སེམས་ཁམས་འཕྱོར་འབྲི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་སྣ་འཕྱོར་འབྲི་ཞེས་པ་ནི་རྩོམ་རིག་བརྩམས་ཆོས་ནང་དུ་འབྱུང་བའི་ལུས་ངག་ཡིད་གསུམ་གྱི་ཉམས་སམ་ཚུལ་དེ་གསོན་ཉམས་ལྡན་པའི་ཚིག་གི་སྦྱོར་བའི་ཐོག་ནས་མཚོན་པ་ཞིག་ཡིན། གལ་སྲིད་མི་འབྲི་བ་དང་བྱ་བ་མཚོན་པར་མི་སྣའི་སྐོར་གྱི་འཕྱོར་འབྲི་མེད་ན་རྩོམ་ཡིག་ལ་བྲོ་བ་མེད་པར་འགྱུར་བས། གསོན་རྗེན་དང་ཤ་ཁྲག་གིས་ཁྱབ་པའི་མི་སྣའི་གཟུགས་བརྙན་ཞིག་འཕྱོར་འབྲི་བྱས་ན་གཞི་ནས་རྩོམ་ཡིག་ལེགས་པོ་ཞིག་འགྲུབ་ཐུབ། སྤྱིར་མི་སྣའི་འཕྱོར་འབྲི་ལ་མི་སྣའི་གཟུགས་རིས་འཕྱོར་འབྲི་དང་སྦྱོར་བ་འཕྱོར་འབྲི། སེམས་ཁམས་འཕྱོར་འབྲི། བརྗོད་གཏམ་འཕྱོར་འབྲི་བཅས་བཞི་རུ་དབྱེ་ཆོག གཤམ་དུ་དེ་དག་ལས་མི་སྣའི་སེམས་ཁམས་འཕྱོར་འབྲིའི་སྤྱི་བཤད་དང་དཔེ་འདྲེན། སྡོམ་ཆུང་བཅས་རགས་ཙམ་མཚམས་སྦྱོར་བའི་ལས་ལ་འཇུག་པའི་ཁུལ་བྱའོ།།
1 སྤྱི་བཤད།

སེམས་ཁམས་འཕྱོར་འབྲི་ཞེས་པ་ནི་རྩོམ་ཡིག་ནང་མི་སྣ་ཆེ་གེ་མོ་ཞིག་གིས་ཁོར་ཡུག་ངེས་ཅན་ཞིག་གི་ཁྲོད་དུ། བྱ་དངོས་གང་རུང་ཞིག་གི་ཐད་ལ་བཟུང་བའི་ལྟ་སྟངས་དང་མྱོང་རྟོགས་ལ་སོགས་པའི་རྣམ་པར་རྟོག་པ་ཡོད་ཚད་འཕྱོར་འབྲི་བྱས་པ་ལ་ཟེར་ཞིང་། འདི་ནི་མི་སྣའི་རང་གཤིས་གསལ་མངོན་ཡོང་བར་བྱེད་པའི་ཐབས་འགངས་ཆེན་ཞིག་ཡིན་པ་དང་། ཐབས་འདི་ལ་བརྟེན་ནས་མི་སྣའི་ནང་སེམས་ཀྱི་གསང་བ་ལྐོག་གྱུར་མང་བོ་ཞིག་རྟོགས་ཐུབ་པ་ཡིན། མི་སྣའི་སྣང་བརྙན་བཟོ་སྐྲུན་བྱེད་པ་ནི་བརྩམས་སྒྲུང་གི་རྩ་བའི་རེ་འདུན་ཞིག་ཡིན་ན་སེམས་ཁམས་འཕྱོར་འབྲི་བྱ་རྒྱུ་ནི་མེད་དུ་མི་རུང་བའི་ཐབས་དམ་པ་ཞིག་ཀྱང་ཡིན།

སེམས་ཁམས་འཕྱོར་འབྲི་བྱེད་ཐབས་མང་བོ་ཞིག་ཡོད་པ་ལས་ལ་ལ་ཞིག་ཐད་ཀར་དུ་འཕྱོར་འབྲི་བྱེད་པ་དང་། ལ་ལ་ཞིག་བརྒྱུད་ནས་འཕྱོར་འབྲི་བྱེད་པ། ལ་ལ་ཞིག་ཆིག་ལབ་དང་རྨི་ལམ་ལ་སོགས་པའི་ཐབས་ལ་བརྟེན་ནས་འཕྱོར་འབྲི་བྱེད་པ་ནི་རྒྱུན་དུ་སྤྱོད་སྒོ་ཆེ་བའི་ཁག་གཅིག་ཡིན།

2 དཔེ་འདྲེན།

སློབ་དཔོན་པདྨའི་རྣམ་ཐར་ཟངས་གླིང་མ་ལས། ཁྲི་སྲོང་ལྡེ་བཙན་དང་པདྨ་འབྱུང་གནས་གཉིས་ཀྱི་སེམས་ཁམས་ཀྱི་འགྱུར་བ་ལ། རྒྱལ་བོས་ཐུགས་དགོངས་ལ༔ ང་མགོ་ནག་བོད་ཀྱི་སྤྱི་རྗེ༔ དུད་འགྲོ་རྔོག་ཆགས་ཀྱི་བདག་པོ་ཡིན༔ ཆོས་སྐྱོང་རྒྱལ་བོ་ཡང་ཡིན་པས་སློབ་དཔོན་གྱིས་ང་ལ་ཕྱག་བྱེད་འོང་སྙམ་མོ༔ སློབ་དཔོན་གྱི་ཐུགས་དགོངས་ལ༔ ང་གྲུབ་པ་ཐོབ་པའི་རྣལ་འབྱོར་པ༔ རྒྱལ་བོའི་སློབ་དཔོན་དུ་སྤྱན་དྲངས་པ་ཡིན་པས༔ ང་ལ་ཕྱག་བྱེད་འོང་སྙམས༔

བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་ལས། ཁྲི་སྲོང་ལྡེ་བཙན་དང་སད་ན་ལེགས་མཇིང་ཡོན་གཉིས་ཀྱི་སེམས་ཁམས་ཀྱི་འགྱུར་བ་ལ། ངའི་སེམས་ལ་བསམས་ན། ནུས་ཤུགས་ཅི་ཙམ་ཆེན་པོ་བཏོན་པ་ལ་དེ་ཙམ་དུ་བཀའ་དྲིན་གྱི་བདག་རྐྱེན་དུ་སྤྲོད་པའི་མནའ་ཡིག་གི་ནང་དོན་ཡང་གོང་འཕེལ་གཏོང་དགོས་ཚོད་འདུག  བན་དེས་མནའ་ཡིག་སྔ་མ་གནང་བ་ལས་ལྷག་པར་རྒྱ་ཆེར་བཏང་མི་དགོས་ཞེས་ཞུས་ཀྱང་། ནུས་ཤུགས་ཆེན་པོ་འབུལ་བའི་དྲིན་ལན་དུ། བཀའ་དྲིན་གྱི་བདག་རྐྱེན་མི་ཆུང་བ་ཞིག་སྤྲད་ན་མ་གཏོགས་འགྲིག་གི་མི་འདུག་དགོངས།


བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ལས། ཕོ་ལྷ་བའི་སེམས་ཁམས་ཀྱི་འགྱུར་བ་ལ། དང་པོ་འདི་ནས་བྱང་ལམ་དུ་ཐོན་ཏེ་ཟི་ལིང་གྲོང་ཁྱེར་བརྒྱུད་གོང་མ་བདག་ཆེན་པོའི་ཞབས་དྲུང་དུ་སྙེག་གམ། གཉིས་པ་སྟོད་མངའ་རིས་སྐོར་གསུམ་དང་། གཙང་ཁུལ་གྱི་མི་མང་བསྐུལ་སློང་བྱས་ཏེ་དགྲ་བོ་དེ་རྣམས་ལ་དམག་ཐབས་བྱེད་དམ།

3 སྡོམ་ཆུང་།

མི་སྣའི་གཤིས་ཀ་དང་། ལྷག་པར་མི་སྣའི་ནང་གི་འཇིག་རྟེན་གྱི་འགྱུར་ལྡོག་སྣ་ཚོགས་ཕྲ་ཞིབ་ཏུ་བྲི་རྒྱུ་ནི་བརྩམས་སྒྲུང་ལས་གཞན་པའི་རྩོམ་ལུས་ཀྱིས་ལྕོགས་དཀའ་བ་ཞིག་རེད་ཅེས་བརྗོད་པ་ལྟར། མི་སྣའི་ནང་གི་འཇིག་རྟེན་ནི་མཐར་གཏུགས་ན་བསམ་བློ་དང་སེམས་ཁམས། བརྩེ་དུང་སོགས་ལས་གྲུབ་ཅིང་། མིའི་ཕྱི་ཡི་ཉམས་འགྱུར་ཡང་བསམ་བློ་དང་སེམས་ཁམས། བརྩེ་དུང་སོགས་སྒུལ་ཤུགས་སམ་རྨང་འགྲོས་སུ་བྱས་ནས་བྱུང་བ་ཡིན། ཡིན་ནའང་། དུས་དང་གནས་སྐབས་མི་འདྲ་བ་དང་། ཤུགས་དང་ངོ་བོ་མི་འདྲ་བའི་དབང་གིས་མི་ལ་ལའི་ཕྱི་ཡི་ཉམས་འགྱུར་ནི་དྲག་ཅིང་མངོན་གསལ་དོད་པོ་ཡིན་པ་དང་། མི་ལ་ལའི་ཕྱི་ཡི་ཉམས་འགྱུར་ནི་མངོན་ཆུང་བ་ཡིན།

སྐྱིད་པའི་ངོ་བོ་དང་ལྡན་པའི་སེམས་ཁམས་ཀྱི་འགྱུར་བ་ཡིན་ནའང་འདྲ། སྡུག་པའི་ངོ་བོ་དང་ལྡན་པའི་སེམས་ཁམས་ཀྱི་འགྱུར་བ་ཡིན་ནའང་འདྲ། རྨི་ལམ་རྨི་བའི་གོ་རིམ་ཡིན་ནའང་འདྲ། འདི་ཚོ་ཚང་མ་སྐབས་བསྟུན་བབ་འཕྲོད་སྒོས་འཕྱོར་འབྲི་བྱས་པ་བརྒྱུད། ཐུན་མོང་མ་ཡིན་པའི་མི་སྣའི་རང་གཤིས་ཤིག་ངང་ངམ་ཤུགས་ཀྱིས་འགྲུབ་འོང་བ་ཡིན། འདི་ནི་མི་སྣའི་སེམས་ཁམས་ཀྱི་འགྱུར་བ་འཕྱོར་འབྲི་བྱེད་པའི་དམིགས་ཡུལ་ཡང་ཡིན་ནོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-01

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།