བརྗོད་གཏམ་འཕྱོར་འབྲི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་སྣ་འཕྱོར་འབྲི་ཞེས་པ་ནི་རྩོམ་རིག་བརྩམས་ཆོས་ནང་དུ་འབྱུང་བའི་ལུས་ངག་ཡིད་གསུམ་གྱི་ཉམས་སམ་ཚུལ་དེ་གསོན་ཉམས་ལྡན་པའི་ཚིག་གི་སྦྱོར་བའི་ཐོག་ནས་མཚོན་པ་ཞིག་ཡིན། གལ་སྲིད་མི་འབྲི་བ་དང་བྱ་བ་མཚོན་པར་མི་སྣའི་སྐོར་གྱི་འཕྱོར་འབྲི་མེད་ན་རྩོམ་ཡིག་ལ་བྲོ་བ་མེད་པར་འགྱུར་བས། གསོན་རྗེན་དང་ཤ་ཁྲག་གིས་ཁྱབ་པའི་མི་སྣའི་གཟུགས་བརྙན་ཞིག་འཕྱོར་འབྲི་བྱས་ན་གཞི་ནས་རྩོམ་ཡིག་ལེགས་པོ་ཞིག་འགྲུབ་ཐུབ། སྤྱིར་མི་སྣའི་འཕྱོར་འབྲི་ལ་མི་སྣའི་གཟུགས་རིས་འཕྱོར་འབྲི་དང་སྦྱོར་བ་འཕྱོར་འབྲི། སེམས་ཁམས་འཕྱོར་འབྲི། བརྗོད་གཏམ་འཕྱོར་འབྲི་བཅས་བཞི་རུ་དབྱེ་ཆོག གཤམ་དུ་དེ་དག་ལས་མི་སྣའི་བརྗོད་གཏམ་འཕྱོར་འབྲིའི་སྤྱི་བཤད་དང་དཔེ་འདྲེན། སྡོམ་ཆུང་བཅས་རགས་ཙམ་མཚམས་སྦྱོར་བའི་ལས་ལ་འཇུག་པའི་ཁུལ་བྱའོ།།
1 སྤྱི་བཤད།

བརྗོད་གཏམ་འཕྱོར་འབྲི་ཞེས་པ་ནི་བརྩམས་སྒྲུང་གསར་རྩོམ་བྱེད་པའི་ཚེ་ན་མི་སྣའི་གཏམ་གླེང་ངམ་འཕྲོས་མོལ་བྱས་པ་མཐའ་དག་འཕྱོར་འབྲི་བྱེད་པ་དེ་ལ་གོ། དེའི་ནང་དུ་མི་གཉིས་ཕན་ཚུན་གླེང་མོལ་བྱེད་པའམ་མི་མང་བོས་ལབ་པའམ། ཡང་ན་མི་གཅིག་གིས་ཁེར་བཤད་བྱེད་པ་དང་གཏམ་བཤད་པ་སོགས་ཀྱང་འདུས་ཡོད། བརྗོད་གཏམ་འཕྱོར་འབྲི་བྱེད་ཐབས་ནི་བརྩམས་སྒྲུང་གསར་རྩོམ་གྱི་ཐད་ལ་ཕན་ནུས་མང་བོ་ཡོད་དེ། དེ་ལ་བརྟེན་ནས་ཐད་འབྲིའི་དགོས་པ་མེད་པའི་བརྩམས་སྒྲུང་གི་བྱུང་རིམ་དང་ཁོར་ཡུག་སྣོད་བཅུད་བྲིས་ཆོག་པ་དང་། དེ་ལ་བརྟེན་ནས་བརྩམས་སྒྲུང་གི་བྱུང་རིམ་གསར་བ་དྲངས་ཤིང་འགལ་ཟླ་ཁ་འཐབ་ཀྱི་ཚན་ཁ་ཇེ་དྲག་ཏུ་གཏོང་ཐུབ་ལ། མི་སྣའི་རྣམ་རྟོག་གི་བྱེད་ལས་སོགས་ཀྱང་མངོན་པར་མཚོན་ཐུབ། འོན་ཀྱང་ཕན་ནུས་ཆེས་གཙོ་བོ་ནི་དེ་ལ་བརྟེན་ནས་མི་སྣ་འཕྱོར་འབྲི་བྱེད་པ་དང་མི་སྣའི་རང་བཞིན་འབུར་དུ་གཏོད་པ་དེ་ཡིན་ནོ།། མི་སྣ་འཕྱོར་འབྲི་བྱེད་པའི་དགོས་མཁོ་དང་བརྩམས་སྒྲུང་གི་རྩོམ་ལུས་ཀྱི་བླང་བྱ་ཁྱད་པར་ཅན་ལ་བལྟས་ནས་མི་སྣའི་བརྗོད་གཏམ་འབྲི་ན། གཤམ་གསལ་གྱི་ཕྱོགས་འགའི་སྟེང་ནས་འབད་པ་བྱ་དགོས་ཏེ།

གཏམ་བརྗོད་བསྡུས་ཤིང་ཉུང་བར་གཏོང་གང་ཐུབ་བྱ་དགོས་པ་ནི། བརྗོད་གཏམ་འཕྱོར་འབྲི་བྱེད་ཐབས་ལ་མི་སྣའི་རང་བཞིན་འབུར་དུ་གཏོད་པའི་ཆ་ནས་ཡོན་ཏན་མངོན་གསལ་ཞིག་ཡོད་ནའང་། དེ་ལ་བརྟེན་ནས་མི་སྣའི་བརྗོད་གཏམ་མཐའ་དག་རིང་བོ་ཞིག་འབྲི་དགོས་པའི་ངེས་པ་མེད་པར། དེ་ལས་ལྡོག་སྟེ་བརྩམས་སྒྲུང་ནང་གི་བརྗོད་གཏམ་ཐུང་ན་མཛེས་སོ།། བརྗོད་གཏམ་བསྡུས་ཤིང་ཐུང་ན་ད་གཟོད་མཚོན་བྱེད་ཀྱི་ནུས་ཤུགས་དང་ཡིད་འགུག་གི་ནུས་ཤུགས་ཇེ་དྲག་ཏུ་འགྲོ་ངེས། ལྷག་པར་དུ་བརྩམས་སྒྲུང་ཐུང་ངུའི་རིགས་ནི་དེ་འདྲ་རང་ཡིན་ནོ།། འོན་ཀྱང་བརྩམས་སྒྲུང་རིང་མོའི་ནང་མི་སྣའི་གཟུགས་བརྙན་གསར་བཞེངས་ཀྱི་དགོས་མཁོ་དང་བསྟུན་ནས་བརྗོད་གཏམ་ཅུང་རིང་ཙམ་འཕྱོར་འབྲི་བྱས་ཀྱང་མི་ཆོག་པ་མིན། ལྷག་པར་དུ་བོད་ཀྱི་སྲོལ་རྒྱུན་རྩོམ་ཡིག་མང་བོའི་ནང་མི་སྣའི་བརྗོད་གཏམ་ཅུང་རིང་ཙམ་ཡོད་པ་དང་། བརྗོད་གཏམ་དེ་དག་ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྙན་ངག་གི་ལམ་ནས་དྲངས་པ་ཡང་ཤུན་ཏུ་མང་། ཡིན་ནའང་བརྗོད་གཏམ་རིང་བ་འབྲི་ཐལ་ཆེ་ན་མི་རུང་སྟེ། ཐལ་ཆེ་ན་ཕན་པ་འབྱུང་བ་ལྟ་ཞོག་མི་སྣའི་གཟུགས་བརྙན་འཕྱོར་འབྲི་བྱེད་པའི་གེགས་སུ་འགྱུར་བ་དང་། སྒྱུ་རྩལ་གྱི་རིན་ཐང་ཡང་ཆུད་བཟའ་བར་འགྲོ་ངེས་ཡིན་པས་བརྗོད་གཏམ་འབྲི་དུས་བསྡུས་ཤིང་གསལ་བ་ཞིག་ཡོང་བའི་ཐད་ལ་བརྟུན་པ་བསྐྱེད་པར་རིགས་སོ།།

མི་སྣ་ལ་ཁ་སྐད་བཤད་དུ་འཇུག་དགོས་པ་ནི། ཁ་སྐད་ཅེས་པ་ནི་མི་རྣམས་ཀྱིས་རྒྱུན་ལྡན་དུ་བཤད་པའི་སྐད་ཆ་ལ་ཟེར་བ་ཡིན་ཏེ། འཇིག་རྟེན་འཚོ་བའི་ཁྲོད་དུ་མི་སུ་དང་སུ་ཡིན་ཡང་ཁ་སྐད་མི་བཤད་པ་གཅིག་ཀྱང་མེད་ལ། རིག་གནས་ཀྱི་སྦྱངས་པ་ངེས་ཅན་ཡོད་པའི་ཡོན་ཏན་པ་རྣམས་ཀྱང་དེ་བཞིན་ནོ།། དེའི་ཕྱིར་བརྩམས་སྒྲུང་ནང་གི་མི་སྣས་སྐད་ཆ་བཤད་པའི་ཚེ་ངེས་པར་དུ་ཁ་སྐད་བཤད་དགོས་པ་ལས་དཔེ་ཆ་སྒྲོག་འདོན་བྱེད་པ་ལྟར་ཡིག་སྐད་བཤད་མི་རུང་། ཁ་སྐད་ཀྱིས་མི་སྣའི་རང་གཤིས་གསལ་མཚོན་བྱེད་པར་ནུས་པ་ཆེན་པོ་ཐོན་ཐུབ། གལ་སྲིད་ཁ་སྐད་བྱེ་བྲག་པ་བོད་ཀྱི་བརྡ་སྤྲོད་ཀྱི་ལུགས་དང་མ་མཐུན་ཚེ་གུག་རྟགས་ནང་གསལ་བར་འཇུག་དགོས་པ་བཅས་ཡིན་ནོ།།

བརྗོད་གཏམ་ལ་རང་གཤིས་ལྡན་དགོས་པ་ནི། གསལ་བོར་བཤད་ན་ཁ་སྐད་དེ་ལ་རང་གཤིས་གསལ་བོ་ཞིག་ཆགས་པར་བྱ་རྒྱུ་ནི། བརྗོད་གཏམ་འཕྱོར་འབྲི་སྐབས་ཀྱི་ཆེས་རྩ་བར་གྱུར་ཞིང་ཆེས་མཐོ་བའི་བླང་བྱ་ཞིག་ཡིན། ཁ་སྐད་རང་གཤིས་ཅན་ཟེར་བ་ནི་མི་གང་འདྲ་ཞིག་གིས་སྐད་ཆ་གང་འདྲ་ཞིག་བཤད་པ་དེར་གོ་དགོས་ཤིང་། མི་རྣམས་ཀྱིས་བཤད་པའི་སྐད་ཆ་ནི་རང་རང་གི་རྟེན་དང་གནས་བབ། ལོ་ཚོད། མྱོང་བརྒྱུད། གོ་རྟོགས། འཇོན་ཐང་། གོམས་སྲོལ། དགའ་ཁ་འཁྱེར་ཕྱོགས་དང་སེམས་ཁམས་ཀྱི་གནས་སྟངས་སོགས་དང་འཚམས་དགོས་པར་མ་ཟད། རང་ཉིད་གནས་པའི་དམིགས་བསལ་གྱི་ཁོར་ཡུག་དང་ཡང་འཚམས་དགོས། དེས་ཀློག་པ་པོ་རྣམས་ལ་སྐད་ཆར་བརྟག་ནས་མི་རྒྱུས་ལོན་པར་གྲོགས་བྱེད་ངེས། བརྗོད་གཏམ་དེ་མི་སྣའི་རང་བཞིན་ཆེས་གསལ་བར་བྱེད་པའི་ཐོ་ཡིག་ཅིག་ཏུ་འགྱུར་བ་བྱ་རྒྱུ་ནི་བརྗོད་གཏམ་འཕྱོར་འབྲི་བྱེད་པའི་རྩ་བའི་བླངས་བྱ་ཡིན་ནོ།།

2 དཔེ་འདྲེན།

བོད་ཀྱི་མགུར་གླུ་བྱུང་འཕེལ་གྱི་ལོ་རྒྱུས་ཁྱད་ཆོས་བསྡུས་པར་སྟོན་པ་ལས། ཁྱུང་བོ་སྤུང་ཟད་ཟུ་ཙེའི་བརྗོད་གཏམ་ལ། ས་མོན་ཀའི་ཡུལ་ན་སྟག་ཅིག་མཆིས།། སྟག་སུས་བཀུམས་ཤེ་ན་ཟུ་ཙེས་བཀུམས།། ལྤགས་དམར་མཉེས་བཙན་པོའི་ཕྱག་ཏུ་ཕུལ།། གློ་རྒྱུ་མ་ལྷོ་རྔེགས་སྐྱེས་སུ་བསྩལ།། ཡུལ་གཙང་གི་ཕོ་བྲང་ཡ་སྟོད་ན།། རྒོད་ཐང་དཀར་ལྡིང་ཞིང་གཤོག་རྩལ་ངོམས།། རྒོད་སུས་བཀུམས་ཤེ་ན་ཟུ་ཙེས་བཀུམས།། རྒོད་གཤོག་ཟུང་བཙན་པོའི་ཕྱག་ཏུ་ཕུལ།། སྤུ་གསབ་གསོབ་ལྷོ་རྔེགས་སྐྱས་སུ་བསྩལ།། ཀྱེ་ན་ནིང་ལོ་དང་གཞེས་ནིང་ལོ།། གཞེས་ནིང་ལོ་ཡི་སྔ་རོལ་དུ།། སྟོད་ཏི་སེ་གངས་རི་དཀར་པོའི་དྲུང་།། ཤྭ་ཡུ་མོ་རྐྱང་དང་བསྡེབས་ནས་བཤར།། དེ་བཤར་བ་ཤམ་པོའི་རྩྭ་ཡི་ཆེད།། དུས་དེ་རིང་གནངས་ཀ་བལྟས་ཙ་ན།། རི་ཤམ་པོ་རྩྭ་ས་གཉན་པོ་རེད།། ཤྭ་རྐྱང་རྒོད་གཉིས་ཀྱི་ལས་ངན་རེད།། གངས་ཏི་སེའི་དྲུང་གི་བྲུན་དང་མཚུངས།། ཀྱེ་ན་ནིང་ལོ་དང་གཞེས་ནིང་ལོ།། གཞེས་ནིང་ལོ་ཡི་སྔ་རོལ་དུ།། མཚོ་སྔོན་མོ་མ་ཕམ་མཚོ་འགྲམ་ནས།། བྱ་ངང་བ་ངུར་མོ་བསྡེབས་ནས་འཕུར།། དེ་འཕུར་བ་དང་ཀོ་མཚོ་ཡི་ཆེད།། དུས་དེ་རིང་གནངས་ཀ་བལྟས་ཙ་ན།། མཚོ་དང་ཀོ་ལྷ་ཡི་བླ་མཚོ་རེད།། བྱ་ངང་བ་ངུར་མོ་ལས་མ་ངན།། བྱ་ངང་བ་ངུར་མོ་ལས་ངན་ན།། མཚོ་མ་ཕམ་འགྲམ་གྱི་བྲུན་དང་མཚུངས།། ཡུལ་ལྷོ་རྔེགས་འཕན་ཡུལ་སྣོན་མ་རེད།། དོན་ངོ་མ་སེ་ཁྱུང་འཕན་གྱིས་བཏབ།། ལར་སྔོན་ཆད་འཕན་ཡུལ་ལག་མཐིལ་ཙམ།། དུས་ད་ལྟ་མངའ་ཁོངས་སྤྱད་ན་ཡང་།། མཁར་ཕྱིང་བའི་ཡུལ་ན་ཞིང་ལས་དར།། དེའི་མཐའ་ལ་སྒོ་ཕྱུགས་གནག་གིས་བསྐོར།། དེ་ཟུ་ཙེའི་བྱས་རྗེས་མ་ཡིན་གྲང་།།

བོད་ཀྱི་མགུར་གླུ་བྱུང་འཕེལ་གྱི་ལོ་རྒྱུས་ཁྱད་ཆོས་བསྡུས་པར་སྟོན་པ་ལས། མྱང་མང་བོ་རྗེ་ཞང་སྣང་གི་བརྗོད་གཏམ་ལ། ཀྱེ་ན་ནིང་དང་གཞེས་ནིང་ལོ་ཡི་སྔོན།། ཆུ་བོ་ནི་ཆུ་བོའི་ཕ་རོལ་ན།། ཡར་ཀླུང་ནི་ཆུ་བོའི་ཕ་རོལ་ན།། ཕས་རྒོལ་གྱི་དགྲ་ཟླ་ཟིང་པོ་རྗེ།། ཁེངས་དྲེགས་ཀྱི་ཉ་མོ་དུམ་བུར་གཏུབས།། ཁམ་རེ་བཞིན་མིད་ནས་རྨེག་མེད་བཏང་།། སྐྱིད་ཆུ་ཡི་གཞུང་གི་ཉ་མོ་དེ།། དབས་དབྱི་ཚབ་ཕང་ཏོ་རེ་ཡིས་བཟུང་།། ཀླུམ་ཡུལ་གྱི་ཆུ་བོ་བརྒལ་མཁན་ནི།། བློན་ཙེང་སྐུ་མྱང་སྨོན་ཏོ་རེ་ཡིན།། དམག་རྒྱགས་ཀྱི་མཁོ་འདོན་རྔོ་ཐོག་ཅིང་།། ཆབ་སྲིད་ཀྱི་མངའ་རིས་བསྐྱེད་མི་ནི།། དཔའ་ཡ་མེད་པང་སུམ་འདྲེན་པོ་རེད།། བྱང་རི་བོ་ཐང་ལྷའི་རྩེ་བཅད་དེ།། ལྷོ་ཡར་ལྷ་ཤམ་པོའི་གྲོགས་སུ་བསྣན།། མཁར་སྔུར་བའི་ཡུར་སྣ་ཕབ་ནས་ནི།། མཁར་ཕྱིང་བ་སྟག་རྩེའི་སྣོན་མ་བྱས།། སྔར་ཡིན་ཡང་དབུ་འཕང་མཐོ་བ་ལ།། དུས་ད་ལྟ་ནམ་མཁའི་དབྱིངས་སུ་བསྙེགས།། ཡུལ་ངས་པོའི་ས་ཆ་བདག་གིར་བཞེས།། སྟོད་ཡར་ཀླུང་འབངས་རྣམས་བྲན་དུ་བསྩལ།། ལར་སྔོན་ཆད་ས་རྒྱ་ཆེ་བ་ལ།། དུས་ད་ལྟ་བལྟས་པས་མཐའ་ཡང་ཡས།། ལྷོ་རྔེགས་ཀྱི་ས་ཆ་འཕན་གྱི་སྣོན།། འཕན་ཡུལ་ནི་ལྡོང་དང་སྟོང་གིས་བཏབ།། ལར་སྔོན་ཆད་ས་རྒྱ་ཆེ་བའི་ཁར།། དུས་ད་ལྟ་མངའ་རིས་མཐའ་ཡང་ཡས།། ན་ནིང་དང་གཞེས་ནིང་ལོ་ཡི་སྔོན།། ཕོ་ངར་མ་ཞིག་གིས་འབྲོང་རྒོད་བཀུམས།། ལྷོ་ཤིང་ནག་སྨྱུག་མདའ་བཟང་བས་ཟེར།། ལྕགས་ནག་པོའི་མདེའུ་མེད་པ་ན།། ཤིང་སྨྱུག་མས་འབྲོང་ལྤགས་ཇི་ལྟར་འཕིགས།། མདའ་ལི་མ་རྒོད་སྒྲོས་མ་བརྒྱན་ན།། འབྲོང་བྲེ་སེར་སྲོག་སྙིང་ཇི་ལྟར་ལེན།། ས་ངས་པོ་ར་ཡུལ་ལུང་བ་ནས།། གཟིག་ལྤགས་པའི་ཀོམ་ཙེ་བཟང་བས་ཟེར།། ཁབ་རྣོན་པོས་ཚེམ་བུ་མ་བྱས་ན།། ཕྲ་རྒྱུན་བུས་གཟིག་ལྤགས་ཇི་ལྟར་འཕིགས།། ཡང་ཁབ་ཤུལ་སྐུད་པས་མ་མནན་ན།། གཟིག་ལྤགས་པའི་ཀོང་ཙེ་ཡོང་དོན་མེད།།

རྒྱ་བཟའ་བལ་བཟའི་རྣམ་ཐར་ལས། མགར་སྟོང་བཙན་གྱི་གཏམ་བརྗོད་ལ། རྒྱལ་བོ་ཆེན་པོ། ཁྲབ་འདིར་ཡོན་ཏན་དུ་མ་དང་ལྡན་ཏེ། མི་ནད་དང་། ཕྱུགས་ནད་འབྱུང་བའི་ཚེ་ཁྲབ་འདི་གོན་ནས་གྲོང་ཁྱེར་ལ་སྐོར་བ་བྱས་ན་ནད་ཐམས་ཅད་ཞི་བར་འགྱུར། སད་དང་སེར་བ་བྱུང་བའི་ཚེ་འདི་གྱོན་ནས་ཞིང་ལ་སྐོར་བ་བརྒྱབ་ན་སད་དང་སེར་བ་ཡང་ཟློག་ཐུབ། འཁྲུགས་པ་བྱུང་བའི་ཚེ་ཁྲབ་འདི་གྱོན་ན་གཡུལ་ལས་རྣམ་པར་རྒྱལ་བར་འགྱུར་རོ།། འཛམ་བུའི་གླིང་འདི་ན་ཁྲབ་འདི་ལ་གོང་ཐང་བཅད་པའི་མི་ཆོད། འདི་ནི་ལྷ་གཅིག་གི་རིན་དུ་འབུལ་རྒྱུ་ཡིན་པས། ཁྱེད་ཀྱིས་ལྷ་གཅིག་མཛངས་མ་དེ་ངེད་བོད་ཀྱི་རྒྱལ་བོའི་བཙུན་མོར་གནང་བར་ཞུ།

3 སྡོམ་ཆུང་།

སྤྱིར་སྐད་ཆར་རྩོམ་མཁན་གྱི་བྱུང་བརྗོད་སྐད་ཆ་དང་མི་སྣའི་བརྗོད་གཏམ་གྱི་སྐད་ཆ་གཉིས་ཡོད་པ་ལས། འདིར་བརྩམས་ཆོས་ཅི་རིགས་སུ་འབྱུང་བའི་མི་སྣའི་བརྗོད་གཏམ་གྱི་སྐད་ཆ་དེ་དམིགས་སུ་བཀར་ནས་འཆད་པའི་སྒོར་འཇུག་པར་བྱའོ།། མི་རྣམས་ཀྱི་འཚོ་བའི་མྱོང་བརྒྱུད་མི་འདྲ་བ་དང་སྤྱི་ཚོགས་ཀྱི་ཐོབ་ཐང་མི་འདྲ་བ། ཤེས་ཡོན་གྱི་ཆུ་ཚད་མི་འདྲ་བ་སོགས་རྒྱབ་ལྗོངས་བྱས་ཏེ། ཁོ་ཚོ་རང་རང་གི་སྐབས་ཐོག་དེའི་སེམས་ཁམས་ཀྱི་འགྱུར་བ་དང་། ཡུལ་དང་དམིགས་གཏད་ལ་སོགས་དང་འགྲོགས་ནས་ཐོན་པའི་བརྗོད་གཏམ་ཡང་འདྲ་མི་སྲིད། དེའི་ཐོག་ནས་ཁོ་ཚོའི་རང་གཤིས་དང་ཁྱད་ཆོས་ཀྱང་ཕྱིར་མངོན་སླ་བ་ཡིན། རང་རེའི་གནའ་རབས་ཀྱི་བརྩམས་ཆོས་མང་ཆེ་བ་ཞིག་ལ་དེང་རབས་ཀྱི་མཚོན་ཐབས་དང་རྩོམ་གཤིས་ཀྱི་ཁྱད་ཆོས་དང་མི་ལྡན་པའི་དབང་གིས། མི་སྣའི་བརྗོད་གཏམ་མང་ཆེ་བ་ནི་སྤྱིར་བཏང་གི་མི་སྣའི་ཁ་བརྡའམ། ཆིག་ལབ་བམ། བསླབ་བྱའམ། སྐྱོ་གླུའམ།  ཡང་ན་བསྡུས་བརྗོད་བརྩམས་ཆོས་སུ་མངོན་པའི་སྲོག་ཆགས་རྣམས་ཀྱིས་མིའི་ཚུལ་དུ་སྨྲས་པའི་བརྗོད་གཏམ་གང་ཡང་རུང་བ་ཞིག་ཡིན། རྩོམ་པ་པོས་བསམ་གཟས་ནས་མི་སྣའི་བརྗོད་གཏམ་བཀོད་སྒྲིག་བྱེད་པའི་སྣང་ཚུལ་ཤིན་ཏུ་ཉུང་། ཡིན་ནའང་། དུས་རབས་དང་ཡུལ་འཁོར། སེམས་ཁམས། དགའ་མོས། མཛེས་དཔྱོད། ཡུལ་སྲོལ། རིག་གནས་སོགས་མི་འདྲ་བའི་དབང་གིས་རྩོམ་རིག་གི་ལྟ་བ་མི་འདྲ་ལ། རྩོམ་རིག་གསར་རྩོམ་ལ་འཛིན་པའི་མཚོན་ཐབས་དང་རྩོམ་གཤིས་ཀྱི་ལྟ་བའང་ཐ་དད་དུ་སྣང་ངོ་།། དེར་བརྟེན། བོད་ཀྱི་རྩོམ་རིག་བརྩམས་ཆོས་སུ་མངོན་པའི་བརྗོད་གཏམ་ཡང་འཛམ་གླིང་རྩོམ་རིག་བརྗོད་གཏམ་གྱི་ཚད་ཐིག་གཅིག་གི་སྟེང་ན་མེད་པར། རང་མདངས་གསལ་བའི་ཚུལ་གྱིས་མི་རབས་ནས་མི་རབས་བར་ཚད་མི་འདྲ་བའི་སྒོ་ནས་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པ་བསྙོན་མེད་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-01

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།