གཟུགས་རིས་འཕྱོར་འབྲི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་སྣ་འཕྱོར་འབྲི་ཞེས་པ་ནི་རྩོམ་རིག་བརྩམས་ཆོས་ནང་དུ་འབྱུང་བའི་ལུས་ངག་ཡིད་གསུམ་གྱི་ཉམས་སམ་ཚུལ་དེ་གསོན་ཉམས་ལྡན་པའི་ཚིག་གི་སྦྱོར་བའི་ཐོག་ནས་མཚོན་པ་ཞིག་ཡིན། གལ་སྲིད་མི་འབྲི་བ་དང་བྱ་བ་མཚོན་པར་མི་སྣའི་སྐོར་གྱི་འཕྱོར་འབྲི་མེད་ན་རྩོམ་ཡིག་ལ་བྲོ་བ་མེད་པར་འགྱུར་བས། གསོན་རྗེན་དང་ཤ་ཁྲག་གིས་ཁྱབ་པའི་མི་སྣའི་གཟུགས་བརྙན་ཞིག་འཕྱོར་འབྲི་བྱས་ན་གཞི་ནས་རྩོམ་ཡིག་ལེགས་པོ་ཞིག་འགྲུབ་ཐུབ། སྤྱིར་མི་སྣའི་འཕྱོར་འབྲི་ལ་མི་སྣའི་གཟུགས་རིས་འཕྱོར་འབྲི་དང་སྦྱོར་བ་འཕྱོར་འབྲི། སེམས་ཁམས་འཕྱོར་འབྲི། བརྗོད་གཏམ་འཕྱོར་འབྲི་བཅས་བཞི་རུ་དབྱེ་ཆོག གཤམ་དུ་དེ་དག་ལས་མི་སྣའི་གཟུགས་རིས་འཕྱོར་འབྲིའི་སྤྱི་བཤད་དང་དཔེ་འདྲེན། སྡོམ་ཆུང་བཅས་རགས་ཙམ་མཚམས་སྦྱོར་བའི་ལས་ལ་འཇུག་པའི་ཁུལ་བྱའོ།།
1 སྤྱི་བཤད།

མི་སྣའི་གཟུགས་རིས་འཕྱོར་འབྲི་ནི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་མི་སྣའི་ཕྱི་ཚུལ་ཏེ། མི་སྣའི་གཟུགས་རིས་ཀྱི་མཐོ་དམན་དང་ཆེ་ཆུང་། མཛེས་བཙོག  ཕྱིའི་ཆ་ལུགས། བཞིན་མདངས་སོགས་ཁྱད་ཆོས་དང་ལྡན་པའི་སྒོ་ནས་འཕྱོར་འབྲི་བྱེད་པ་དེ་ཡིན་ཞིང་། མི་སྣའི་གཟུགས་རིས་འཕྱོར་འབྲི་བྱ་བ་ལ་གཤམ་གྱི་དོན་ཆེན་བཞིར་དོ་སྣང་བྱེད་པར་རིགས་སོ།།

མི་སྣའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འཕྱོར་འབྲི་བྱེད་ཐུབ་པ་བྱ་དགོས་པ་ནི། འཚོ་བའི་ཁྲོད་དུ་མི་རེ་རེའི་གཟུགས་བྱད་དང་བཞིན་རས། ཉམས་སྣང་སོགས་ནི་སོ་སོར་ཁྱད་ཆོས་ལྡན་པ་ལས་ཆ་ཀུན་ནས་འདྲ་མཚུངས་ཡིན་པ་ཞིག་གཏན་ནས་མི་སྲིད་དོ།། དཔེར་ན། ཕ་མ་གཅིག་གི་བུ་ཕྲུག་ཡིན་ཡང་ཕྱོགས་ག་གེ་མོའི་ཆ་ནས་ཤ་ཁྲག་གི་རྒྱུད་གཅིག་པའི་རྐྱེན་གྱིས་ཕལ་ཆེར་འདྲ་ཤས་ཆེ་ཡང་། སོ་སོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་གསལ་ཞིག་ཡོད་པས། གཞན་གྱིས་དེ་དག་གི་ཁྱད་པར་འབྱེད་ཐུབ་ངེས་རེད། དེ་དང་འདྲ་བར་མི་རེ་རེའི་གཟུགས་རིས་དང་ཉམས་འགྱུར་གྱི་ཁྱད་ཆོས་དག་ལ་རང་རང་གི་ཐུན་མོང་མ་ཡིན་པའི་ཉམས་མྱོང་དང་སྐྱིད་སྡུག  སེམས་ཁམས། རྣམ་འགྱུར་གྱི་ཤན་ཞུགས་ཡོད་པ་རེད། དེར་བརྟེན། གཟུགས་རིས་འཕྱོར་འབྲི་བྱེད་ན་ངེས་པར་དུ་དེའི་ཁྱད་ཆོས་འཛིན་ཐུབ་དགོས།

མི་སྣའི་མིག་དབང་དང་མིག་ཉམས་ཡག་པོ་ཞིག་འབྲི་ཐུབ་དགོས་པ་ནི་ང་ཚོའི་བོད་ཀྱི་སྲོལ་རྒྱུན་བརྩམས་སྒྲུང་ནང་དུ་མིག་དབང་དང་མིག་ཉམས་འབྲི་བའི་ཕྱོགས་ལ་རྩོལ་བ་ཆེན་པོ་བྱས་ཡོད་པ་རེད་ལ། གཟུགས་རིས་འཕྱོར་འབྲི་བྱས་པ་ཤིན་ཏུ་བཟང་བའི་བརྩམས་ཆོས་ཀྱི་ནང་དུ་མིག་དང་མིག་ཉམས་འཕྱོར་འབྲིའི་མཚར་ལུགས་ལ་བལྟས་ན་མིག་དེ་དག་གིས་སྐད་ཆ་བཤད་ཤེས་པ་ལྟ་བུའི་སྣང་བ་སྟེར་བ་ཡིན།

རྩོམ་མཁན་གྱིས་གཟུགས་རིས་ཀྱི་ཕྱོགས་གཞན་དག་ཐམས་ཅད་བྲིས་རྗེས། ད་གཟོད་གཞི་ནས་མིག་དང་མིག་ཉམས་འབྲི་བ་རེད། མིག་དང་མིག་ཉམས་གཉིས་བྲིས་ཚར་རྗེས་མི་སྣའི་གཟུགས་རིས་དེར་སྲོག་ཞུགས་པ་དང་འདྲ་བར་གསོན་ཉམས་ལྡན་པའི་སྒོ་ནས། དེས་ཀློག་པ་པོ་རྣམས་ལ་བག་ཆགས་ཟབ་མོ་རེ་འཇོག་པ་དང་། དེ་དག་གི་བསམ་པའི་སྣང་བ་བསྒྱུར་ཞིང་ཡིད་དབང་འཕྲོགས་ཏེ་རྣམ་རྟོག་གི་ལམ་ལ་འཁྲིད་ངེས་རེད།

གཟུགས་རིས་ལ་བརྟེན་ནས་སེམས་ཀྱི་འགྱུར་བ་མཚོན་པ་ནི། གཟུགས་རིས་འཕྱོར་འབྲི་བྱས་པ་ལ་བརྟེན་ནས་མི་སྣའི་རང་བཞིན་མཚོན་པ་དང་། མི་སྣའི་བསམ་པའི་སྣང་བ་མངོན་གསལ་དུ་གཏོང་རྒྱུ་དེ་ལ་ཟེར། དེ་ནི་གཟུགས་རིས་འཕྱོར་འབྲི་བྱེད་པའི་ལས་འགན་གཙོ་བོའི་གཙོ་བོ་ཞིག་ཡིན་ལ། གཟུགས་རིས་འཕྱོར་འབྲི་བྱེད་པའི་རྩ་བའི་དམིགས་གཏད་ཀྱང་ཡིན་པས། གཟུགས་རིས་འཕྱོར་འབྲི་བྱས་པ་ཤིན་ཏུ་ལེགས་པ་དེས་མི་སྣའི་སེམས་ཀྱི་འགྱུར་བ་དེ་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་ཐུབ་པ་དང་། དེ་ནི་མི་རྣམས་ཀྱི་བསམ་པར་ཁ་ལོ་བསྒྱུར་བའི་སྒྱུ་རྩལ་གྱི་སྟོབས་ཤུགས་ཞིག་ཀྱང་རེད།

གཟུགས་རིས་འཕྱོར་འབྲི་བྱེད་ཚེ་སྐད་ཆའི་སྒྱུ་རྩལ་གྱི་ཡོན་ཏན་མངོན་སྤེལ་བྱ་དགོས་པ་ནི། སྐད་ཆའི་སྒྱུ་རྩལ་ནི་སྒྱུ་རྩལ་གྱི་གཟུགས་བརྙན་གསར་བཟོ་བྱེད་པའི་ཆ་ནས་བཤད་ན་དུས་ཚོད་དང་བར་སྣང་གི་ཚོད་འཛིན་མེད་པར་རང་དབང་ཅུང་ཆེན་པོ་ཡོད། དེར་བརྟེན་གཟུགས་རིས་འཕྱོར་འབྲི་བྱེད་པའི་ཐད་ལའང་རང་དབང་ཡོད་དེ། དབྱིབས་བཟོ་སྒྱུ་རྩལ་གྱི་མི་སྣའི་གཟུགས་རིས་གསར་བཟོ་བྱེད་པ་ལྟ་བུའི་ཚོད་འཛིན་ཆེན་པོ་དེ་འདྲ་མེད་དེ། དེ་ནི་ཡོན་ཏན་ནམ་མཐུན་རྐྱེན་ཞིག་ཏུ་གྱུར་བས། གཟུགས་རིས་འཕྱོར་འབྲི་བྱེད་སྐབས་ངེས་པར་དུ་སྐད་ཆའི་སྒྱུ་རྩལ་འདོན་སྤེལ་གང་ལེགས་བྱ་དགོས།

2 དཔེ་འདྲེན།

མི་ལ་རས་པའི་རྣམ་མགུར་ལས། མི་ལ་རས་པ་ཉམས་ཐག་པའི་དུས་ཀྱི་གཟུགས་རིས་ལ། བྲག་དཀར་རྟ་སོར་སླེབས་བྱུང་སྟེ། སྒོའི་ཕྱི་ནས་བལྟས་པས། ང་དཀའ་ཐུབ་ཀྱིས་གདུངས་པའི་ལུས། མིག་གཏིང་དུ་ལྷུང་བ། རུས་པ་ཐམས་ཅད་སྒང་དུ་ཐོན་པ། མདོག་སྔོ་ལ་ཤ་རིད་པ། ཤ་རུས་བྲལ་དུ་ཆ་བའི་པགས་པ་ལ་སྤུ་སྔོ་ཟིང་ངེ་བ་སྐྱེས་པ། སྐྲ་ཡེགས་ལ་འཇིགས་པ། ཡན་ལག་རྣམས་འཆག་ལ་ཁད།

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར་མདོར་བསྡུས་ལས། བཙོན་ནས་བཏོན་མ་ཐག་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གཟུགས་རིས་ལ། སྐྲ་རྐེ་འཁོར་མ་སྐྱེས། ན་བཟའ་རལ་རྡོལ་དྲི་མ་ཅན། སྐུ་ཤ་སྐེམ་རིད་དུ་གྱུར་འདུག

དོར་ཞིའི་གསུང་རྩོམ་ཐོར་བུ་ལས། རྩོམ་པ་པོ་དོན་གྲུབ་རྒྱལ་གྱི་གཟུགས་རིས་ལ། ནུབ་ལུགས་ཀྱི་སྟོད་ལྭ་ནག་པོ་གོང་ཆེན་གྱི་འོག་ཏུ། ཚིལ་ལེན་དཀར་པོ་གོང་བའི་བར་ནས་གོས་ཀྱི་ཅོད་པན་དམར་སྨུག་ཅིག་ཐུར་དུ་འཕྱངས་ཤིང་། ཤ་ཁ་སྨུག་ཅིང་ཚོ་ཅུང་ཟད་བསོགས་ཡོད་པའི་གདོང་བ་གྲུ་བཞིའི་སྟེང་། ར་ཤེལ་ནག་པོས་མུ་ཁྱུད་བྱས་པའི་ཤེལ་མིག་དཀར་པོ་ཞིག་གོན་ཞིང་སྣང་བ་སྤྲོ་བའི་ཉམས་འགྱུར་གྱིས་དོན་ལ་གནས་མི་གནས་ཀྱི་གཏམ་དང་རྩེད་མཚར་མང་དུ་སྤྲོས་པའི་ཉམས་དེ་བདག་གི་དྲན་པའི་མེ་ལོང་ངོས་ལ་གསལ་ལེར་ཤར། དེ་ནི་བདག་གི་ཡིད་ངོར་བཞག་པའི་དོན་གྲུབ་རྒྱལ་གྱི་འབྲལ་ཁ་མའི་སྣང་བརྙན་ཡིན་ལ། ནམ་ཡང་བསུབ་ཏུ་མེད་པའི་སྣང་བརྙན་ཞིག་ཀྱང་ཡིན།

3 སྡོམ་ཆུང་།

མི་སྣ་འཕྱོར་འབྲི་བྱེད་པ་ནི་རྩོམ་རིག་གསར་རྩོམ་གྱི་གོ་རིམ་ཁྲོད་གཡོལ་དུ་མེད་པའི་འགྲོ་རིམ་ཞིག་ཡིན་པ་དང་། གཟུགས་རིས་ནི་མི་སྣ་ལ་རྒྱུས་ལོན་བྱེད་པའི་གསེར་གྱི་ལྡེ་མིག་ལྟ་བུ་ཞིག་ཡིན་པས། ང་ཚོ་མྱོང་རོལ་བྱེད་མཁན་ཚོས་དེ་ལྟ་བུའི་གསེར་གྱི་ལྡེ་མིག་བཟུང་ནས་རྩོམ་རིག་བརྩམས་ཆོས་ཀྱི་སྒོ་བརྒྱ་ཕྱེས་ཏེ་སྒྱུ་རྩལ་གྱི་མཛེས་སྡུག་ལོངས་སུ་སྤྱོད་རྒྱུ་ནི་ཧ་ཅང་གལ་ཆེའོ།།

དེ་ཡང་མི་སྣའི་གཟུགས་རིས་གསར་དུ་འབྲི་བཞེངས་བྱས་པ་ལ་བརྟེན་ནས། མི་སྣའི་རང་གཤིས་ཀྱི་ཁྱད་ཆོས་དང་སྙིང་སྟོབས་ཀྱི་ཟུལ་ཤུགས། འཚོ་བའི་མྱོང་བརྒྱུད། དུས་རབས་དང་གནས་ཡུལ་སོགས་མངོན་པར་མཚོན་ཐུབ་ལ། གཟུགས་རིས་གསར་བཞེངས་བྱེད་པ་དེའང་མཐར་གཏུགས་ན་མི་སྣའི་རང་གཤིས་དང་སྙིང་སྟོབས་སོགས་མངོན་པར་མཚོན་པ་ལ་ཞབས་འདེགས་ཞུ་བ་ཞིག་ཡིན་པ་ལས། གཟུགས་རིས་གསར་བཞེངས་ཀྱི་ཆེད་དུ་གཟུགས་རིས་གསར་བཞེངས་བྱེད་པ་ཞིག་མིན་ནོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-01

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།