དབྱིན་ཐེ་དྲ་རྒྱའི་སྒྲ་བརྒྱུད་དང་བརྙན་བརྒྱུད་ཞབས་ཞུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་ཐོག་མར་དབྱིན་ཐེ་དྲ་རྒྱའི་སྒྲ་བརྒྱུད་དང་བརྙན་བརྒྱུད་ཞབས་ཞུ་སྤྱི་བཤད་ཅིག་བྱས་རྗེས། སྒྲ་བརྒྱུད་དང་བརྙན་བརྒྱུད་བཞུར་རྒྱུན་གྱི་སྨྱན་གཟུགས་ཞབས་ཞུ་ཆས་དང་དུས་ཐོག་བཞུར་རྒྱུན་གྲོས་མཐུནRTSPདང་། གཞནIPཁ་པར་དཔེར་བྱས་ཏེ་བརྗེ་རེས་རྣམ་པའི་སྒྲ་བརྒྱུད་དང་བརྙན་བརྒྱུད་དུ་བཀོལ་བའི་གྲོས་མཐུན་འགའ་སྟེ་དུས་ཐོག་སྐྱེལ་གཏོང་གྲོས་མཐུནRTPདང་། དུས་ཐོག་སྐྱེལ་གཏོང་ཚོད་འཛིན་གྲོས་མཐུནRTP H.323དང་ཁ་བརྡ་མགོ་འཛུགས་གྲོས་མཐུནSIPསོགས་ངོ་སྤྲོད་བྱེད་པར་བྱ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
因特网的音频与视频传输服务
1 སྤྱི་བཤད།

རྩིས་འཁོར་དྲ་རྒྱ་དང་ཐོག་གཞི་གྲངས་སྐྱེལ་གཏོང་གི་ཆེད་དུ་བཙུགས་པ་ཡིན་ཞིང་། དབྱིན་ཐེ་དྲ་རྒྱའི་ཧུར་གྱིས་སྤྲོད་པའི་ཞབས་ཞུ་དང་ཚོ་བགོད་རེ་རེ་རང་རྐྱའི་སྒོ་ནས་སྐྱེལ་གཏོང་བྱེད་པའི་ཐབས་ལམ་འདི་གཉིས་གཞི་གྲངས་སྐྱེལ་གཏོང་བྱེད་པར་ཤིན་ཏུ་འཚམས་ཤིང་། དབྱིན་ཐེ་དྲ་རྒྱ་རུ་སྤྱོད་པའི་གྲོས་མཐུནTCPཡིསIPབང་རིམ་གྱིས་ཡིད་རྟོན་ཆོག་པའི་ཡར་སྤྲོད་བྱེད་མི་ཐུབ་པའི་གནད་དོན་དེ་ཐག་གཅོད་ཡག་པོ་བྱས་ཡོད།

འོན་ཀྱང་ལག་རྩལ་གྱི་འཕེལ་རྒྱས་དང་བསྟུན་ཏེ་སྤྱོད་མཁན་གྱིས་དབྱིན་ཐེ་དྲ་རྒྱ་སྤྱད་དེ་སྒྲ་བརྒྱུད་དང་བརྙན་བརྒྱུད་ཀྱི་བརྡ་འཕྲིན་སྐྱེལ་གཏོང་བྱེད་ཀྱིན་ཡོད། སྤྱི་བཏང་དུ་སྒྲ་བརྒྱུད་དང་བརྙན་བརྒྱུད་འདི་ལྟ་བུར་སྨྱན་མང་བརྡ་འཕྲིན་ཞེས་ཟེར། གློག་ལམ་བརྗེ་རེས་ཀྱི་སྤྱི་སྤྱོད་ཁ་པར་དྲ་རྒྱ་རུ་སྨྱན་མང་བརྡ་འཕྲིན་སྐྱེལ་གཏོང་བྱེད་པ་ནི་ལག་རྩལ་གྱི་རྩེར་སོན་ཡོད་དེ། དཔེར་ན་བརྙན་བརྒྱུད་ཚོགས་འདུའམ་བརྙན་འཕྲིན་ཚོགས་འདུ་ཡིས་དེ་སྔོན་གློག་ལམ་བརྗེ་རེས་ཀྱི་སྤྱི་སྤྱོད་ཁ་པར་དྲ་རྒྱ་སྤྱོད་པ་ཡིན། འདིའི་ལེགས་ཆ་ནི། སྦྲེལ་མཐུད་བཙུགས་རྗེས་གནོན་སྐུམ་བྱས་པའི་སྨྱན་མང་བརྡ་འཕྲིན་དེ་ཁ་པར་སྐུད་ལམ་དུ་སྐྱེལ་གཏོང་བྱེད་པའི་སྤུས་ཚག་ཁག་ཐེག་ཡོད་མོད། སྐྱོན་ཆ་ནི་གློག་འཕྲིན་ཀུང་སིས་ཁ་པར་སྐུད་ལམ་བགོས་གཡོར་གཏོང་བའི་རིན་གོང་མཐོ་དྲག་པ་དེ་ཡིན།

2 བཞུར་ཚུལ་ཉར་གསོག

སྔོན་དུ་ང་ཚོས་རྒྱུན་ལྡན་གྱི་བཤར་ཆས་ཀྱིས་ཞབས་ཞུ་ཆས་ལས་སྒྲ་བརྒྱུད་དང་བརྙན་བརྒྱུད་ཡིག་ཆ་མར་ཕབ་བྱེད་པར་ཕྱིར་དྲན་ཞིག་བྱེད། དཔེ་རིས1-1ཡིས་མར་ཕབ་ཀྱི་གོ་རིམ་གསུམ་པོ་གསལ་བཤད་བྱས་ཡོད།

(1)སྤྱོད་མཁན་གྱིས་རྩིས་འཁོར་གྱི་བཤར་ཆསHTTPསྤྱད་དེ་ཞབས་ཞུ་ཆས་ལས་སྒྲ་བརྒྱུད་དང་བརྙན་བརྒྱུད་ཡིག་ཆ་མར་ཕབ་བྱེད་པའི་རེ་བ་བཏོན། GETཡིས་མར་ཕབ་རེ་ཞུའིHTTPཡིག་ཚགས་མཚོན་ཞིང་། HTTPཡིསTCPསྦྲེལ་ལམ་བཀོལ་ཡོད།

(2)ཡིག་ཆ་དེ་རང་གནས་སུ་ཡོད་ན་ཞབས་ཞུ་ཆས་ཀྱིས་དེ་ཉིད་བཤར་ཆས་སུ་བསྐུར་ཡོང་། RESPONSEཡིས་ཞབས་ཞུ་ཆས་ཀྱིHTTPལན་བརྗོད་ཡིག་ཚགས་མཚོན་ཡོད། སྤྱོད་མཁན་གྱིས་རེ་ཞུ་ཞུས་པའི་ཡིག་ཆ་དེ་ལན་བརྗོད་ཡིག་ཚགས་སུ་བཞག་ཡོད་ལ། མར་ཕབ་བརྒྱུད་རིམ་ལ་དུས་ཚོད་ཡུན་རིང་ཞིག་དགོས།

(3)བཤར་ཆས་ཀྱིས་ཡིག་ཆ་དེ་ཡོངས་སུ་མར་ཕབ་བྱས་རྗེས། རང་གི་རྩིས་འཁོར་དུ་ཡོད་པའི་སྨྱན་གཟུགས་གཏོང་ཆས་ཤིག་ཏུ་སྐྱེལ་ཏེ་གནོན་སྐུམ་བཀྲོལ་ཏེ་འཆར་གཏོང་བྱེད་པ་ཡིན།

1.jpg

དཔེ་རིས1-1 རྒྱུན་ལྡན་གྱི་ཡིག་ཆ་ཕབ་ལེན་བྱེད་ཐབས།

སྒྲ་བརྒྱུད་དང་བརྙན་བརྒྱུད་ཡིག་ཆ་དེ་བཤར་ཆས་སུ་ཐད་ཀར་འཆར་གཏོང་བྱས་མི་ཆོག་གམ་ཞེས་ན། འཆར་གཏོང་ཆས་ནི་ཝན་ཝེ་དྲ་རྒྱའི་བཤར་ཆས་སུ་བསྡུས་མེད་པས། སྨྱན་གཟུགས་གཏོང་ཆས་ཞེས་པའི་ཉེར་སྤྱོད་བྱ་རིམ་རང་རྐྱ་བ་གཞན་ཞིག་བེད་སྤྱོད་བྱེད་དགོས། ད་ལྟ་དར་ཁྱབ་ཆེ་བའི་སྨྱན་གཟུགས་གཏོང་ཆས་ལReal Netkworksཀུང་སིའི Real Playerདང་། Micosoftཀུང་སིའིWindows Media Playerདང་། ཀུ་ཤུ་ཀུང་སིའིQuick Timeསོགས་ཡོད། སྨྱན་གཟུགས་གཏོང་ཆས་བྱེད་ནུས་གཙོ་བོ་ནི་དོ་དམ་སྤྱོད་མཁན་གྱི་ཞལ་ངོས་དང་། གནོན་སྐུམ་ལས་བཀྲོལ་བ། དུས་འགྱངས་འདར་འགུལ་སེལ་བ། སྐྱེལ་འདྲེན་དུ་བྱུང་བའི་ནོར་འཁྲུལ་ལ་ཐག་གཅོད་བྱེད་པ་བཅས་ཡིན།

རྒྱུན་ལྡན་གྱི་མར་ཕབ་ལ་དུས་ཡུན་རིང་བོ་ཞིག་དགོས་ཤིང་། ཡིག་ཆ་དེ་ཡོངས་སུ་སྡུད་སྡེར་རུ་མར་ཕབ་བྱས་རྗེས་ད་གཟོད་འཆར་གཏོང་བྱེད་པ་ཡིན།

2_1 རྒྱུ་ཡིག་ལྡན་པའི་ཝན་ཝེ་དྲ་རྒྱའི་ཞབས་ཞུ་ཆས།

ལེགས་བཅོས་ཀྱི་ཐབས་ལམ་དང་པོ། ཝན་ཝེ་དྲ་རྒྱའི་ཞབས་ཞུ་ཆས་སུ་སྒྲ་བརྒྱུད་དང་བརྙན་བརྒྱུད་ཡིག་ཆ་ཉར་གསོག་བྱེད་པ་ལས་གཞན། དེ་དང་འབྲེལ་བའི་རྒྱུ་ཡིག་ཅེས་ཤིན་ཏུ་ཆུང་ཞིང་ཡིག་ཆ་གཞན་ཞིག་གི་གནས་ཚུལ་འགངས་ཆེན་བརྗོད་བྱར་བྱས་པའི་ཡིག་ཆ་ཞིག་ཀྱང་ཉར་ཡོད། དཔེ་རིས1-2ཡིས་ཡིག་རྒྱུ་ལས་སྒྲ་བརྒྱུད་དང་བརྙན་བརྒྱུད་ཡིག་ཆ་མར་ཕབ་བྱེད་པའི་གོ་རིམ་མཚོན་ཡོད།

2.jpg

དཔེ་རིས1-2 རྒྱུ་ཡིག་ཆ་ཅན་གྱི་དྲ་རྒྱའི་ཞབས་ཞུ་ཆས་སྤྱོད་པ།

(1)བཤར་ཆས་སྤྱོད་མཁན་གྱིས་རང་གི་བལྟ་བྱའི་སྒྲ་བརྒྱུད་དང་བརྙན་བརྒྱུད་ཡིག་ཆའི་སྦྲེལ་ཐག་འཕར་མའི་སྟེང་དུ་རྡེབ་གནོན་བྱས་པ་ན། HTTPསྤྱོད་པའིGETཡིག་ཚགས་ཀྱིས་ཝན་ཝེ་དྲ་རྒྱའི་ཞབས་ཞུ་ཆས་སུ་སྦྲེལ་བར་བྱས། དོན་དངོས་སུ་སྦྲེལ་ཐག་འཕར་མ་དེ་མར་ཕབ་བྱའིURLཡོད་པའི་ཡིག་རྒྱ་ཞིག་ཏུ་ཕྱོགས་པ་ལས་རེ་ཞུ་བྱས་པའི་སྒྲ་བརྒྱུད་དང་བརྙན་བརྒྱུད་ཡིག་ཆར་ཐད་ཀར་དུ་ཕྱོགས་མེད།

(2)ཝན་ཝེ་དྲ་རྒྱའི་ཞབས་ཞུ་ཆས་ཀྱིས་ཡིག་རྒྱུ་དེ་ཉིདHTTPལན་བརྗོད་ཡིག་ཚགས་ཀྱི་གཙོ་གནད་དུ་བྲིས་ཏེ་ཕྱིར་བཤར་ཆས་སུ་གཏོང་། ལན་བརྗོད་ཡིག་ཚགས་སུ་སྒྲ་བརྒྱུད་དང་བརྙན་བརྒྱུད་ཡིག་ཆ་དེའི་རིགས་སྣེའི་མགོ་ཆའང་ཡོད།

(3)ལན་བརྗོད་ཡིག་ཚགས་འབྱོར་བ་ན། བཤར་ཆས་ཀྱིས་རིགས་སྣའི་མགོ་ཆ་དེ་གསལ་བོར་ཀློག་རྗེས། གང་དང་མཐུན་པའི་གཏོང་ཆས་ཤིག་འདེམས་ཤིང་། ཡིག་རྒྱུ་དེ་དེར་སྤྲོད་པ་ཡིན།

(4)འཆར་གཏོང་ཆས་ཀྱིས་ཡིག་རྒྱུར་ཡོད་པའིURLགཞིར་བཟུང་སྟེ་ཐད་ཀར་དུ་ཝན་ཝེ་དྲ་རྒྱའི་ཞབས་ཞུ་ཆས་དངTCPསྦྲེལ་ལམ་བཙུགས་ཤིང་། HTTPརེ་ཞུ་ཡིག་ཚགས་བསྐུར་ཏེ་བཤར་ཆས་ཀྱིས་མར་ཕབ་འདོད་པའི་ཡིག་ཆ་མར་ལེན་བྱེད་པའི་རེ་བ་ཞུས།

(5)ཝན་ཝེ་དྲ་རྒྱའི་ཞབས་ཞུ་ཆས་ཀྱིས་མར་ཕབ་བྱའི་ཡིག་ཆ་དེHTTPལན་བརྗོད་ཡིག་ཚགས་སུ་བཞག་ནས་ཕྱིར་འཆར་གཏོང་ཆས་ཆས་སྐུར། འཆར་གཏོང་ཆས་ཀྱིས་དུས་འགྱངས་འདར་འགུལ་སེལ་ཕྱིར། སྐར་ཆ་ཁ་ཤས་རིང་གི་ཡིག་ཆ་ཉར་གསོག་བྱས་རྗེས། བཞུར་རྒྱུན་ཚུལ་གྱིས་མར་ཕབ་ཞོར་དུ་གནོན་སྐུམ་འགྲོལ་ཞིང་འཆར་གཏོང་བྱེད་པ་ཡིན།

2_2 སྨྱན་གཟུགས་ཞབས་ཞུ་ཆས།

གོང་གི་ཐབས་ལམ་དུ་སྨྱན་གཟུགས་གཏོང་ཆས་ཀྱིསHTTPཞབས་ཞུ་སྤྱོད་པ་ལ་གནད་དོན་ཞིག་ཡོད། HTTPཞབས་ཞུ་ནིTCPསྦྲེལ་མཐུད་དུ་འཁོར་བསྐྱོད་བྱེད་པ་ཡིན་ལ། TCPཡིས་ནོར་འཁྲུལ་དང་པོར་བརླགས་བྱུང་བའི་ཡིག་ཚགས་དུམ་བུ་དག་བསྐྱར་གཏོང་བྱེད་པས་བཞུར་ཚུལ་སྒྲ་བརྒྱུད་དང་བརྙན་བརྒྱུད་ཡིག་ཆའི་སྐྱེལ་གཏོང་དུ་སྤྱོད་པ་མི་འོས། གལ་ཏེ་དྲ་རྒྱ་འཚང་ཁ་བྱུང་དུས། ཉེར་གསོག་གི་གཞི་གྲངས་འཛད་ཟིན་པས་ཡིག་ཆའི་འཆར་གཏོང་གི་མཚམས་ཆད་འགྲོ། དེ་བས་ང་ཚོསTCPསྐྱུགས་ཏེUDPགྲོས་མཐུན་སྤྱོད་དགོས། ཝན་ཝེ་དྲ་རྒྱའི་ཞབས་ཞུ་ཆས་ཀྱིསHTTPགྲོས་མཐུན་གཞི་འཛིན་བྱེད་པས། ཞབས་ཞུ་ཆས་གཞན་ཞིག་དགོས་ལ། དེར་སྨྱན་གཟུགས་ཞབས་ཞུ་ཆས་ཟེར། དཔེ་རིས1-3ལས་སྤྱི་དོན་དེ་གསལ་བཤད་བྱས་ཡོད།

3.jpg

དཔེ་རིས1-3 སྨྱན་གཟུགས་ཞབས་ཞུ་ཆས་སྤྱོད་པ།

སྨྱན་གཟུགས་ཞབས་ཞུ་ཆས་ལ་བཞུར་རྒྱུན་ཞབས་ཞུ་ཆས་ཀྱང་ཟེར། སྨྱན་གཟུགས་ཞབས་ཞུ་ཆས་དང་ཝན་ཝེ་དྲ་རྒྱའི་ཞབས་ཞུ་ཆས་གཉིས་རྒྱུད་ཁོངས་གཅིག་ཏུ་འཁོར་བསྐྱོད་བྱས་ཆོག་ལ། རྒྱུད་ཁོངས་མི་འདྲ་བར་འཁོར་བྱས་ཀྱང་ཆོག དེ་གཉིས་ཀྱི་ཁྱད་གཙོ་བོ་ནི། སྔ་མས་བཞུར་ཚུལ་སྒྲ་བརྒྱུད་དང་བརྙན་བརྒྱུད་ཀྱི་སྐྱེལ་གཏོང་ལ་རམ་འདེམས་བྱེད་ཐུབ་པ་དེ་ཡིན། སྨྱན་གཟུགས་གཏོང་ཆས་དང་སྨྱན་གཟུགས་ཞབས་ཞུ་ཆས་གཉིས་ཀྱི་འབྲེལ་བ་ནི་མགྲོན་བདག་གི་འབྲེལ་བ་ཡིན། སྨྱན་གཟུགས་གཏོང་ཆས་ཀྱིས་སྨྱན་གཟུགས་ཞབས་ཞུ་ཆས་སུ་རེ་ཞུ་བྱེད་པ་ལས་ཝན་ཝེ་དྲ་རྒྱའི་ཞབས་ཞུ་ཆས་ལ་མི་བྱེད། དེ་གཉིས་ཀྱིས་གྲོས་མཐུན་གཞན་ཞིག་སྤྱད་དེ་ཕན་ཚུན་རེས་མོས་ཀྱིས་ཁ་བརྡ་བྱེད་པ་ཡིན།

སྨྱན་གཟུགས་ཞབས་ཞུ་ཆས་སྤྱད་པ་ན། ཡིག་ཆའི་མར་ཕབ་ཀྱི་གོ་རིམ་སྔོན་མ་གསུམ་ནི་སྔར་དང་འདྲ་ཞིང་ཁྱད་ནི་གོ་རིམ་རྗེས་མ་གསུམ་དུ་ཡོད་དེ།

(1)བཤར་ཆས་སྤྱོད་མཁན་གྱིས་རང་གི་བལྟ་བྱའི་སྒྲ་བརྒྱུད་དང་བརྙན་བརྒྱུད་ཡིག་ཆའི་སྦྲེལ་ཐག་འཕར་མའི་སྟེང་དུ་རྡེབ་གནོན་བྱས་པ་ན། HTTPསྤྱོད་པའིGETཡིག་ཚགས་ཀྱིས་ཝན་ཝེ་དྲ་རྒྱའི་ཞབས་ཞུ་ཆས་སུ་སྦྲེལ་བར་བྱས། དོན་དངོས་སུ་སྦྲེལ་ཐག་འཕར་མ་དེ་མར་ཕབ་བྱའིURLཡོད་པའི་ཡིག་རྒྱ་ཞིག་ཏུ་ཕྱོགས་པ་ལས་རེ་ཞུ་བྱས་པའི་སྒྲ་བརྒྱུད་དང་བརྙན་བརྒྱུད་ཡིག་ཆར་ཐད་ཀར་དུ་ཕྱོགས་མེད།

(2)ཝན་ཝེ་དྲ་རྒྱའི་ཞབས་ཞུ་ཆས་ཀྱིས་ཡིག་རྒྱུ་དེ་ཉིདHTTPལན་བརྗོད་ཡིག་ཚགས་ཀྱི་གཙོ་གནད་དུ་བྲིས་ཏེ་ཕྱིར་བཤར་ཆས་སུ་གཏོང་། ལན་བརྗོད་ཡིག་ཚགས་སུ་སྒྲ་བརྒྱུད་དང་བརྙན་བརྒྱུད་ཡིག་ཆ་དེའི་རིགས་སྣེའི་མགོ་ཆའང་ཡོད།

(3)ལན་བརྗོད་ཡིག་ཚགས་འབྱོར་བ་ན། བཤར་ཆས་ཀྱིས་རིགས་སྣའི་མགོ་ཆ་དེ་གསལ་བོར་ཀློག་རྗེས། གང་དང་མཐུན་པའི་གཏོང་ཆས་ཤིག་འདེམས་ཤིང་། ཡིག་རྒྱུ་དེ་དེར་སྤྲོད་པ་ཡིན།

(4)སྨྱན་གཟུགས་གཏོང་ཆས་ཀྱིས་ཡིག་རྒྱུའིURLལས་སྨྱན་གཟུགས་ཞབས་ཞུ་ཆས་སུ་སྦྲེལ་ཞིང་། བཤར་ཆས་ཀྱིས་མར་ཕབ་ལ་རེ་ཞུ་བྱས་པའི་ཡིག་ཆ་མར་ཕབ་ལེན་བྱེད་པའི་རེ་ཞུ་ཞུས། མར་ཕབ་ཀྱི་ལས་དེUDPསྤྱོད་པའི་གྲོས་མཐུན་གང་རུང་ཞིག་ལ་བརྟེན་ཆོག་སྟེ། དཔེར་ན་དུས་ཐོག་སྐྱེལ་འདྲེན་གྲོས་མཐུནRTPལྟ་བུ།

(5)སྨྱན་གཟུགས་ཞབས་ཞུ་ཆས་ཀྱིས་ཕབ་བྱའི་ཡིག་ཆ་དེ་ལན་བརྗོད་དུ་བཞག་ནས་བསྐུར་བ་དང་། སྨྱན་གཟུགས་གཏོང་ཆས་ཀྱིས་དུས་ཡུན་སྐར་ཆ་འགའི་རྗེས་སུ། བཞུར་རྒྱུན་ཚུལ་གྱིས་མར་ཕབ་ཞོར་དུ་གནོན་སྐུམ་བཀྲོལ་ཞིང་འཆར་གཏོང་བྱེད་པ་ཡིན།

མཉམ་འཇོག་བྱེད་དགོས་པ་ཞིག་ལ། སྨྱན་གཟུགས་ཞབས་ཞུ་ཆས་ཀྱིས་ཀྱངTCPསྦྲེལ་མཐུད་ཀྱིས་སྨྱན་གཟུགས་གཏོང་ཆས་སུ་ཡིག་ཆ་སྐྱེལ་གཏོང་བྱས་ཆོག་པ་མ་ཟད། གལ་ཏེ་བོར་བརླགས་བྱུང་བའི་ཡིག་ཚགས་བསྐྱར་གཏོང་བྱས་ཆོག་པ་མ་ཟད། གལ་ཏེ་བོར་བརླགས་བྱུང་བའི་ཡིག་ཚགས་བསྐྱར་གཏོང་བྱེད་དུས་རང་སའི་ཉར་གསོག་སྟོང་བར་མ་བྱས་ན། སྒྲ་བརྒྱུད་དང་བརྙན་བརྒྱུད་ཡིག་ཆ་ལས་བསླངས་བའི་སྒྲ་རིས་ཀྱི་སྤུས་ཚད་གཞན་ལས་མཐོ་དགོས། འོན་ཀྱང་དྲ་རྒྱ་རུ་འཚང་ཁ་བྱུང་སྟེ་ཡིག་ཚགས་བོར་བརླགས་སུ་སོང་བ་དག་བསྐྱར་གཏོང་བྱེད་དུས། ཉེར་གསོག་ཏུ་ཡོད་པའི་གཞི་གྲངས་རྣམས་བཏོན་ཚར་བ་ཡིན་ན་འཆར་གཏོང་གི་ལས་མཚམས་སུ་ཡུད་ཙམ་དུ་འཇོག་དགོས་སོ།།

3 རེས་མོས་རྣམ་པ།

འདིར་དཔེར་བརྗོད་ཀྱི་ཚུལ་དུ་རེས་མོས་རྣམ་པའི་སྒྲ་བརྒྱུད་དེIPཁ་པར་ཁོ་ན་ངོ་སྤྲོད་བྱེད། IPཁ་པར་ལ་བགྲོ་གླེང་བྱས་ན། དབྱིན་ཐེ་དྲ་རྒྱ་རུ་སྨྱན་མང་གཟུགས་ཀྱི་བརྡ་འཕྲིན་སྐྱེལ་གཏོང་བྱེད་པར་གནད་དོན་གང་དག་ཐག་གཅོད་བྱེད་དགོས་པར་གོ་བ་ལོན་ཐུབ།

3_1 IPཁ་པར་སྤྱི་བཤད།

1.སྒྲ་ཡངས་དོག་གིIPཁ་པར།

དབྱིན་ཡིག་ཏུIPཁ་པར་ལ་དོན་གཅིག་མིང་གི་རྣམ་གྲངས་དུ་མ་ཡོད་དེ། རྒྱུན་དུ་མཐོང་བ་ལVoIPདངInternet TelephonyདངVONསོགས་ཡོད། འོན་ཀྱངIPཁ་པར་གྱི་གོ་དོན་ལ་འགྲེལ་བཤད་མི་མཐུན་པ་སྣ་ཚོགས་ཡོད།

སྒྲ་དོག་པའི་དབང་དུ་བཏང་ན། IPཞེས་པ་ནིIPདྲ་རྒྱ་རུ་ཁ་པར་གཏོང་བ་ལ་གོ་ཞིང་། འདིརIPདྲ་རྒྱ་ཞེས་པ་ནིIPགྲོས་མཐུན་སྤྱོད་པའི་ཚོ་བགོད་བརྗེ་རེས་དྲ་རྒྱའི་བསྡུས་མིང་ཡིན། འདིར་བཤད་པའི་དྲ་རྒྱ་དེ་དབྱིན་ཐེ་དྲ་རྒྱ་ཡིན་ཆོག་ལ། ཆེས་ཉུང་ཡངIPདྲ་རྒྱ་གཅིག་འདུས་པའི་གློག་ལམ་བརྗེ་རེས་བྱེད་པའི་སྦྲེལ་མཐུད་དྲ་རྒྱ་ཡང་ཡིན་ཆོག

སྒྲ་ཡངས་པའི་དབང་དུ་བཏང་ན། IPཁ་པར་ཞེས་པ་ནི་ཁ་པར་འཕྲིན་གཏོང་ཙམ་ལ་གོ་མ་མིན་པར། IPདྲ་རྒྱ་རུ་འབྱུང་བའི་སྒྲ་དང་རི་མོའི་རྣམ་པའི་སྨྱན་གཟུགས་དུས་ཐོག་འཕྲིན་གཏོང་ལ་ཟེར་ཞིང་། ཐ་ན་མྱུར་འཕྲལ་བརྡ་གཏོངIMཡང་ཁོངས་སུ་འདུས་ཡོད། དེ་ལས་མྱུར་འཕྲལ་བརྡ་གཏོང་ཞེས་པ་ནི་རང་ཉིད་དྲ་རྒྱ་རུ་ཞུགས་པ་ན་ཡོལ་ངོས་ལས་དྲ་ཐོག་ཏུ་ཡོད་པའི་གྲོགས་པོ་གཞན་དག་ངོས་འཛིན་བྱེད་ཐུབ་པ་མ་ཟད། དེ་དག་དང་འཕྲིན་གཏོང་ཡང་བྱས་ཆོག མིག་སྔར་དར་ཁྱབ་ཆེ་བའི་མྱུར་འཕྲལ་བརྡ་གཏོང་གི་ཉེར་སྤྱོད་བྱ་རིམQQདངMSNMessenger[CHEN07]གཉིས་ལ་དགའ་བསུ་ཆེན་པོ་ཐོབ་ཡོད། IPཁ་པར་ནི་སྨྱན་མང་གཟུགས་ཞབས་ཞུའི་སྟེགས་བུ་ཞིག་ཏུ་འཕེལ་འགྱུར་བྱེད་བཞིན་ཡོད་ཅིང་། སྒྲ་དང་བརྙན་རིས། གཞི་གྲངས་ཕྱོགས་འདུས་ཀྱི་རྩ་བའི་ཆགས་རིམ་ཞིག་ཏུ་བལྟས་ཆོག ཆ་རྐྱེན་ལ་ལའི་འོག་ཏུIPཁ་པར་གྱི་སྒྲའི་སྤུས་ཚད་ནི་སྤྱི་བཏང་ཁ་པར་ལས་ལྷག་པར་མཐོ།

གཤམ་དུ་སྒྲ་དོག་པའིIPཁ་པར[COLL0][W-VoIP]ལ་བགྲོ་གླེང་བྱེད། སྒྲ་ཡངས་པའིIPཁ་པར་གཉིས་རིགས་ལམ་དུ་འདྲ་མཚུངས་ཡིན།

IPཁ་པར་ཞེས་པ་གསར་བྱུང་གི་མིང་ཚིག་ཅིག་མིན་ཏེ། དུས་རབས20པའི་ལོ་རབས70བར་བྱུང་བའིARPANEའཁོར་བསྐྱོད་བྱེད་པའི་དུས་ཀྱི་ཐོག་མར། ཨ་མེ་རི་ཀས་ཚོ་བགོད་སྐད་གདངས་འཕྲིན་གཏོང་ཞེས་རྩིས་འཁོར་དྲ་རྒྱ་རུ་ཁ་པར་བརྡ་འཕྲིན་སྐྱེལ་གཏོང་བྱེད་པར་ཞིབ་འཇུག་བྱས་པ་རེད། འོན་ཀྱང་དུས་ཡུན་རིང་བོ་ཞིག་ཏུ་ལག་རྩལ་དེར་འཕེལ་རྒྱས་བྱུང་མ་ཐུབ་པའི་རྒྱུ་རྐྱེན་ནི།

(1)རིན་གོང་དམའ་ཞིང་སྤུས་ཚད་ལེགས་པ། མྱུར་ཕྱོད་དམན་པའི་སྐད་གདངས་བརྡ་འཕྲིན་གྱི་སྦྱར་བཀྲོལ་ཚབ་ཨང་མཉེན་ཆས་དང་ཉིང་ལྷེབ་དཀོན་པ།

(2)རྩིས་འཁོར་དྲ་རྒྱའི་སྐྱེལ་གཏོང་མྱུར་ཚད་དང་ལམ་སྟོན་ཆས་ཀྱི་ཐག་གཅོད་མྱུར་ཚད་སོགས་ཅུང་དམན་པས་དུས་འགྱངས་ཆེ་བ།

(3)དུས་ཐོག་འཕྲིན་གཏོང་གི་ཞབས་ཞུའི་སྤུས་ཚད་ལ་ཁག་ཐེག་བྱེད་པའི་དྲ་རྒྱ་གྲོས་མཐུན་མེད་པ།

(4)རྩིས་འཁོར་དྲ་རྒྱའི་ཁྱབ་རྒྱ་ཆུང་བས་དཔལ་འབྱོར་གྱི་ནུས་ཕྱོད་ཐོན་མི་ཐུབ་པ་བཅས་སོ།།

2. IPཁ་པར་དྲ་འགག

དུས་རབས20པའི་ལོ་རབས90དཀྱིལ་དུ་ཐོན་པ་ན། གོང་གི་གནད་དོན་དག་རིམ་བཞིན་ཐག་གཅོད་བྱས་ཟིན། དེ་བས་ཨ་མེ་རི་ཀའིVocalTecཡིས་སྤྱི་ལོ1995ལོར་བཀོལ་སྤྱོད་རང་བཞིན་ཅན་གྱིIPཁ་པར་ཁྱབ་གདལ་བྱས། འོན་ཀྱངIPཁ་པར་འདིའི་རིགས་ཀྱི་ངེས་པར་དུPCའཕྲུལ་ཆས་སྤྱོད་དགོས། སྤྱི་ལོ1996ལོའི་ཟླ3པརIPཁ་པར་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཏུ་སླེབས་སོང་། VocalTecཀུང་སིས་རྒྱལ་ཁའི་ངང་ནསIPཁ་པར་དྲ་འགག་ཅེས་པ་གསར་འདོན་བྱས་པ་དེ་ནིIPཁ་པར་དྲ་རྒྱ་དང་སྤྱི་སྤྱོད་ཁ་པར་དྲ་རྒྱ་གཉིས་ཀྱི་མཐུད་མཚམས་སྒྲིག་ཆས་སུ་གྱུར། IPཁ་པར་དྲ་འགག་གི་བྱེད་ནུས་ནི།

(1)འབོད་སྐུལ་དུས་རིམ་དང་འབོད་སྐུལ་མཚམས་བཞག་པའི་དུས་རིམ་དུ་ཁ་པར་བཀའ་བརྡ་བརྗེ་སྤོར་བྱེད་པ།

(2)ཁ་བརྡའི་དུས་ཡུན་དུ་སྐད་གདངས་ཀྱི་ཚབ་ཨང་བརྗེ་སྤོར་བྱེད་པ་ཡིན།

ཁ་པར་དྲ་འགག་ཡོད་པསPCའཕྲུལ་ཆས་སྤྱོད་པ་པོས་སྒུལ་མེད་ཁ་པར་དུIPཁ་པར་བཏང་ཆོག་ལ། སྒུལ་མེད་ཁ་པར་སྤྱོད་པ་པོའི་བརIPཁ་པར་ཀྱང་བཏང་ཆོག

དཔེ་རིས1-4ཡིསIPཁ་པར་གྱི་སྦྲེལ་མཐུད་རྣམ་པ་མ་འདྲ་བ་འགའ་མཚོན་ཡོད། རི་མོའི་སྟེང་རིམ་ནིPCའཕྲུལ་ཆས་སྤྱོད་པ་པོ་གཉིས་བར་གྱི་ཁ་བརྡ་སྟེ། དེརIPདྲ་རྒྱ་འགག་སྒོ་མི་དགོས་མོད། འོན་ཀྱང་ཕྱོགས་གཉིས་ཀ་དུས་གཅིག་ཏུ་དྲ་རྒྱ་རུ་ཞུགས་དགོས། རི་མོ་བར་མ་ནིPCའཕྲུལ་ཆས་དང་སྒུལ་མེད་ཁ་པར་གཉིས་ཀྱི་ཁ་བརྡ་དང་། ཞོར་མ་ནི་སྒུལ་མེད་ཁ་པར་གཉིས་ཀྱིསIPཁ་པར་གཏོང་བའི་གནས་ཚུལ་ཡིན་ལ་ཆེས་སྟབས་བདེ་དེ་ཡིན། འདིར་མཚམས་གང་དུ་གློག་ལམ་བརྗེ་རེས་དང་མཚམས་གང་དུ་ཚོ་བགོད་བརྗེ་རེས་བྱེད་པར་མཉམ་འཇོག་བྱ་དགོས།

4.jpg

དཔེ་རིས1-4 IPཁ་པར་གྱི་སྦྲེལ་མཐུད་བྱེད་ཐབས་འགའ།

3.IPཁ་པར་གྱི་བརྡ་སྤྲོད་སྤུས་ཚད

IPཁ་པར་གྱི་བརྡ་སྤྲོད་སྤུས་ཚད་དང་གློག་ལམ་བརྗེ་སྤོར་ཁ་པར་དྲ་བའི་བརྡ་སྤྲོད་གཉིས་ལ་ཁྱད་ཤིན་ཏུ་ཆེ་སྟེ། གློག་ལམ་བརྗེ་སྤོར་ཁ་པར་དྲ་རྒྱའི་གང་རུང་གི་མཐའ་གཉིས་བར་གྱི་བརྡ་སྤྲོད་སྤུས་ཚད་ལ་ཁག་ཐེག་ཡོད་མོད། འོན་ཀྱངIPཁ་པར་གྱི་བརྡ་སྤྲོད་སྤུས་ཚད་ནི་རྒྱུ་རྐྱེན་འདི་གཉིས་ཀ་སྐབས་དེའི་དྲ་རྒྱའི་འཕྲིན་གཏོང་འབོར་ཚད་ལས་འབྱུང་བའི་ཚད་ངེས་གཏན་མེད་པ་གཉིས་ཡིན། གལ་ཏེ་དྲ་རྒྱའི་འཕྲིན་གཏོང་འབོར་ཚད་ཤིན་ཏུ་མཐོ་བས་དྲ་རྒྱ་རུ་འཚང་ཁ་བྱུང་ན། དུས་འགྱངས་དང་དུས་འགྱངས་འདར་འགུལ། གཞན་ཚོ་བགོད་བོར་བརླག་གི་འབྱུང་ཚད་སོགས་ཤིན་ཏུ་མཐོ་བསIPཁ་པར་གྱི་བརྡ་སྤྲོད་སྤུས་ཚད་ཀྱང་དམན་པར་འགྱུར། དེ་བསIPཁ་པར་སྤྱོད་མཁན་ཞིག་གི་བརྡ་སྤྲོད་སྤུས་ཚད་དེ་སྐབས་དེའི་སྤྱོད་མཁན་གཞན་དག་རྣམས་ཀྱི་སྤྱོད་པར་རག་ལས་ཡོད། གློག་ལམ་བརྗེ་སྤོར་གྱི་ཁ་པར་དྲ་རྒྱའི་གནས་ཚུལ་ནི་དེ་ལས་ལྡོག་སྟེ། གལ་ཏེ་དྲ་རྒྱའི་འཕྲིན་གཏོང་འབོར་ཚད་ཤིན་ཏུ་ཆེ་དུས། ང་ཚོས་འབོད་སྐུལ་གཏོང་དཀའ་བ་དང་། ཁ་པར་བརྡ་སྤྲོད་ཀྱི་མགོ་ཚུགས་པ་ན། གློག་འཕྲིན་ཀུང་སིས་སྤྱོད་མཁན་ལ་བློ་ཡིད་ཚིམ་པའི་བརྡ་སྤྲོད་ཀྱི་ཞབས་ཞུ་སྒྲུབ་ཐུབ།

ཉམས་མྱོང་ལྟར་ན། ཁ་བརྡའི་ཁྲོད་དུ་སྣེ་ནས་སྣེ་བར་གྱི་དུས་འགྱངས250msལས་བརྒལ་ཚེ་ཁ་བརྡ་བྱེད་མཁན་ཚོར་དོགས་མི་བདེ་བ་འབྱུང་། སྐམ་སའི་སྤྱི་སྤྱོད་ཁ་པར་དྲ་བའི་དུས་འགྱངས་ནི50~70msཙམ་ལས་མེད། འོན་ཀྱང་འགྲོས་མཉམ་སྲུང་སྐར་དུ་བརྒྱུད་པའི་ཁ་པར་གྱི་དུས་འགྱངས250msལས་བརྒལ་ཡོད། དེ་བས་མི་རྣམས་སྲུང་སྐར་བརྒྱུད་པ་ལས་བྱུང་བའི་དུས་འགྱངས་དེར་མི་ལོབ། IPཁ་པར་གྱི་དུས་འགྱངས་ཀྱང་སྐབས་འགར250msལས་བརྒལ་སྲིད་པས་སྣེ་ནས་སྣེ་བར་གྱི་དུས་འགྱངས་ཐུང་དུ་གཏོང་དགོས། འཕྲིན་གཏོང་སྐུད་ལམ་དུ་བྲག་ཆ་འབྱུང་དུས། སྣེ་ནས་སྣེ་བར་གྱི་དུས་འགྱངས་དེ་ལས་ཐུང་དུ་བཏང་ཆོག

IPཁ་པར་གྱི་སྣེ་ནས་སྣེ་བར་དུ་དུས་འགྱངས་འབྱུང་བའི་རྒྱུ་རྐྱེན་ནི།

(1)སྐད་གདངས་བརྡ་འཕྲིན་དེ་ཟློས་གྲངས་བསྒྱུར་རེས་བྱེད་སྐབས་སུ་དུས་འགྱངས་འབྱུང་བ།

(2)གྲངས་སྒྱུར་བྱས་ཟིན་པའི་སྐད་གདངས་ཀྱི་པེ་ཐེ་བཞུར་རྒྱུན་དེ་གྲངས་ཚད་ངེས་ཅན་དུ་སླེབས་དུས་ད་གཟོད་སྐད་གདངས་ཚོ་བགོད་ཅིག་ཏུ་སྒྲིག་འགོད་བྱེད་པ་ལས་འབྱུང་བའི་དུས་འགྱངས།།

(3)སྐད་གདངས་ཚོ་བགོད་སྐྱེལ་གཏོང་བྱེད་པར་མཁོ་བའི་དུས་ཡུན། དེ་ནི་སྐད་གདངས་ཚོ་བགོད་དང་སྐབས་དེའི་འཕྲིན་གཏོང་སྐུད་ལམ་གྱི་གཞི་གྲངས་གཏོང་ཕྱོད་གཉིས་ཀྱི་བསྡུར་བ་དང་མཚུངས།

(4)སྐད་གདངས་ཚོ་བགོད་དེ་དབྱིན་ཐེ་དྲ་རྒྱའི་ལམ་སྟོན་ཆས་མང་པོར་ཉར་གསོག་དང་བསྐྱར་གཏོང་བྱེད་པ་ལས་འབྱུང་བའི་དུས་འགྱངས།

(5)སྐད་གདངས་ཚོ་བགོད་དེ་བསྡུ་ལེན་ཕྱོགས་སུ་འབྱོར་བ་དེ་ཉིད་ཀྱི་ཉར་གསོག་ཏུ་ཡུན་ཙམ་ཉར་དགོས་པ་ལས་འབྱུང་བའི་དུས་འགྱངས།

(6)མཐའ་མར་སྐད་གདངས་ཚོ་བགོད་དེ་ལད་ཟློས་བརྡ་འཕྲིན་དུ་བསྒྱུར་ཆེད་ཟློས་གྲངས་བསྒྱུར་རེས་བྱེད་པ་ལས་འབྱུང་བའི་དུས་འགྱངས།

(7)སྐད་གདངས་བརྡ་འཕྲིན་དེ་འཕྲིན་གཏོང་སྐུད་ལམ་དུ་བརྒྱུད་པ་ལས་འབྱུང་བའི་དུས་འགྱངས།

(8)མཐའ་སྣེ་སྒྲིག་ཆས་ཀྱི་སྲ་ཆས་དང་བཀོལ་སྤྱོད་རྒྱུད་ཁོངས་གཉིས་སུ་འབྱུང་བའི་སྦྲེལ་མཐུད་དུས་འགྱངས་སོགས་ཡིན་ནོ།། IPཁ་པར་དྲ་འགག་གི་སྦྲེལ་མཐུད་དུས་འགྱངས་ནི་ཕལ་ཆེར20~40msཡིན་པ་དང་། སྤྱོད་མཁན་གྱིPCའཕྲུལ་ཆས་ཀྱི་སྒྲ་ཁཱ་རུ་འབྱུང་བའི་སྦྲེལ་མཐུད་དུས་འགྱངས་ནི20~180msཡིན། སྙོམ་སྒྲིག་འགྲོལ་ཆས་ལ་ལ་སྟེV.34ལྟ་བུས20~40msཙམ་གྱི་དུས་འགྱངས་ཁ་སྣོན་བྱེད།

འཕྲིན་གཏོང་སྐུད་ལམ་དུ་འབྱུང་བའི་སྐྱེལ་གཏོང་དུས་འགྱངས་ནི་ཤིན་ཏུ་ཆུང་བས་རྒྱུན་པར་དོར་ཆོག གལ་ཏེ་དྲ་བའི་སྐུད་ལམ་གཙོ་བོར་མགྱོགས་མྱུར་ཅན་གྱི་འོད་སྐུད་བཀོལ་ཡོད་ན །གོང་གི་དུས་འགྱངས་གསུམ་པ་དེའང་ཆུང་བ་ཡིན།

3_2 IPཁ་པར་དུ་མཁོ་བའི་ཉེར་སྤྱོད་གྲོས་མཐུན།

IPཁ་པར་གྱི་འཕྲིན་གཏོང་ཆེས་ཆུང་ཡང་ཉེར་སྤྱོད་གྲོས་མཐུན་གཉིས་དགོས་ཏེ། གཅིག་ནི་དབྱིན་ཐེ་དྲ་རྒྱ་རུ་འབོད་སྐུལ་གཏོང་ཡུལ་དེ་འཚོལ་བར་བྱེད་པའི་བཀའ་བརྡ་གྲོས་མཐུན་དང་། གཉིས་པ་ནི་སྐད་གདངས་ཚོ་བགོད་ཀྱི་སྐྱེལ་གཏོང་གྲོས་མཐུན་སྟེ་ཁ་པར་འཕྲིན་གཏོང་དུ་སྤྱོད་པའི་སྐད་གདངས་གཞི་གྲངས་དེ་དུས་འགྱངས་ཚོར་སྐྱེན་རང་བཞིན་གྱིས་དབྱིན་ཐེ་དྲ་རྒྱ་རུ་སྐྱེལ་གཏོང་བྱེད་པ། དེ་བས། དབྱིན་ཐེ་དྲ་རྒྱ་རུ་དུས་ཐོག་བརྗེ་རེས་རྣམ་པའི་སྒྲ་བརྒྱུད་དང་བརྙན་བརྒྱུད་ཞབས་ཞུ་སྤེལ་བར་སྨྱན་མང་གཟུགས་ཀྱི་མ་ལག་སྒྲིག་གཞི་གསར་བ་ཞིག་དགོས།

དཔེ་རིས1-5རུ་མ་ལག་སྒྲིག་གཞི་འདིའི་ཉེར་སྤྱོད་བང་རིམ་གྱི་གྲོས་མཐུན་རྣམ་པ་གསུམ་བྲིས་ཡོད་པ་ལས། གྲོས་མཐུན་རིགས་དང་པོ་ནི་བཀའ་བརྡར་འབྲེལ་བ་ཡོད། H.323དངSIPལྟ་བུ། གྲོས་མཐུན་གཉིས་པས་ཐད་ཀར་སྒྲ་བརྒྱུད་དང་བརྙན་བརྒྱུད་གཞི་གྲངས་སྐྱེལ་གཏོང་བྱེད་པ་ཡིན་ཏེ། དཔེར་ནRTPལྟ་བུ། RSVPདངRTCPལྟ་བུའོ།།

5.jpg

དཔེ་རིས1-5 སྒྲ་བརྒྱུད་བརྙན་བརྒྱུད་ལ་མཁོ་བའི་གྲོས་མཐུན་མཁོ་འདོན་བྱེད་པ།

3_3 དུས་ཐོག་སྐྱེལ་འདྲེན་གྲོས་མཐུནRTP

དུས་ཐོག་སྐྱེལ་འདྲེན་གྲོས་མཐུན་ནིIETFཡིAVTལས་བྱེད་ཚོགས་པས་སྔོག་འདོན་བྱས་པའི་གྲོས་མཐུན[W-AVT]ཡིན།

RTP[RFC3550,3551]ཡིས་དུས་ཐོག་ཉེར་སྤྱོད་ལ་སྣེ་ནས་སྣེ་བར་གྱི་སྐྱེལ་འདྲེན་གྱི་ལས་སྒྲུབ་པ་ལས་ཞབས་ཞུའི་སྤུས་ཚད་ལ་ཁག་ཐེག་ཅི་ཡང་མི་བྱེད། སྐྱེལ་བྱའི་སྨྱན་མང་གཟུགས་ཀྱི་གཞི་གྲངས་དག་གནོན་སྐུམ་དང་ཚབ་ཨང་སྒྲིག་སྦྱོར་བྱས་རྗེས། RTPལ་སྤྲད་དེ RTPཡིས་ཚོ་བགོད་དུ་བཅུག དེ་ནས RTPཚོ་བགོད་ཡང་བསྐྱརUDPརུ་བཅུག་སྟེ། ཞོལ་དུ་གནས་པའིIPབང་རིམ་དུ་སྤྲོད་པ་ཡིན། RTPནི་ད་ལྟ་དབྱིན་ཐེ་དྲ་རྒྱའི་བསམ་འཆར་གྲོས་མཐུན་ཞིག་ཏུ་གྱུར་ཏེ་བཀོལ་སྤྱོད་བྱེད་མུས་ཡོད། RTPནིITU-Tཡི་གྲོས་མཐུན་ཞིག (H.225.0)ཀྱང་ཡིན། དོན་དངོས་སུ། RTPནི་དུས་ཐོག་ཉེར་སྤྱོད་དུ་མཁོ་བའི་ཐུན་མོང་གི་བྱེད་ནུས་ལྡན་པའི་གྲོས་མཐུན་གྱི་སྒྲིག་གཞི་ཞིག་ཡིན་ལ། དེ་ཉིད་ཀྱིས་སྨྱན་མང་གཞི་གྲངས་ལ་ཐག་གཅོད་ཅི་ཡང་མི་བྱེད་པར། ཉེར་སྤྱོད་བང་རིམ་དུ་གནས་ཚུལ་མཁོ་འདོན་བྱས་ཏེ་དེས་ཐག་གཅོད་བྱེད་པར་རམ་འདེགས་བྱེད་པ་ཡིན།

དཔེ་རིས1-5ཡིསRTPགྲོས་མཐུན་དེ་ཉེར་སྤྱོད་བང་རིམ་དུ་བྲིས་ཡོད་པའང་། ཉེར་སྤྱོད་སྔོག་འདོན་པའི་ཕྱོགས་ནས་བལྟས་ན། RTPནི་ཉེར་སྤྱོད་བང་རིམ་གྱི་ཆ་ཤས་ཤིག་ཡིན་པའི་རྒྱུ་མཚན་རེད།

ཉེར་སྤྱོད་བྱ་རིམ་གྱི་སྐྱེལ་གཏོང་ཕྱོགས་སུ། སྔོག་འདོན་པས་ངེས་པར་དུRTPསྤྱད་དེ་ཚོ་བགོད་སྒྲིག་འཇུག་བྱེད་པའི་བྱ་རིམ་ཚབ་ཨང་བྲིས་རྗེས། RTPཚོ་བགོད་རྣམསUDPམཐུད་སྣེ་ལ་སྤྲོད་དགོས་ཤིང་། བསྡུ་ལེན་ཕྱོགས་སུ། RTPཚོ་བགོད་རྣམསUDPམཐུད་སྣེ་བརྒྱུད་དེ་ཉེར་སྤྱོད་བྱ་རིམ་དུ་སླེབས་པ་ན། སྔོག་འདོན་པའི་བྲིས་པའི་བྱ་རིམ་ཚབ་ཨང་སྤྱད་དེRTPཚོ་བགོད་དག་ལས་ཉེར་སྤྱོད་གཞི་གྲངས་ཕྱིར་འདོན་པ་ཡིན།

RTPཡི་མཚན་བྱང་དུ་རང་ཉིད་སྐྱེལ་འདྲེན་བང་རིམ་གྱི་གྲོས་མཐུན་ཞིག་ཏུ་གྲུབ་ཡོད། RTPཡིས་སྨྱན་མང་ཉེར་སྤྱོད་ཀྱི་གཞི་གྲངས་དུམ་བུ་སྒྲིག་འཇུག་བྱེད་ཅིང་། སྨྱན་མང་གཟུགས་ཀྱི་ཉེར་སྤྱོད་བྱ་རིམ་དུ་ཞབས་ཞུ་སྤེལ་བས། RTPནིUDPསྟེང་དུ་ཡོད་པའི་སྐྱེལ་འདྲེན་བང་རིམ་གྱི་བང་རིམ་ཕལ་བའི་གྲོས་མཐུན་ཞིག་ཏུ་བལྟས་ཆོག

RTPལ་མཉམ་འཇོག་བྱེད་དགོས་ས་གཉིས་སྟེ། དང་པོ། RTPཚོ་བགོད་དུRTPགཞི་གྲངས་རྐྱང་བ་གནས་ཤིང་། ཚོད་འཛིན་ནི་དེ་དང་སྦྲགས་མར་སྤྱོད་པའི་གྲོས་མཐུན་གཞན་ཞིག་སྟེRTPཡིས་མཁོ་འདོན་བྱེད་པ་ཡིན། གཉིས། RTPམཐའ་སྣེའི་ཨང་གྲངས་ནི1025ནས65535བར་གནས་ཤིང་། UDPཡིས་སྤྱད་མ་ཐག་པའི་མཐའ་སྣེའི་ཨང་ཡ་གྲངས་དེ་སྤྱོད་པར་བྱེད། མཐའ་སྣེའི་ཨང་གྲངས5004དང5005གཉིས་སོ་སོ་ནསRTPདངRTCPཡིས་སོར་བཞག་གི་མཐའ་སྣེའི་ཨང་གྲངས་སུ་བཞག་ཡོད།

3_4 དུས་ཐོག་སྐྱེལ་འདྲེན་ཚོད་འཛིན་གྲོས་མཐུནRTCP

RTCPནིRTPདང་སྦྲགས་མར་སྤྱོད་པའི་གྲོས་མཐུན[RFC3550,3551]ཡིན་ལ། RTPགྲོས་མཐུན་དང་འབྱེད་དུ་མི་རུང་བའི་དུམ་བུ་ཞིག་ཡིན།

RTCPགྲོས་མཐུན་གྱི་བྱེད་ནུས་གཙོ་བོ་ནི་ཞབས་ཞུ་སྤུས་ཚད་ཀྱི་ལྟ་རྟོག་དང་ལྡོག་སྐྱེལ། སྨྱན་གཟུགས་འགྲོས་མཉམ། མང་བསྒྲགས་ཚོགས་པའི་གྲུབ་ཆའི་མཚོན་རྟགས་བཅས་ཡིན། RTCPཚོ་བགོད་ཀྱིས་ཀྱངUDPསྤྱོད་མོད། འོན་ཀྱངRTCPཡིས་སྒྲ་བརྒྱུད་དང་བརྙན་བརྒྱུད་ཚོ་བགོད་ལ་སྒྲིག་འཇུག་མི་བྱེད། RTCPཚོ་བགོད་ཤིན་ཏུ་ཐུང་བས། RTCPཚོ་བགོད་མང་བོ་ཞིགUDPགཅིག་ཏུ་སྒྲིག་འཇུག་བྱས་ཆོག RTCPཚོ་བགོད་རྣམས་ཀྱིས་སྐྱེལ་གཏོང་དང་བསྡུ་ལེན་ཕྱོགས་གཉིས་སུ་ཞབས་ཞུ་སྤུས་ཚད་ལ་བསྡོམས་རྩིས་བྱས་པའི་གནས་ཚུལ་འཁྱེར་ཏེ་བསྐྱར་སྐོར་རང་བཞིན་གྱིས་དྲ་རྒྱ་རུ་རྒྱུ་བ་ཡིན།

རེའུ་མིག1-1ནིRTCPཡིས་བེད་སྤྱོད་གཏོང་བྱའི་ཚོ་བགོད་རིགས་ལྔ་སྟེ་ཚང་མའི་རྣམ་བཞག་འདྲ་བ་ཡིན།

རེའུ་མིག1-1RTCPཡི་ཚོ་བགོད་རིགས་ལྔ།

01.jpg

མཇུག་རྫོགས་ཚོ་བགོདBYEཡིས་བཞུར་རྒྱུན་ཞིག་གི་མཚམས་གཅོད་པ་མཚོན་ཡོད།

ཉེར་སྤྱོད་ཚོ་བགོད་ཁྱད་པར་བAPPདེས་ཉེར་སྤྱོད་བྱ་རིམ་གྱི་ཚོ་བགོད་ཀྱི་རིགས་གསར་བ་ཞིག་ལ་མཚན་ཉིད་བཞག་ཆོག  

བསྡུ་ལེན་ཕྱོགས་ཀྱི་སྙན་ཞུ་ཚོ་བགོདRRཡིས་བསྡུ་ལེན་ཕྱོགས་ཀྱིས་དུས་འཁོར་རང་བཞིན་གྱིས་གནས་སོ་སོར་མང་བསྒྲགས་རྣམ་པས་སྙན་ཞུ་བྱེད་དུ་འཇུག་པ་ཡིན། བསྡུ་ལེན་ཕྱོགས་སུRTPབཞུར་རྒྱུན་ཞིག་འབྱོར་དུས། RRཞིང་འབྱུང་། RRཚོ་བགོད་ཀྱི་ནང་དོན་ནི། འབྱོར་ཟིན་པའིRTPབཞུར་རྒྱུན་གྱིSSRCདང་། RTPབཞུར་རྒྱུན་འདིའི་བོར་བརླག་ཚད། RTPབཞུར་རྒྱུན་འདིའི་ཆེས་མཐའ་མའིRTPཚོ་བགོད་ཀྱི་རིམ་པའི་ཨང་གྲངས། ཚོ་བགོད་འབྱོར་བའི་དུས་ཡུན་གྱི་འདར་འགུལ་སོགས་ཡིན།

RRཚོ་བགོད་སྐྱེལ་གཏོང་ལ་དམིགས་ཡུལ་གཉིས་ཡོད་པ་ལས་དང་པོ། བསྡུ་ལེན་གཏོང་ཕྱོགས་ཚང་མས་དེང་དུས་ཀྱི་དྲ་རྒྱ་རྣམ་པ་ངོས་རྟོགས་བྱེད་ཐུབ་པ། གཉིས། RTCPཚོ་བགོད་སྐྱེལ་གཏོང་བྱེད་པའི་ས་གནས་ཚང་མས་རང་དང་འཚམས་པའི་སྒོ་ནསRTCPསྐྱེལ་གཏོང་གི་མྱུར་ཕྱོད་ལ་ཚོད་འཛིན་བྱས་ཏེ། RTCPཚོ་བགོད་ཀྱིསRTPསྐྱེལ་གཏོང་ལ་གནོན་ཤུགས་མི་ཐེབས་པར་བྱེད་པ། རྒྱུན་པརRTCPཚོ་བགོད་ཀྱི་འཕྲིན་གཏོང་འབོར་ཚད་དེ་དྲ་རྒྱ་གཞི་གྲངས་ཀྱི་ཚོ་བགོད་ཀྱི5%ལས་མི་བརྒལ་བ་དང་། བསྡུ་ལེན་ཕྱོགས་ཀྱི་སྙན་ཞུའི་ཚོ་བགོད་ཀྱི་འཕྲིན་གཏོང་འབོར་ཚད་དེRTCPལས75%ཡིས་ཉུང་བར་བྱེད་དགོས།

སྐྱེལ་གཏོང་ཕྱོགས་ཀྱི་སྙན་ཞུ་ཚོ་བགོདSRནི་སྐྱེལ་གཏོང་ཕྱོགས་ཀྱིས་དུས་འཁོར་རང་བཞིན་གྱིས་བསྡུ་ལེན་ཕྱོགས་སོ་སོར་འཆར་མང་རྣམ་པས་སྙན་ཞུ་བྱེད་པར་བཀོལ་བ་ཡིན། སྐྱེལ་གཏོང་ཕྱོགས་ཀྱིསRTPབཞུར་རྒྱུན་ཞིག་སྐྱེལ་བ་དང་མཉམ་དུ SRསྐྱེལ་གཏོང་བྱེད་དགོས། SRཚོ་བགོད་ཀྱི་ནང་དོན་ནིRTPའདིའིSSRCདང་། RTPབཞུར་རྒྱུན་དུ་གསར་དུ་བྱུང་བའིRTPཚོ་བགོད་ཀྱི་དུས་ཀྱི་ཐེམ་ཀ་དང་ལྟོས་མེད་དུས་ཚོད་ཀྱི་དུས། RTPབཞུར་རྒྱུན་དུ་གནས་པའི་ཚོ་བགོད་ཀྱི་ཁ་གྲངས། RTPཚོ་བགོད་འདིར་འདུས་པའི་ཡིག་ཚིགས་ཁ་གྲངས་སོགས་ཡིན།

སྨྱན་གཟུགས་ཤིག་གི་བཞུར་རྒྱུན་རིགས་གཅིག་སྤྱོད་པས་ལྟོས་མེད་དུས་ཚོད་ཀྱི་དུས་ནི་ངེས་པར་དུ་མཁོ་བ་ཞིག་ཡིན་ཏེ། དཔེར་ན། བརྙན་བརྒྱུད་བརྙན་རིས་དང་དེ་དང་འབྲེལ་བའི་སྒྲ་གདངས་ལ་བཞུར་རྒྱུན་གཉིས་དགོས་ཤིང་། ལྟོས་མེད་དུས་ཚོད་ཀྱི་དུས་གཞིར་བྱས་ཏེ་འགྲོས་མཉམ་དུ་བྱས་ཆོག་པ་ལྟ་བུ།

ཁུངས་གནས་ངོ་སྤྲོད་ཀྱི་ཚོ་བགོདSDESཡིས་ཁ་བརྡར་ཞུགས་མཁན་ལ་གསལ་བཤད་བྱེད་པ་ཡིན་ལ། དེར་ཁ་བརྡ་ཞུགས་མཁན་པའི་་ཚད་ལྡན་རུས་མིངCNAMEསོགས་འདུས། དེ་ལསCNAMEཞེས་པ་ནི་ཁ་བརྡར་ཞུགས་མཁན་པའི་གློག་རྡུལ་ཡིག་བསྐུར་གྱི་ས་གནས་མཚོན་པའི་ཡི་གེའི་ཚོགས་པ་ཡིན།

3_5 H.323

དེང་དུས་ཀྱིIPཁ་པར་བཀའ་བརྡའི་ཚད་གཞི་རིགས་གཉིས་ཡོད་པ་ལས་དང་པོ་ནིITU-Tམཚན་ཉིད་བཞག་པའི་གྲོས་མཐུནH.323དང་། གཞན་ཞིག་ནིIETFཡིས་བཏོན་པའི་ཁ་བརྡའི་འབོད་སྐུལ་གྲོས་མཐུནSIPཞེས་པ་བཅས་ཡིན།

H.323ནིITU-Tཡིས་སྤྱི་ལོ1996ལོར་གཏན་ཕབ་པའི་ཁྱབ་ཆུང་དྲ་རྒྱ་རུ་སྐད་གདངས་འཕྲིན་གཏོང་བྱེད་པའི་འཆར་འགོད་ཡིག་ཆ་ཞིག་ཡིན་ལ། སྤྱི་ལོ1998ལོའི་པར་གཞི་གཉིས་པར་ཚོ་བགོད་གཞིར་བྱས་པའི་སྨྱན་མང་གཟུགས་ཀྱི་འཕྲིན་གཏོང་མ་ལག་ཏུ་མིང་བསྒྱུར། H.323ནི་དབྱིན་ཐེ་དྲ་རྒྱའི་སྣེའི་མ་ལག་བར་དུ་དུས་ཐོག་སྒྲ་བརྒྱུད་དང་བརྙན་བརྒྱུད་ཚོགས་འདུ་འཚོགས་པའི་ཚད་གཞི་ཡིན། H.323ནི་གྲོས་མཐུན་ཚོགས་པ་ཞིག་ལས་རང་རྐྱ་བ་ཞིག་མིན། H.323དུ་མ་ལག་དང་ལྷུ་ལག་གི་གསལ་བཤད། འབོད་སྐུལ་རྣམ་པའི་གསལ་བཤད། འབོད་སྐུལ་བཀའ་བརྡའི་གོ་རིམ། ཚོད་འཛིན་ཡིག་ཚགས་ཟློས་སྤྱོད། སྐད་གདངས་ཚབ་ཨང་སྦྱོར་འགྲེལ་བྱེད་ཆས། བརྙན་བརྒྱུད་ཚབ་ཨང་སྦྱོར་འགྲེལ་བྱེད་ཆས། གཞི་གྲངས་ཀྱི་གྲོས་མཐུན་སོགས་ཀྱི་ནང་དོན་འདུས་ཡོད། ཚོ་བགོད་བརྗེ་རེས་དྲ་རྒྱ་རུ་སྦྲེལ་བའིH.323མཐའི་འཕྲུལ་ཆས་ཀྱིསH.323གྲོས་མཐུན་སྤྱད་དེ་སྨྱན་མང་གཟུགས་ཀྱི་འཕྲིན་གཏོང་བྱེད་པ་དཔེ་རིས1-6ཡིས་མཚོན་ཡོད།

6.jpg

དཔེ་རིས1-6 མཐའ་སྣེ་བར་གྲོས་མཐུན་སྤྱད་ནས་འཕྲིན་གཏོང་བ།

H.323གྲོས་མཐུན་ལ་ལྷུ་ལག་རིགས་བཞི་སྟེ། དེ་དག་དྲ་རྒྱ་རུ་སྦྲེལ་བ་ཡིས་སྣེ་ནས་སྣེ་དང་སྣེ་ནས་སྣེ་མང་བར་གྱི་སྨྱན་མང་འཕྲིན་གཏོང་བྱེད་ཐུབ།

(1)H.323མཐའི་འཕྲུལ་ཆས། འདི་ནིPCའཕྲུལ་ཆས་ཤིག་ཡིན་ཆོག་ལ། H.323བྱ་རིམ་འཁོར་བསྐྱོད་བྱེད་པའི་འཕྲུལ་ཆས་རྐྱང་བ་ཞིག་ཀྱང་ཡིན་ཆོག

(2)དྲ་འགག དྲ་འགག་ནི་རིགས་མི་འདྲ་བའི་དྲ་རྒྱ་གཉིས་སུ་སྦྲེལ་ཏེ། H.323དྲ་རྒྱ་དངH.323མ་ཡིན་པའི་དྲ་རྒྱ་གཉིས་སུ་འཕྲིན་གཏོང་གི་ལས་སྤེལ་བར་བྱེད་པ་ཡིན། H.323དྲ་རྒྱ་གཅིག་ཏུ་དྲ་འགག་མཁོ་བ་མིན།

(3)དྲ་སྲུང་། དྲ་སྲུང་ནིH.323དྲ་རྒྱ་ཧྲིལ་བོའི་སྲོག་ལྟ་བུ་ཡིན། དྲ་སྲུང་གིས་ས་གནས་བརྗེ་རེས་དང་དབང་ཆ་སྩོལ་བ། ཐགས་ཞེང་དོ་དམ། འགྲོ་གྲོན་བརྩི་བ་སོགས་ཀྱི་ལས་བྱེད་པས། འབོད་སྐུལ་ཡོད་ཚད་དེ་རུ་བརྒྱུད་དགོས། དྲ་སྲུང་གིསH.323མཐའི་འཕྲུལ་ཆས་ཞིག་ལ་སྤྱི་སྤྱོད་ཁ་པར་དྲ་རྒྱ་རུ་གནས་པའི་འབོད་ཡུལ་དེ་དང་ཆེས་ཐག་ཉེ་བའི་དྲ་འགག་འཚོལ་ཐུབ།

(4)གནས་མང་ཚོད་འཛིན་གཞི་རྒྱུ། MCUMCUཡིསH.323མཐའི་འཕྲུལ་ཆས་གསུམ་མམ་དེ་ལས་མང་པོའི་བར་དུ་སྒྲ་བརྒྱུད་དང་བརྙན་བརྒྱུད་ཚོགས་འདུ་འཚོགས་པར་རམ་འདེགས་བྱེད་པ་ཡིན། MCUཡིས་ཚོགས་འདུའི་ཐོན་ཁུངས་ལ་དོ་དམ་དང་ཚབ་ཨང་སྦྱོར་འགྲེལ་བྱེད་ཆས་ཀྱི་བེད་སྤྱོད་ཐག་གཅོད་པ་ཡིན།

དྲ་འགག་དང་དྲ་སྲུང་། MCUརྣམས་མཚན་ཉིད་དུ་སོ་སོར་གནས་པའི་ལྷུ་ལག་ཡིན་མོད། འོན་ཀྱང་དངོས་ལུགས་འཕྲུལ་ཆས་ཤིག་ཏུ་མཉམ་དུ་གནས་ཆོག H.323ཚད་གཞིར H.323མཐའི་འཕྲུལ་ཆས་དང་དྲ་འགག MCUབཅས་ལH.323ཡི་མཐའ་སྣེ་ཞེས་ཟེར།

དཔེ་རིས1-7རུH.323དྲ་འགག་སྤྱད་པས་དབྱིན་ཐེ་དྲ་རྒྱ་དང་སྤྱི་སྤྱོད་ཁ་པར་དྲ་རྒྱ་བར་དུ་སྦྲེལ་མཐུད་བཙུགས་ཡོད་པ་མཚོན་ཡོད།

7.jpg

དཔེ་རིས1-7 དྲ་སྒོ H.323དང་དྲ་རྒྱ་མིན་པའིH.323སྦྲེལ་མཐུན་བྱེད་པ།

དཔེར་རིས1-8རུ H.323ཡི་མ་ལག་སྒྲིག་གཞི་མཚོན་ཡོད་པ་ལྟར། H.323ནི་གྲོས་མཐུན་ཚོགས་པ་ཞིག་ཡིན་ཞིང་། དེར་སྐྱེལ་འདྲེན་གྲོས་མཐུན་མི་འདྲ་བ་སྤྱད་ཆོག H.323ཡི་གྲུབ་ཆ་ལས།

(1)སྒྲ་བརྒྱུད་ཚབ་ཨང་སྒྲིག་བཀྲོལ་བྱེད་ཆས། H.323གྱིས་ཆེས་ཉུང་ཡང་G.711(64kb/sཡིPCM)ལ་རམ་འདེགས་བྱེད་ཐུབ་དགོས། འཆར་འགོད་ལྟར་ན G.722(16kb/sཡིADPCM)དངG.723.1(5.3/6.3ཡི LPC) གཞནG.728 (16kb/sཡི་དུས་འགྱངས་དམན་པའིCELP)དངG.729(8kb/sཡིCS-ACELP)

སོགས་ལ་རམ་འདེགས་བྱེད་དགོས།

(2)བརྙན་བརྒྱུད་ཚབ་ཨང་སྒྲིག་གྲོལ་བྱེད་ཆས། H.323 ཡིས་ངེས་པར་དུH.261ཚད་གཞི་ལ་རམ་འདེགས་བྱེད་ཐུབ་དགོས། (176*144རིས་རྒྱུ)

8.jpg

དཔེ་རིས1-8 H.323ཡི་གྲོས་མཐུན་མ་ལག་སྒྲིག་གཞི

(3) H.255.0ཐོ་འགོད་བཀའ་བརྡ། ཐོ་འགོད་དང་སྣེ་ལེན། རྣམ་པ་བཅས་སྟེPAS H.323ཡི་མཐའི་འཕྲུལ་ཆས་དང་དྲ་འགག་གིསRASསྤྱད་དེ་ཐོ་འགོད་དང་སྣེ་ལེན་ཚོད་འཛིན། ཐགས་ཞེང་བརྗེ་རེས་སོགས་ཀྱི་བྱེད་ནུས་ཐོན་པར་བྱེད།

(4)H.255.0འབོད་སྐུལ་བཀའ་བརྡ། H.323མཐའ་གནས་གཉིས་ཀྱི་བར་དུ་སྦྲེལ་མཐུད་འཛུགས་པར་བཀོལ་བ་ཡིན།

(5)H.245ཚོད་འཛིན་བཀའ་བརྡ། སྣེ་ནས་སྣེ་བར་གྱི་ཚོད་འཛིན་ཡིག་ཚགས་བརྗེ་སྤོར་བྱས་ཏེH.323ཡི་མཐའ་སྣེའི་འཁོར་བསྐྱོད་ལ་དོ་དམ་བྱེད་པ།

(6)T.120གཞི་གྲངས་སྐྱེལ་གཏོང་གྲོས་མཐུན། འདི་ནི་འབོད་སྐུལ་དང་འབྲེལ་བའི་གཞི་གྲངས་བརྗེ་རེས་ཀྱི་གྲོས་མཐུན་ཡིན། སྒྲ་བརྒྱུད་དང་བརྙན་བརྒྱུད་ཚོགས་འདུར་ཞུགས་མཁན་གྱིས་ཚོགས་མི་གཞན་དང་མཉམ་དུ་ཡོལ་ངོས་ཀྱི་པར་དཀར་ལོངས་སྤྱོད་བྱས་ཆོག གྲོས་མཐུནTCPསྤྱད་ན་གཞི་གྲངས་སྐྱེལ་གཏོང་ལ་ཁག་ཐེག་ཡོད་ཀྱང་། UDPལྡོག་པའོ།།

(7)དུས་ཐོག་སྐྱེལ་འདྲེན་གྲོས་མཐུནRTPདང་དུས་ཐོག་སྐྱེལ་འདྲེན་ཚོད་འཛིན་གྲོས་མཐུནRTCPགཉིས་སྔོན་དུ་བགྲོ་གླེང་བྱས་ཟིན།

H.323གྱིས་སྔར་ཡོད་གློག་ལམ་བརྗེ་རེས་ཀྱི་ཁ་པར་དྲ་རྒྱ་རྨང་གཞིར་བྱས་ཏེ། IPཁ་པར་གྱི་བྱེད་ནུས་གསར་སྣོན་བྱས་པ་རེད། H.323ཡི་བཀའ་བརྡས་ཀྱང་སྔར་ཡོད་ཁ་པར་དྲ་བའི་བཀའ་བརྡའི་རྣམ་པ་རྒྱུད་འཛིན་བྱས་ཡོད་རྐྱེན། སྔར་ཡོད་ཁ་པར་དྲ་བ་དང་སྦྲེལ་མཐུད་བྱེད་སླ་བ་ཞིག་ཏུ་གྱུར་ཡོད།

3_6 ཁ་པར་འབོད་སྐུལ་གྲོས་མཐུནSIP

IPཁ་པར་ཐོན་སྐྱེད་བྱེད་པའི་ཚོང་ལས་མང་པོསH.323བེད་སྤྱོད་བྱེད་ཀྱང་། དེ་ཉིད་རྙོག་འཛིང་ཆེ་བའི་རྐྱེན་གྱིསIPལ་བརྟེན་པའི་གསར་བྱུང་ལས་རིགས་ཀྱི་འཕེལ་རྒྱས་ལ་འཚམ་པ་ཞིག་མིན་པས། 

IETFདངMMUSICལས་བྱེད་ཚོགས་པས་སྟབས་བདེ་ཞིང་བེད་སྤྱོད་རང་བཞིན་ཅན་གྱི་ཚད་གཞི་གཞན་ཞིག་གཏན་ལ་ཕབ་ཡོད་པ་དེ་ཁ་པར་འབོད་སྐུལ་གྲོས་མཐུན  SIP[RFC3261~3266]ཟེར། མིག་སྔར་དབྱིན་ཐེ་དྲ་རྒྱའི་འཆར་འགོད་ཚད་གཞིར  [W-SIP]གྱུར་ཡོད། SIPཡིསKISSསྟེ་སྟབས་བདེ་ལ་བླུན་པོར་འཚམས་པའི་རིགས་ལམ་སྤྱད་ཡོད།

SIPགྲོས་མཐུན་གྱིས་དབྱིན་ཐེ་དྲ་རྒྱ་རྨང་གཞིར་བྱས་ཤིང་། IPཁ་པར་ནི་དབྱིན་ཐེ་དྲ་རྒྱའི་ཉེར་སྤྱོད་གསར་བ་ཞིག་ཏུ་དམིགས་ཡོད། དེ་བསSIPགྲོས་མཐུན་ནིIPཁ་པར་དུ་མཁོ་བའི་བཀའ་བརྡ་དང་འབྲེལ་ཡོད་ཀྱི་ཞབས་ཞུ་སྤུས་ཚད་ལ་ཕྱོགས་པ་ལས། H.323ལྟར་བྱེད་ནུས་སྣ་མང་བསྐྲུན་པ་ཞིག་མིན། SIPབཙན་ཤུགས་ཀྱིས་ཚབ་ཨང་སྒྲིག་བཀྲོལ་ཁྱད་པར་བ་བཀོལ་མེད་ལ་། RTPགྲོས་མཐུན་ཡང་བཙན་གྱིས་སྤྱོད་པ་མིན་མོད། འོན་ཀྱང་མི་ཚང་མས RTPདངRTCPགཉིས་སྦྲགས་མར་སྤྱོད་པ་ཡིན།

SIPཡིས་ཡིག་དེབ་རྣམ་པའི་བདག་མགྲོན་གྱི་གྲོས་མཐུན་སྤྱོད་པ་ཡིན། SIPམ་ལག་ཏུ་ལྷུ་ལག་གཉིས་ཏེ། སྤྱོད་མཁན་གྱི་ལས་ཚབ་དང་དྲ་རྒྱ་ཞབས་ཞུ་ཆས་ཡིན་ལ། སྔ་མར་བྱ་རིམ་གཉིས་ཡོད་པ་ནི། སྤྱོད་མཁན་གྱི་ལས་ཚབ་མགྲོན་པོUACདང་སྤྱོད་མཁན་གྱི་ལས་ཚབ་ཞབས་ཞུ་ཆསUASཡིན། དེ་ལས་སྔ་མས་འབོད་སྐུལ་གཏོང་བ་དང་རྗེས་མས་འབོད་སྐུལ་དང་ལེན་བྱེད་པ་ཡིན། དྲ་རྒྱ་ཞབས་ཞུ་ཆས་ལ་ལས་ཚབ་ཞབས་ཞུ་ཆས་དང་ཕྱོགས་བསྐྱར་སྟོན་གྱི་ཞབས་ཞུ་ཆས་ཞེས་གཉིས་སུ་དགར་ཡོད་པ་ལས། སྔ་མས་འབོད་སྐུལ་པས་བཏང་བའི་འབོད་སྐུལ་རེ་ཞུ་བསྡུ་ལེན་བྱས་ཏེ་དེ་ཉིད་སྤྱོད་མཁན་ཞིག་གམ་ཡང་ན་ཞོལ་གྱི་ལས་ཚབ་ཞབས་ཞུ་ཆས་གཞན་ཞིག་ཏུ་བསྐུར་བ་དང་། ཞོལ་མའི་ལས་ཚབ་ཞབས་ཞུ་ཆས་ཀྱིས་འབོད་སྐུལ་རེ་ཞུ་དེ་འབོད་སྐུལ་བྱ་ཡུལ་གྱི་སྤྱོད་མཁན་ལ་གཏོང་བ་ཡིན། ཕྱོགས་བསྐྱར་སྟོན་གྱི་ཞབས་ཞུ་ཆས་ཀྱི་གནས་ཡུལ་སྟོན་པ་དང་། སྤྱོད་མཁན་གྱིས་གནས་ཡུལ་ལྟར་ཞོལ་གྱི་ལས་ཚབ་ཞབས་ཞུ་ཆས་སུ་ཡང་བསྐྱར་འབོད་སྐུལ་གྱི་རེ་ཞུ་ཞུས་པ་ཡིན། 

SIPཡི་གནས་ཡུལ་ནི་རང་གི་གནས་ཡུལ་རྣམ་གཞག་ཏུ་བྱུང་བའི་ཁ་པར་ཨང་གྲངས་ཡིན་ཆོག་ལ། གློག་རྡུལ་ཡིག་སྐུར་གྱི་ཆ་གནས་དངIPཤག་གནས་སམ་རིགས་གཞན་ཡང་ཡིན་ཆོག དཔེར་ན། 

ཁ་པར་ཨང་གྲངས།sIP:zhangsan@8625-8754321

IPv4ཤག་གནས། sIP:zhangsan@201.12.34.56

གློག་རྡུལ་ཡིག་བསྐུར་གྱི་ས་གནས། sIP:zhangsan@public1.ptt.js.cnལྟ་བུ།

HTTPཇི་བཞིནSIPཡང་ཡིག་ཚགས་ལ་བརྟེན་པའི་གྲོས་མཐུན་ཡིན། SIPཡིས HTTPཡི་མགོ་ཆ་མང་པོ་དང་ཚབ་ཨང་སྒྲིག་སྦྱོར་བྱེད་ཐབས། ནོར་འཁྲུལ་ཚབ་རྟགས། དག་བཤེར་བྱེད་ལུགས་སོགས་བེད་སྤྱོད་བྱས་ཡོད་པས། H.323ལས་ལྷག་པའི་རྐྱོང་སྐུམ་གྱི་རང་བཞིན་ལྡན།

SIPཁ་པར་ལ་བརྒྱུད་རིམ་གསུམ་ཡོད་དེ། ཁ་བརྡའི་མགོ་འཛུགས་པ་དང་འཕྲིན་གཏོང་ལས་བྱེད། ཁ་བརྡ་མཇུག་རྫོགས་པ་བཅས་ཡིན། དཔེ་རིས1-9ནི་རྟོགས་སླ་བའིSIP ཁ་པར་གྱི་དཔེར་བརྗོད་ཅིག་ཡིན་ལ། རི་མོར་ཁ་པར་གྱི་མགོ་མཇུག་བརྒྱུད་རིམ་དུSIPགྲོས་མཐུན་སྤྱད་ཡོད་ལ། བརྒྱུད་རིམ་བར་མ་རུRTPལྟ་བུའི་དུས་ཐོག་སྐད་གདངས་ཚོ་བགོད་སྐྱེལ་གཏོང་བྱེད་པའི་གྲོས་མཐུན་བཀོལ་ཡོད།

དཔེ་རིས1-9རུ། འབོད་སྐུལ་པས་ཐོག་མར་འབོད་ཡུལ་དུINVITEཞེས་པའི་ཡིག་ཚགས་ཅིག་བཏང་ཡོད་པ་དེར་ཕྱོགས་གཉིས་པོའི་གནས་ཡུལ་སོགས་ཀྱི་བརྡ་འཕྲིན་འདུས་ཡོད། གལ་ཏེ་འབོད་སྐུལ་བྱ་ཡུལ་གྱིས་འབོད་སྐུལ་དེ་དང་ལེན་བྱས་ཏེ། OKཞེས་པའི་ལན་བརྗོད་བསྐུར་བ་ལ་འབོད་སྐུལ་པསACKཡིག་ཚགས་ཀྱིས་ངོས་འཛིན་བྱས། དེའི་རྗེས་སུ་ཕྱོགས་གཉིས་ཀྱིས་ཁ་བརྡ་བྱས་ཆོག ཁ་བརྡ་མཇུག་རྫོགས་རྗེས། ཕྱོགས་གཅིག་གིསBYE ཡིག་ཚགས་བཏང་བ་ལས་ཐེངས་འདིའི་ཁ་བརྡའི་མཇུག་སྒྲིལ་བ་ཡིན།

9.jpg

དཔེ་རིས1-9 SIPགཏམ་གླེང་གི་དཔེ།

SIPལ་སྤྱོད་མཁན་གྱི་རྗེས་འདེད་པའི་སྒྲིག་གཞི་ཞིག་ཡོད་པས། འབོད་སྐུལ་བྱེད་ཡུལ་གྱིས་སྤྱད་པའིPCའཕྲུལ་ཆས་ཀྱིIPཤག་གནས་འཚོལ་ཐུབ། SIPཡིས་ཐོ་འགོད་ཅེས་པའི་སྤྱི་དོན་བེད་སྤྱོད་དེ་རྗེས་འདེད་པའི་ལས་འགྲུབ་པར་བྱེད། SIPཡིས་ཞབས་ཞུ་ཆས་ཁ་ཤས་ཤིགSIPཐོ་འགོད་བྱེད་ཆས་སུ་མཚན་ཉིད་བཞག་ཡོད། SIPསྤྱོད་མཁན་ཞིག་ལ་དེ་དང་འབྲེལ་བའིSIPཐོ་འགོད་བྱེད་ཆས་ཤིག་ཡོད། སྤྱོད་མཁན་གྱིས་དུས་གང་རུང་ཞིག་ཏུSIPཉེར་སྤྱོད་བྱེད་དུས། SIPཐོ་འགོད་བྱེད་ཆས་སུSIPREGISTERཞེས་པའི་ཡིག་ཚགས་ཅིག་བཏང་སྟེ་ཐོ་འགོད་བྱེད་ཆས་ལ་ད་ལྟར་སྤྱོད་བཞིན་པའིIPཤག་གནས་སྙན་ཞུ་བྱེད་དགོས། SIPཐོ་འགོད་བྱེད་ཆས་དངSIPལས་ཚབ་ཞབས་ཞུ་ཆས་གཉིས་རྒྱུན་པར་གཙོ་འཁོར་གཅིག་གི་སྟེང་དུ་འཁོར་བསྐྱོད་བྱེད་བཞིན་ཡོད།

དཔེ་རིས1-10ཡིསSIPཐོ་འགོད་བྱེད་ཆས་ཀྱི་སྤྱོད་ཡུལ་གསལ་བཤད་བྱས་ཡོད། འབོད་སྐུལ་པསINVITEཡིག་ཚགསSIPལས་ཚབ་ཞབས་ཞུ་ཆས་སུ་སྐྱེལ་གཏོང་བྱས། INVITEཡིག་ཚགས་སུ་འབོད་སྐུལ་བྱ་ཡུལ་གྱི་གློག་རྡུལ་ཡིག་བསྐུར་གྱི་ས་གནས་ལསIPཤག་གནས་མེད། SIPལས་ཚབ་ཞབས་ཞུ་ཆས་ཀྱིསSIPཐོ་འགོད་བྱེད་ཆས་སུDNSའཚོལ་ཞིབ་ཡིག་ཚགས་བཏང་ཞིང་། ལན་བརྗོད་ཡིག་ཚགས་ལས་དེའིIPཤག་གནས་ཤེས། ལས་ཚབ་ཞབས་ཞུ་ཆས་ཀྱིས་འཚོལ་རྙེད་བྱུང་པའིIPཤག་གནས་དེINVITEཡིག་ཚགས་སུ་བཅུག་སྟེ་འབོད་སྐུལ་བྱ་ཡུལ་དུ་སྐུར། དེ་ཡིསOKལན་བརྗོད་པ་ལACK      ཅེས་པའི་ངོས་འཛིན་སྤྲོད་པ་དང་ཆབས་ཅིག་ཁ་བརྡའི་མགོ་བཙུགས་པ་ཡིན།

གལ་ཏེ་འབོད་སྐུལ་བྱ་ཡུལ་གྱིསSIPཐོ་འགོད་བྱེད་ཆས་སུ་ཐོ་འགོད་བྱས་མེད་ཚེ། SIP ཐོ་འགོད་བྱེད་ཆས་ཀྱིས་ཕྱོགས་བསྐྱར་སྟོན་གྱི་ཡིག་ཚགས་ཅིག་ཕྱིར་བསྐུར་ཏེ། SIPལས་ཚབ་ཞབས་ཞུ་ཆས་ཀྱིསSIPཐོ་འགོད་བྱེད་ཆས་གཞན་ཞིག་ཏུDNSའཚོལ་ཞིབ་བྱེད་དགོས་པའི་མཛུབ་སྟོན་གནང་ཞིང་དེ་བཞིན་འབོད་སྐུལ་བྱ་ཡུལ་དེ་རྙེད་པར་བྱེད་པ་ཡིན།

10.jpg

དཔེ་རིས1-10 འབོད་ཡུལ་རྗེས་སྙེག་གི་རིགས་ལམ།

SIPགྲོས་མཐུན་དང་སྦྲགས་ཏེ་སྤྱོད་པའི་གྲོས་མཐུན་ཞིག་གི་མིང་ལ་ཁ་བརྡ་གསལ་བཤད་གྲོས་མཐུནSDPཞེས་ཟེར། ཁ་པར་ཚོགས་འདུར་ཞུགས་མཁན་རྣམས་འགུལ་སྐྱོད་རྣམ་པས་ཚོགས་ལ་ཞུགས་པ་དང་ཚོགས་ལས་གྲོལ་བ་ཡིན་པས། SDPདེ་ཁ་པར་ཚོགས་འདུའི་སྐབས་སུ་བྱེད་ནུས་འགངས་ཆེན་ཐོན་ཡོད། SDPཡིས་སྨྱན་གཟུགས་ཀྱི་ཚབ་ཨང་སྒྲིག་སྦྱོར་དང་གྲོས་མཐུན་མཐའ་སྣེ། མང་བསྒྲགས་གནས་ཡུལ་སོགས་གསལ་ཆ་ལྡན་པའི་སྒོ་ནས་བརྗོད་ཡོད། SDPནི་ད་ལྟར་དབྱིན་ཐེ་དྲ་རྒྱའི་འཆར་འགོད་ཚད[RFC2327]གཞི་ཞིག་ཏུ་གྱུར་ཡོད། SIPནིH.323བྱུང་བ་ཕྱིས་པས་ཚོང་རའི་རྒྱ་ཆུང་། འོན་ཀྱངIETFཚད་ལྡན་དུ་གྱུར་བའིSIPགྲོས་མཐུན་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ང་ཚོས་ཡིད་འཇོག་བྱ་དགོས།


བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་རྒྱ། གཞན་དག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-28

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།