ལྷོ་སྣེའི་སྐར་རྡོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷོ་སྣེའི་སྐར་རྡོ།
སྤྱི་ལོ1969ལོའི་ཟླ12པར། ཉི་ཧོང་གི་ལྷོ་སྣེའི་རྟོག་ཞིབ་རུ་ཁག་ཐེངས་བཅུ་བས་ཀྲའོ་ཧོ་ཅི་ཏི་ལྷོ་ཕྱོགས་ཀྱི་སྤྱི་ལེ་སུམ་བརྒྱའི་མཚམས་ཀྱི་རི་རྒྱུད་ལྷོ་ཕྱོགས་ཀྱི་དར་ཐོག་ཏུ་གཏེར་རྡོ་དགུ་གསར་རྙེད་བྱུང་བ་དང་། ཉི་ཧོང་གི་ལྷོ་སྣེའི་རྟོག་ཞིབ་རུ་ཁག་ཐེངས་བཅུ་བཞི་བས་ཀྱང་ས་ཁུལ་གཅིག་ཏུ་སྐར་རྡོ་བཅུ་གཉིས་གསར་རྙེད་བྱུང་ལ། སྐར་རྡོ་དེ་དག་གསར་རྙེད་བྱུང་བ་ནི་སྟེས་དབང་ཞིག་ཡིན་ན། སྐར་རྡོའི་ཁ་གྲངས་ཅུང་མང་བར་སྣང་ཞིང་། དེ་ཡི་ཁྲོད་དུ་སྐར་རྡོའི་རིགས་མང་དུ་འདུ་བས། སྐར་རྡོ་དེ་དག་མཉམ་དུ་ས་ལ་ལྷུང་བ་མིན་པ་ཤེས་པར་མ་ཟད། ད་དུང་སྐར་རྡོ་མི་ཉུང་བ་གསར་རྙེད་འབྱུང་བ་ཡིན། ཉི་ཧོང་གིས་རྩ་འཛུགས་ཡོད་པའི་སྒོ་ནས་སྐར་རྡོ་ལ་རྟོག་ཞིབ་བྱས་པ་ན། ཏ་ཧོའི་རི་རྒྱུད་ཀྱི་མཐའ་འཁོར་དུ་སྐར་རྡོ་ལྔ་སྟོང་ལྔ་བརྒྱ་ལྷག་གསར་རྙེད་བྱུང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
南极陨石
ཕྱི་ཡིག་གི་མིང་།
Antarctica Meteorite
གསར་རྙེད་དུས་ཚོད།
སྤྱི་ལོ1969ལོའི་ཟླ12པ།
གསར་རྙེད་མཁན།
ཉི་ཧོང་གི་ལྷོ་སྣེའི་རྟོག་ཞིབ་རུ་ཁག་ཐེངས་བཅུ་བ།
1 སྐར་རྡོའི་མཛོད།

ལྷོ་སྣེའི་འཁྱག་རོམ་ཡོད་པའི་ས་ཁུལ་ཁ་ཤས་སུ་སྐར་རྡོ་དེ་འདྲའི་མང་བོ་ཡོད་པའི་རྒྱུ་མཚན་ཅི་ཡིན་ནམ། དེ་ནི་ལྷོ་སྣེ་རུ་གནམ་ནས་ལྷུང་བའི་སྐར་རྡོ་ཤིན་ཏུ་མང་བ་ཡིན་ནམ། དོན་དམ་པར་འཛམ་གླིང་གི་ས་ཆ་སོ་སོར་སྐར་རྡོ་འབྱུང་བ་ནི་འདྲ་མཚུངས་ཡིན་མོད། འོན་ཀྱང་ལྷོ་སྣེར་ལྷུང་བའི་སྐར་རྡོ་ནི་གནས་དེ་རུ་ཉར་ཚགས་ཡག་པོ་བྱ་ཐུབ་པའི་རྐྱེན་གྱིས། རྟོག་ཞིབ་རུ་ཁག་གིས་རྙེད་པར་སླ་འི་རྒྱུ་མཚན་ཡང་དེ་ཙམ་ཡིན།

ལྷོ་སྣེའི་འཁྱག་ཀླུང་དུ་ལྷུང་བའི་སྐར་རྡོ་ནི་འཁྱག་རོམ་གྱི་འོག་ཏུ་ཞུགས་པ་དང་། ལྷོ་སྣེ་རུ་གྲང་ངར་ཆེ་བ་དང་ཁོར་ཡུག་ཧ་ཅང་དྭངས་གཙང་ཡིན་པའི་རང་བྱུང་གི་ཆ་རྐྱེན་འོག  ཉར་ཚགས་ལེགས་པོ་བྱ་ཐུབ་པར་མ་ཟད། འཁྱག་ཀླུང་གི་རྒྱུ་བ་དང་བསྟུན་ནས་འགུལ་སྐྱོད་བྱ་བ་ཡིན་པས། འཁྱག་ཀླུང་རི་རྒྱུད་དང་བྱེ་སྒང་སོགས་དང་འཕྲད་པའི་ཚེ་ན། འཁྱག་རོམ་འོག་གི་ས་དབྱིབས་ཀྱི་དབང་གིས་འཁྱག་རོམ་གྱི་ངོས་མཐོ་ནས་མཐོ་རུ་ཕྱིན་པ་ཡིས། འཁྱག་ཀླུང་ཁྲོད་ཀྱི་སྐར་རྡོ་འཁྱག་རོམ་གྱི་ངོས་དང་ཐག་ཉེ་བར་གྱུར་ནས། མཐའ་མར་འཁྱག་རོམ་གྱི་ངོས་སུ་འབྱར་བ་ཡིན་ལ། རིམ་བཞིན་འཁྱག་ཀླུང་གནས་གང་དུ་ཁེགས་པའི་རི་རྒྱུད་དུ་ཚོམ་བུར་གནས་པ་ཡིན། རྒྱུ་མཚན་དེའི་དབང་གིས་གཙང་ཞིང་དཀར་བའི་འཁྱག་རོམ་གྱི་ངོས་སུ་སྐར་རྡོ་སྨུག་ནག་དེའི་རིགས་ནི་ཤིན་ཏུ་མངོན་གསལ་ཡིན་པར་མ་ཟད། ཧ་ཅང་རྒྱང་རིང་ནས་བལྟས་ཀྱང་མཐོང་བར་སླ་བ་ཡིན། ཡང་ལྷོ་སྣེའི་འཁྱག་རོམ་གྱི་སྐར་རྡོ་ནི་འཁྱག་ཀླུང་གི་རྒྱུ་བ་དང་བསྟུན་ནས་རྒྱ་མཚོའི་ཕྱོགས་སུ་བསྐྱོད་པ་ཡིན་པས། དེའི་ཁྲོད་ཀྱི་སྐར་རྡོ་མང་ཆེ་བ་རྒྱ་མཚོར་ལྷུང་འགྲོ་བ་ཡིན་སྲིད་པས། མི་རྣམས་ཀྱིས་རྙེད་ཡོད་པ་དེ་དག་ནི་ལྷོ་སྣེའི་སྐར་རྡོའི་ཁྲོད་ཀྱི་ཧ་ཅང་ཉུང་བའི་ཆ་དེ་ཡིན།

2 ཁྱད་ཆོས།

འཛམ་གླིང་གི་ས་ཆ་སོ་སོའི་སྐམ་ས་རུ་སྐར་རྡོ་ཧ་ཅང་མང་བོ་རྙེད་མྱོང་མོད། འོན་ཀྱང་ལྷོ་སྣེའི་སྐར་རྡོར་གཞན་དང་མི་མཚུངས་པའི་ཁྱད་ཆོས་མངོན་གསལ་ལྡན་པ་ནི་གཤམ་གསལ་ལྟར།

(1)ལྷོ་སྣེའི་སྐར་རྡོ་ནི་སའི་གོ་ལར་ལྷུང་ནས་དུས་ཡུན་ཆེས་རིང་བོ་འགོར་བའི་སྐར་རྡོ་ཞིག་ཡིན་ལ། སྐམ་ས་གཞན་པར་ལྷུང་བའི་སྐར་རྡོ་ཡིན་ན་རླུང་གི་རྒྱུ་བའི་དབང་གིས་སམ་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་འོག  སྐར་རྡོ་ས་རུ་ལྷུང་རྗེས་ལོ་ངོ་མང་བོར་ཉར་ཚགས་བྱ་ཐུབ་པ་མ་ཡིན། ཡིན་ཡང་ལྷོ་སྣེ་རུ་གྲང་ངར་ཧ་ཅང་ཆེ་བའི་རྐྱེན་གྱིས་སྐར་རྡོ་ཉར་ཚགས་ལ་ཕན་པ་ཆེན་པོ་ལྡན་པ་དང་རླུང་གིས་ཟད་པ་སོགས་ཀྱི་ཉེན་ཁ་མེད། དེའི་རྐྱེན་གྱིས་ལྷོ་སྣེའི་སྐར་རྡོ་སའི་གོ་ལར་ལྷུང་ནས་འགོར་བའི་དུས་ཡུན་ནི་ལོ་ངོ་འབུམ་ཕྲག་ཁ་ཤས་ཡིན་ལ། སྐམ་ས་གཞན་དུ་ལྷུང་བའི་སྐར་རྡོ་དང་བསྡུར་ན་ལྡབ100ལས་མཐོ་བ་ཡིན། གཞན་མིག་སྔར་ལག་སོན་བྱུང་བའི་ལྷོ་སྣེའི་སྐར་རྡོ་གཉིས་ཀྱི་སའི་གོ་ལར་ལྷུང་ནས་འགོར་བའི་དུས་ཡུན་ནི་ལོ་ས་ཡ5ཡིན།

(2)ལྷོ་སྣེའི་སྐམ་སར་ལྷུང་བའི་སྐར་རྡོ་ནི་གྲངས་འབོར་ཆེས་ཆེ་བ་དེ་ཡིན།

(3)ལྷོ་སྣེའི་སྐར་རྡོའི་རྣམ་པ་ཧ་ཅང་ཕུན་སུམ་ཚོགས་པ་ཡིན་ལ། སྤྱི་ལོ1989ལོའི་བར་དུ་ལྷོ་སྣེའི་སྐར་རྡོ་བགྲང་ལས་འདས་པའི་ཁྲོད་དུ་སྐར་རྡོ9ནི་ཟླ་བའི་གོ་ལ་ནས་ཐོན་པའི་ཟླ་བའི་གོ་ལའི་སྐར་རྡོ་ཡིན་པ་ཐག་གིས་བཅད་ཅིང་། དེའི་ཁྲོད་ཀྱི་སྐར་རྡོ8ནི་ཟླ་བའི་གོ་ལའི་ངོས་ནས་ཐོན་པ་ཡིན་པས། དེ་དག་ནི་ཟླ་བའི་གོ་ལའི་ཞིབ་འཇུག་ལ་མཁོ་བའི་རིན་ཐང་གཞལ་དུ་མེད་པའི་ནོར་བུ་མཆོག་གྱུར་ཡིན་པར་མ་ཟད། ཡང་དེའི་ཁྲོད་ཀྱི་སྐར་རྡོ་གཉིས་ནི་མིག་དམར་གྱི་བྱུང་འཕེལ་ལོ་རྒྱུས་རྟོགས་པའི་མིག་དམར་སྐར་རྡོ་ཡིན། གཞན་སྐར་རྡོའི་རིགས་གང་དུ་རྟོགས་པར་གསལ་འབྱེད་དཀའ་བའི་སྐར་རྡོ་ཧ་ཅང་ཁྱད་མཚར་སྐོར་ཞིག་ཀྱང་རྙེད་ཡོད་ལ། དེ་དག་ནི་སྐམ་ས་གཞན་དུ་རྙེད་མྱོང་མེད།

(4)ལྷོ་སྣེའི་སྐམ་སར་ལྷུང་བའི་སྐར་རྡོ་ནི་ཤིན་ཏུ་རྙེད་པར་སླ་བ་ཞིག་ཡིན།

3 ཚན་རིག་རིན་ཐང་།

སྐར་རྡོའི་རིན་ཐང་གཙོ་ཆེ་བ་ནི་དེའི་སྟེང་དུ་ཉི་མའི་ཁྱིམ་རྒྱུད་དང་འབྲེལ་བའི་སྔ་དུས་ཀྱི་ལོ་རྒྱུས་རྒྱུ་ཆ་ཡོད་པ་དང་། དེ་ལས་འཇིག་རྟེན་ཁམས་ཀྱི་འཕེལ་འགྱུར་གྱི་གནས་ཚུལ་རྒྱུས་ལོན་བྱ་ཐུབ་པར་མ་ཟད། སྐར་མའི་གོ་ལ་གཞན་པའི་སྟེང་དུ་ཚེ་སྲོག་ཡོད་མེད་ཀྱང་ཤེས་ཐུབ། དེ་ཡང་ལྷོ་སྣེའི་སྐར་རྡོ་ནི་ཚན་རིག་པ་ཡིས་འཇིག་རྟེན་ཁམས་ཀྱི་གསང་བ་བརྟོལ་བྱའི་ལྡེ་མིག་ལྟ་བུ་ཡིན་ལ། སྐར་རྡོ་དེ་ནི་གསེར་ལས་ཀྱང་རིན་ཐང་ཆེ་བ་ཡིན།

སྤྱི་ལོ1974ལོ་དང་སྤྱི་ལོ1976ལོར། ཨ་མེ་རི་ཁའི་ཚན་རིག་པ་ཡིས་ལྷོ་སྣེར་ཤིན་ཏུ་མཐོང་དཀོན་པའི་སྐར་རྡོ་གཉིས་རྙེད་པ་དང་། ཁོ་ཚོས་དེའི་ཁྲོད་དུ་སྐྱེ་དངོས་མ་ཡིན་པའི་འབྱུང་ཁུངས་ཀྱི་ཨན་གཞི་སྐྱུར་ཡོད་པ་ཤེས་རྟོགས་བྱུང་ལ། ཨན་གཞི་སྐྱུར་ནི་སྤྲི་དཀར་བཅུད་འགྲུབ་བྱའི་མ་མཐའི་ཆ་རྐྱེན་ཡིན་པ་དང་། ཨན་གཞི་སྐྱུར་ཡོད་པས་ད་གཟོད་སྤྲི་དཀར་བཅུད་ཡོད་པར་མ་ཟད། སྤྲི་དཀར་བཅུད་ཡོད་པས་ཚེ་སྲོག་ལྡན་པ་ཡིན་ཞིང་།  འདི་ལས་ཚོད་དཔག་ཅིག་བྱས་ན། སའི་གོ་ལའི་སྟེང་དུ་ཚེ་སྲོག་མ་བྱུང་བའི་སྔ་རོལ་དུ་རྫས་འགྱུར་བྱུང་བའི་བརྒྱུད་རིམ་དེ་ནི་སྐར་མའི་གོ་ལ་གཞན་དག་གི་སྟེང་དུ་ཡང་བྱུང་མྱོང་བའམ་འབྱུང་བཞིན་པའི་སྒང་ཡིན་སྲིད། གཞན་སྐར་རྡོའི་ཁྲོད་དུ་ཨན་གཞི་སྐྱུར་ཡོད་པ་ཤེས་རྟོགས་བྱུང་བ་དེ་ཡིས་སའི་གོ་ལའི་ཕྱི་ཡི་ཚེ་སྲོག་གི་འབྱུང་ཁུངས་ལ་ཞིབ་འཇུག་བྱ་བར་དཔྱད་གཞི་འགངས་ཆེན་འདོན་སྤྲོད་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-30

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།