
མཚུངས་པར་རྟོགས་བྱེད་དཔེ་རྒྱན་ཡིན། །ཞེས་པ་སྟེ། གོ་དོན་ནི། དཔེ་དང་དཔེ་ཅན་གཉིས་པོ་ངོ་བོ་ཐ་དད་པར་བཀོད་པ་ལ་བརྟེན་ནས་དེ་གཉིས་མཚུངས་པར་རྟོགས་པར་བྱེད་པ་ནི་དཔེ་རྒྱན་ཞེས་བྱ་བའི་མཚན་ཉིད་ཡིན་ལ། དེ་ལ་ཐུན་མོང་གི་ཁྱད་ཆོས་སྟོན་མི་སྟོན་སྣ་ཚོགས་ཡོད་དོ། །
རྩ་བ་ལས།
ཇི་ལྟ་ཅི་ཞིག་ལྟར་མཚུངས་པར། །
གསལ་བར་གང་དུ་རྟོགས་བྱེད་པ། །
དེ་ནི་དཔེ་ཞེས་བྱ་སྟེ་དེའི། །
སྤྲོས་པ་འདི་ནི་རབ་བཤད་བྱ། །ཞེས་གསུངས་ཏེ། གང་མཚོན་བྱེད་ཀྱི་དཔེ་ལ་ཡོན་ཏན་ནམ་ཁྱད་ཆོས་ཇི་འདྲ་ཡོད་པ་བཞིན་དུ། མཚོན་བྱ་དོན་གྱི་དཔེ་ཅན་ལའང་དེ་ལྟར་ཡོད་པའམ་འདྲ་མཚུངས་སུ་གནས་པ་དེ། གསལ་བྱེད་ཀྱི་ངག་གི་སྦྱོར་བ་ལ་བརྟེན་ནས་དངོས་ཤུགས་ཅི་རིགས་སུ་གོ་བར་བྱེད་ནུས་པའམ་རྟོགས་པར་བྱེད་པ་ལ་དཔེ་རྒྱན་ཞེས་བྱའོ། ། འདི་ལ་དཔེ་དང་དཔེ་ཅན་ཕན་ཚུན་འདྲ་མཚུངས་སུ་སྦྱོར་བའི་མཚུངས་པ་གསལ་བྱེད་ཀྱི་སྒྲ། གཞུང་འདིར་དངོས་བསྟན་གྱི་དྲུག་ཅུ་རེ་ལྔ་ཡོད་པ་དེའི་གང་རུང་ཞིག་རྒྱན་འདིའི་ཚིག་ཕལ་ཆེར་ལ་དངོས་སུ་སྦྱོར་དགོས་ཤིང་། སྐབས་ལ་ལར་དམིགས་བསལ་གྱི་དབང་གིས་དངོས་སུ་མི་སྦྱོར་ཡང་། མཚུངས་པ་ཤུགས་ལ་རྟོགས་པ་བྱེད་དགོས། གཙོ་བོ་དཔེ་དང་དཔེ་ཅན་གཉིས་ཐ་དད་པའི་ཚུལ་གྱིས་ཁྱད་གཞི་དང་ཁྱད་ཆོས་སོགས་ཕན་ཚུན་འདྲ་མཚུངས་སུ་མཚུངས་པ་གསལ་བྱེད་ཀྱི་སྒྲ་ལ་བརྟེན་ནས་གོ་བར་བྱེད་པའི་ངག་ལ་དཔེ་རྒྱན་ཟེར་རོ། །
མཚུངས་སྒྲ་ཡོད་མེད་ཅི་རིགས་ཀྱིས། །
དཔེ་དོན་སྦྱོར་ཚུལ་སོ་གཉིས་ཏེ། །
ཆོས་དཔེ་དངོས་དཔེ་བཟློག་པ་དང་། །
ཕན་ཚུན་ངེས་དང་ངེས་མེད་བསྡུས། །
ཕུལ་བྱུང་རབ་བཏགས་རྨད་བྱུང་རྨོངས། །
ཐེ་ཚོམ་གཏན་འབེབས་སྦྱར་མཉམ་ཉིད། །
སྨད་དང་བསྔགས་དང་བརྗོད་འདོད་དང་། །
འགལ་དང་དགག་པ་ངོ་བསྟོད་དང་། །
དེ་ཉིད་བརྗོད་དང་ཐུན་མོང་མིན། །
བྱུང་མིན་སྲིད་མིན་མང་བ་དང་། །
རྣམ་འགྱུར་ཕྲེང་བ་ངག་དོན་གཉིས། །
ཟླ་བོའི་དངོས་དང་མཚུངས་སྦྱོར་རྒྱུ། །ཞེས་པ་སྟེ། དཔེ་རྒྱན་མཚུངས་སྒྲ་དངོས་སུ་ཡོད་མེད་ཅི་རིགས་དང་། དེ་ཡང་དཔེ་དོན་སྦྱོར་ཚུལ་གྱི་སྒོ་ནས་དབྱེ་ན། ཆོས་དཔེ། དངོས་པོའི་དཔེ། བཟློག་པའི་དཔེ། ཕན་ཚུན་གྱི་དཔེ། ངེས་པའི་དཔེ། ངེས་པ་མེད་པའི་དཔེ། བསྡུས་པའི་དཔེ། ཕུལ་བྱུང་གི་དཔེ། རབ་བཏགས་ཀྱི་དཔེ། རྨད་བྱུང་གི་དཔེ། རྨོངས་པའི་དཔེ། ཐེ་ཚོམ་གྱི་དཔེ། གཏན་འབེབས་ཀྱི་དཔེ། སྦྱར་བའི་དཔེ། མཉམ་ཉིད་ཀྱི་དཔེ། སྨད་པའི་དཔེ། བསྔགས་པའི་དཔེ། བརྗོད་འདོད་ཀྱི་དཔེ། འགལ་བའི་དཔེ། དགག་པའི་དཔེ། ངོ་བསྟོད་ཀྱི་དཔེ། དེ་ཉིད་བརྗོད་པའི་དཔེ། ཐུན་མོང་མིན་པའི་དཔེ། བྱུང་མིན་གྱི་དཔེ། སྲིད་མིན་གྱི་དཔེ། མང་བའི་དཔེ། རྣམ་འགྱུར་གྱི་དཔེ། ཕྲེང་བའི་དཔེ། ངག་དོན་གྱི་དཔེ་གཉིས། ཟླ་བོ་དངོས་པོའི་དཔེ། མཚུངས་སྦྱོར་གྱི་དཔེ། རྒྱུ་ཡི་དཔེ་བཅས་སུམ་ཅུ་སོ་གཉིས་ཡོད་དོ། །
- 1 དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད 》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012-10པའི་པར་ཐེངས་བཅུ་བ། ཤོག་ངོས140-141སྟེང་གསལ།
- 2 བསེ་ཚང་བློ་བཟང་དཔལ་ལྡན་གྱིས་བརྩམས་པའི 《ཚངས་སྲས་བཞད་པའི་སྒྲ་དབྱངས》 ཀན་སུའུ་མི་རིགས་དཔེ་སྐུན་ཁང་། 1984-12པའི་པར་ཐེངས་དང་པོ། ཤོག་ངོས97-98སྟེང་གསལ།
- 3 ཀྲང་དབྱི་སུན་གྱིས་གཙོ་སྒྲིག་བྱས་པའི 《བོད་རྒྱ་ཚིག་མཛོད་ཆེན་མོ》 མི་རིགས་དཔེ་སྐྲུན་ཁང་། 1993-2པའི་པར་གཞི།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:4 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2017-08-17
གསར་སྤེལ་མཁན། :བདེ་ཆེན་མཚོ།