སྐར་རྡོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐར་རྡོ།
སྐར་རྡོ་ནི་སའི་གོ་ལ་ཕན་ཆད་ཀྱི་འབར་མ་ཚར་བའི་འཇིག་རྟེན་ཁམས་ཀྱི་སྐར་མདའ་གང་དེ་སྔོན་གྱི་འཁོར་རྒྱུག་གི་རྒྱུ་སྐར་འཁོར་ལམ་དང་ཁ་བྲལ་བའམ། ཧྲོབ་པོར་གྱུར་ནས་མགྱོགས་མྱུར་ངང་སའི་གོ་ལར་ལྷུང་བ་དང་། ཡང་ན་རྒྱུ་སྐར་གཞན་པའི་ངོས་ཀྱི་རྡོ་རྒྱུས་གྲུབ་པ་དང་ལྕགས་རྒྱུས་གྲུབ་པའམ་རྡོ་ལྕགས་འདྲེས་མས་གྲུབ་པའི་དངོས་རྫས་རིགས་ཤིག་ཡིན་ལ། དེ་ལ་སྐར་མདའ་ཞེས་ཀྱང་འབོད། དེ་ཡང་སྐར་རྡོ་མང་ཆེ་བ་ནི་མིག་དམར་དང་ཕུར་བུ་གཉིས་བར་གྱི་སྐར་མདའ་ཆུང་ངུའི་རྒྱུད་ནས་ཐོན་པ་ཞིག་ཡིན་ལ། སྐར་རྡོ་ཆུང་ངུའི་རིགས་ནི་ཟླ་བའི་གོ་ལ་དང་མིག་དམར་ནས་ཐོན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陨石
ཕྱི་ཡིག་གི་མིང་།
stony meteorite
1 དབྱེ་བ།

སྐར་རྡོ་ལ་རིགས་ཆེན་པོ་གསུམ་ཡོད་དེ། རྡོ་རྒྱུས་གྲུབ་པའི་སྐར་རྡོ་དང་ལྕགས་རྒྱུས་གྲུབ་པའི་སྐར་རྡོ། རྡོ་ལྕགས་འདྲེས་མས་གྲུབ་པའི་སྐར་རྡོ་བཅས་ཡིན།

ཟླ་བའི་གོ་ལའི་སྐར་རྡོ་ལ་མེ་རིའི་བྲག་རྡོ་དང་ཆུས་གྲུབ་བྲག་རྡོ་སྟེ་རིགས་གཉིས་སུ་བཀར་ཡོད་ཅིང་། ཟླ་བའི་གོ་ལའི་མེ་གྲུབ་བྲག་རྡོ་ནག་པོ་ནི་ཟླ་བའི་གོ་ལ་འགྲུབ་བྱའི་བྲག་རྡོ་གཙོ་བོའི་གྲས་ཀྱི་གཅིག་ཡིན་ཏེ། ཁ་དོག་ལ་ནག་པོ་དང་དཀར་པོ། རྒྱ་སྨུག  དམར་སྨུག  ལྗང་གུ། ལྗང་ནག  ལྗང་སྐྱ། སེར་པོ། སེར་སྐྱ་སོགས་ཡོད། ཡང་ཟླ་བའི་གོ་ལའི་སྐར་རྡོའི་ཁྲོད་ཀྱི་ཆེས་རྒྱུན་མཐོང་གི་མུ་སི་འགྱུར་རྫས་ནི་ལྕགས་གཏེར་སེར་པོ་དང་རག་གཏེར་སེར་པོ། རག་གཏེར་སེར་པོ་གྲུ་བཞི་སོགས་དང་། ད་དུང་གསལ་བོ་མིན་པའི་གཏེར་རྫས་རིགས་བཅས་ཡིན་ལ།  དེ་དག་ནི་མེ་རིའི་བྲག་རྡོའི་སའི་གོ་ལའི་སྐར་རྡོའི་ངོས་སུ་མངོན་པའི་དྭངས་གསལ་གྱི་ཞུན་སྐོགས་སུ་གཏོགས་ཤིང་། དེ་ནི་ཟླ་བའི་གོ་ལའི་བྲག་རྡོའི་ཁྲོད་ཀྱི་དྭངས་གསལ་གྱི་དངོས་རྫས་རིགས་དེ་ཚ་དྲོད་མཐོན་པོ་བརྒྱུད་ནས་བཞུས་རྗེས་གྲུབ་པ་ཞིག་ཡིན་པར་མ་ཟད། ཟླ་བའི་གོ་ལའི་སྐར་རྡོའི་དྭངས་གསལ་གྱི་ཞུན་སྐོགས་ཀྱི་ཁྱད་ཆོས་ནི་ཟླ་བའི་གོ་ལའི་སྐར་རྡོའི་མཚོན་རྟགས་ཀྱི་བརྡར་ཤ་གཅད་བྱ་ཡིན། གཞན་སའི་གོ་ལར་ལྷུང་ནས་དུས་ཡུན་རིང་བོ་འགོར་བའི་རྒྱུ་མཚན་གྱིས། ཟླ་བའི་གོ་ལའི་མེ་རིའི་བྲག་རྡོའི་སྐར་རྡོ་ལ་རང་བྱུང་གི་གནོད་པ་ཐེབས་ནས། དྭངས་གསལ་ཞུན་སྐོགས་ཡལ་འགྲོ་བར་སྲིད་ཀྱང་། སྣང་ཚུལ་དེའི་རིགས་ཀྱིས་ནི་ཟླ་བའི་གོ་ལའི་ངོས་འཛིན་ལ་གནོད་སྐྱོན་ཅི་ཡང་ཐེབས་མི་སྲིད།

2 ཁྱད་ཆོས།

སྐར་རྡོ་ནི་རླུང་ཁམས་ཆེན་པོའི་ཆགས་རིམ་ཁྲོད་དུ་འབར་བ་དང་བརྡར་ནས་ཟད་པ་ཡིན་ཞིང་། གྲུབ་གཟུགས་ནི་རྣམ་པ་སྣ་ཚོགས་ཡིན་ལ། ཟུར་གཅིག་ཀྱང་ཡོད་པ་མ་ཡིན། ཡང་སྐར་རྡོའི་ངོས་ཀྱི་ཆེ་ཆུང་དང་ཟབ་ཚད་མི་མཚུངས་པའི་དོང་དེ་ལ་ཞུན་དོང་ཟེར་ཞིང་། སྐར་རྡོ་མི་ཉུང་བར་ད་དུང་གཏིང་ཟབ་མིན་ཞིང་། དབྱིབས་ནར་མོའི་རྗེས་ཤུལ་ཡོད་པ་དེ་ནི་ཅུང་ཟད་བཞུས་པའི་གཏེར་རྫས་ཐོག་ནས་ལྷུང་བ་ཡིན་སྲིད།

སྐར་རྡོ་ལ་ལྕགས་རིགས་ཀྱི་གྲུབ་ཆ་མང་བའི་རྐྱེན་གྱིས་ལྕགས་ཀྱི་སྐར་རྡོའི་བསྡུར་ཚད་8ལ་སོན་ཡོད། ཡང་རྡོ་རྒྱུས་གྲུབ་པའི་སྐར་རྡོ་ལ་ལྕགས་རིགས་ཀྱི་གྲུབ་ཆ་འཛོམས་པས། སྤྱིར་བཏང་གི་བྲག་རྡོ་དང་བསྡུར་ན་བསྡུར་ཚད་ཅུང་མཐོ་བ་ཡིན།

སྐར་རྡོའི་རིགས་སྣ་ཚོགས་ལ་ལྕགས་ཀྱི་གྲུབ་ཆ་མང་བས་དྲག་ཞན་ཆ་མི་སྙོམས་པའི་ཁབ་ལེན་གྱི་འཐེན་ཤུགས་ལྡན་ལ།  རླུང་ཤུགས་བརྒྱུད་པའི་སྐར་རྡོ་ལ་ཁབ་ལེན་གྱི་འཐེན་ཤུགས་མེད་ཅིང་། དེའི་རྒྱུ་མཚན་ཀྱིས་དེའི་རིགས་ནི་སྐར་རྡོ་ཡང་མིན།

སྐར་རྡོ་ནི་སྤྱིར་བཏང་གི་རྫ་ཆས་སུ་བརྡར་ན་རྗེས་ཤུལ་མེད་པའམ་རྗེས་ཤུལ་ཡོད་ཀྱང་གསལ་བོ་མ་ཡིན་ལ། གཏེར་རྡོ་ནི་རྫ་ཆས་སུ་བརྡར་ན་རྗེས་ཤུལ་ནག་པོ་དང་དམར་སྨུག་འབྱུང་བ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-30

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།