གསོག་ཆས་དོ་དམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསོག་ཆས་ནི་རྩིས་འཁོར་རྒྱུད་ཁོངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཉེ་བའི་རིང་གསོག་ཆས་ཀྱི་ཤོང་ཚད་མུ་མཐུད་དུ་རྒྱ་སྐྱེད་ཀྱི་ཡོད་ཀྱང་། དེས་སྔར་བཞིན་དེང་རབས་མཉེན་ཆས་འཕེལ་རྒྱས་ཀྱི་དགོས་མཁོ་ཇི་བཞིན་སྐོང་ཐུབ་ཀྱི་མེད། དེ་བས་གསོག་ཆས་ནི་དཀོན་ཞིང་བྲིན་ཆེ་བའི་ཐོན་ཁུངས་ཤིག་རེད། དེ་ལ་ཕན་ཕྱོད་ལྡན་པའི་དོ་དམ་ཞིག་ཅི་ལྟར་བྱ་ཚུལ་གྱིས་གསོག་ཆས་ཀྱི་སྤྱོད་ཕྱོད་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པ་མ་ཟད། རྒྱུད་ཁོངས་ཀྱི་གཤིས་ནུས་ལ་ཡང་ཤུགས་རྐྱེན་ཐེབས་པ་ཡིན། གསོག་ཆས་ཀྱི་དོ་དམ་བྱ་ཡུལ་གཙོ་བོ་ནི་ནང་གསོགཡིན། ཕྱི་གསོག་གི་དོ་དམ་དང་ནང་གསོག་གི་དོ་དམ་བྱེད་སྟངས་ནི་འདྲ་མཚུངས་ཡིན་ཡང་། དེ་གཉིས་ཀྱི་སྤྱོད་སྒོ་ནི་འདྲ་བ་མ་ཡིན་སྟེ། ཕྱི་གསོག་ནི་གཙོ་བོ་ཡིག་ཆ་གསོག་འཇོག་བྱེད་པར་སྤྱོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
存储管理
ཕྱི་ཡིག་གི་མིང་།
storage management
ཁོངས་གཏོགས།
བཀོལ་སྤྱོད་མ་ལག
བྱ་ཡུལ།
གསོག་ཆས་གཙོ་བོ།
དཀར་ཆག
1   གསོག་ཆས་ཀྱི་བང་རིམ་གྲུབ་ཚུལ།
1.1 རིམ་མང་གསོག་ཆས་གྲུབ་ཚུལ།
1.2 འགྲོས་མཐོ་ལྷོད་གསོག་དང་སྡུད་སྡེར་ལྷོད་གསོག
2   བྱ་རིམ་གྱི་ནང་འཇུག་དང་སྦྲེལ་མཐུད།
2.1 བྱ་རིམ་གྱི་སྒྲིག་འཇུག
2.2 བྱ་རིམ་གྱི་སྦྲེལ་མཐུད།
3   མུ་འབྲེལ་བགོ་བཤའ་བྱེད་སྟངས།
3.1 ཆིག་རྐྱང་མུ་འབྲེལ་བགོ་བཤའ།
3.2 གཏན་འཇགས་བགོས་ཁུལ་བགོ་བཤའ།
3.3 འགུལ་རྣམ་བགོས་ཁུལ་བགོ་བཤའ།
4   རྩ་བའི་ལྡེབ་བགོད་གསོག་འཇོག་དོ་དམ།
4.1 ལྡེབ་ངོས་དང་ལྡེབ་ངོས་རེའུ་མིག
4.2 ཤག་གནས་བརྗེ་སྒྱུར་སྒྲིག་གཞི།
5   གཞི་རྩའི་དུམ་འབྱེད་གསོག་འཇོག་དོ་དམ།
5.1 དུམ་བགོད་གསོག་འཇོག་དོ་དམ་བྱེད་སྟངས་ཀྱི་འདྲེན་ཚུལ།
5.2 དུམ་བགོད་རྒྱུད་ཁོངས་ཀྱི་རྩ་བའི་གྲུབ་ལུགས།
6   རྟོག་བཟོས་གསོག་ཆས་ཀྱི་རྩ་བའི་གོ་དོན།
7   ལྡེབ་བགོད་རེ་འདུན་གསོག་འཇོག་དོ་དམ།
7.1 ལྡེབ་བགོད་རེ་འདུན་ཁྲོད་ཀྱི་སྲ་ཆས་རྒྱབ་སྐྱོར།
7.2 ལྡེབ་འདོན་ཐབས་ཇུས།
8   ལྡེབ་ངོས་གོ་བརྗེ་བརྩི་ཐབས།
8.1 ཆེས་ལེགས་པའི་གོ་བརྗེ་བརྩི་ཐབས་དང་སྔོན་འཛུལ་སྔོན་འདོན་གྱི་གོ་བརྗེ་བརྩི་ཐབས།
8.2 ཆེས་ཉེ་ཆེས་རིང་གི་བེད་མེད་གོ་བརྗེ་བརྩི་ཐབས།
9   དུམ་བགོད་རེ་འདུན་གྱི་གསོག་འཇོག་དོ་དམ།
9.1 དུམ་བགོད་རེ་འདུན་གྱི་གསོག་འཇོག་དོ་དམ།
9.2 དུམ་བགོད་ཀྱི་མཉམ་སྤྱོད།
1 གསོག་ཆས་ཀྱི་བང་རིམ་གྲུབ་ཚུལ།

གསོག་ཆས་ཀྱི་མྱུར་ཚད་ཧ་ཅང་མགྱོགས་ལ་སྒྲིག་འཁོར་གྱི་མྱུར་ཚད་དང་དོ་མཉམ་ཤིང་། ཤོང་ཚད་ཀྱང་ཤིན་ཏུ་ཆེ་ལ་རིན་གོང་ཡང་དམའ་བ་ཞིག་ཡོད་ཚེ་མི་རྣམས་ཀྱི་ཕུགས་བསམ་ཡང་དེ་ལས་མ་འདས་མོད། ཡིན་ན་ཡང་མིག་སྔར་ཆ་རྐྱེན་འདི་གསུམ་པོ་དུས་གཅིག་ཏུ་འཛོམས་དཀའ་བས་ན། དེང་རབས་རྩིས་འཁོར་རྒྱུད་ཁོངས་སུ་གསོག་ཆས་ལྷུ་ཆས་ནི་བང་རིམ་གྲུབ་ཚུལ་སྤྱད་ནས་རྩ་འཛུགས་བྱེད་ཀྱི་ཡོད།

1_1 རིམ་མང་གསོག་ཆས་གྲུབ་ཚུལ།

ཀུན་སྤྱོད་རྩིས་འཁོར་ལ་མཚོན་ན། གསོག་ཆས་བང་རིམ་ལ་ཆེས་ཉུང་མཐའ་ཡང་རིམ་པ་གསུམ་དགོས་ཀྱི་འདུག་སྟེ། ཆེས་མཐོ་བའི་རིམ་པ་ནིCPUབཅོལ་ཆས་དང་། བར་གྱི་རིམ་པ་ནི་གཙོ་གསོག་དང་། ཆེས་ཞབས་རིམ་ནི་རོགས་གསོག་ཡིན་ནོ།། ཚད་ཅུང་མཐོ་བའི་རྩིས་འཁོར་ཞིག་ལ་མཚོན་ན། བྱེད་ནུས་བྱེ་བྲག་པ་ལ་གཞིགས་ནས་བཅོལ་ཆས་དང་། འགྲོས་མྱུར་བར་གསོག་དང་། གཙོ་གསོག་ཆས། སྡུད་སྡེར་བར་གསོག གཏན་འཇགས་སྡུད་སྡེར། སྤོ་རུང་གསོག་འཇོག་བར་རྫས་སོགས་ཏེ་རིམ་པ་དྲུག་གི་ལས་བགོ་རུ་ཞིབ་ཏུ་ཕྱེས་ཆོག དཔེ་རིས1-1གིས་མཚོན་པ་ལྟར། གསོག་འཇོག་གི་བང་རིམ་ཅི་ཙམ་མཐོ་རུ་གནས་ན། གསོག་འཇོག་བར་རྫས་ཀྱི་བཅར་འདྲིའི་མྱུར་ཚད་དེ་ཙམ་མགྱོགས་ལ། རིན་གོང་ཡང་དེ་ཙམ་མཐོ། ལྟོས་འཇོག་གིས་ཤོང་ཚད་ཀྱང་ཅུང་ཆུང་བ་ཡིན། དེའི་ནང་དུ་བཅོལ་ཆས་དང་། འགྲོས་མྱུར་བར་གསོག གཙོ་གསོག་ཆས་དང་སྡུད་སྡེར་བར་གསོག་ཚང་མ་ནི་བཀོལ་སྤྱོད་རྒྱུད་ཁོངས་ཀྱི་གསོག་འཇོག་དོ་དམ་ཁྱབ་ཁོངས་སུ་གཏོགས་པས། གློག་ཆད་རྗེས་དེ་དག་གིས་གསོག་པའི་ཆ་འཕྲིན་མེད་འགྲོ་བ་ཡིན། གཏན་འཇགས་སྡུད་སྡེར་དང་སྤོ་རུང་གསོག་འཇོག་བར་རྫས་ནི་སྒྲིག་ཆས་དོ་དམ་གྱི་ཁྱབ་ཁོངས་སུ་གཏོགས་པས། དེ་དག་གིས་གསོག་པའི་ཆ་འཕྲིན་ཡུན་རིང་དུ་ཉར་ཚགས་བྱེད་པ་ཡིན།

1.jpg

དཔེ་རིས1-1 རྩིས་འཁོར་རྒྱུད་ཁོངས་ཀྱི་གསོག་འཇོག་བང་རིམ་མཚོན་དཔེ།

རྩིས་འཁོར་རྒྱུད་ཁོངས་ཀྱི་གསོག་འཇོག་བང་རིམ་ཁྲོད་དུ། བཅོལ་ཆས་དང་གཙོ་གསོག་ཆས་ལ་ལག་བསྟར་རུང་བའི་གསོག་ཆས་ཀྱང་ཟེར། འདིའི་ནང་དུ་གསོག་འཇོག་བྱས་པའི་ཆ་འཕྲིན་དང་རོགས་གསོག་ཏུ་གསོག་འཇོག་བྱས་པའི་ཆ་འཕྲིན་གཉིས་བསྡུར་ན། རྩིས་འཁོར་ཀྱིས་སྤྱད་པའི་བཅར་འདྲིའི་གྲུབ་ལུགས་མི་འདྲ་བའི་དབང་གིས། དགོས་ངེས་ཀྱི་དུས་ཚོད་ཟན་གྲོན་ཡང་གཅིག་པ་མིན། འཕེལ་རིམ་གྱིས་དུས་ཚོད་དུས་འཁོར་ཉུང་ཙམ་ཞིག་གི་ནང་དུ་བཀའ་བརྡloadའམstoreསྤྱད་ནས་ལག་བསྟར་རུང་བའི་གསོག་ཆས་ལ་བཅར་འདྲི་བྱེད་པ་ཡིན། ཡིན་ན་ཡང་རོགས་གསོག་གི་བཅར་འདྲི་ནིI/Oསྒྲིག་ཆས་བརྒྱུད་ནས་མངོན་འགྱུར་བྱ་དགོས། དེ་བས། བཅར་འདྲི་བྱ་དུས་སུ་འཕྲད་པའི་བར་གཅོད་དང་། སྒྲིག་ཆས་འདེད་བྱེད་བྱ་རིམ། ད་དུང་དངོས་ལུགས་སྒྲིག་ཆས་ཀྱི་འཁོར་སྐྱོད་སོགས་སུ་གཏོང་དགོས་པའི་དུས་ཚོད་ནི་ལག་བསྟར་རུང་བའི་གསོག་ཆས་ལ་བཅར་འདྲི་བྱེད་པའི་དུས་ཚོད་ལས་མཐོ་བ་ཡིན། སྤྱིར་བཏང་དུ་གྲངས་ཚད3གྱི་རིམ་པའམ་དེ་ལས་མང་བའི་བར་ཁྱད་ཡོད།

བང་རིམ་མི་འདྲ་བའི་གསོག་འཇོག་བར་རྫས་ལ་མཚོན་ན། བཀོལ་སྤྱོད་རྒྱུད་ཁོངས་ཀྱིས་གཅིག་གྱུར་གྱི་དོ་དམ་བྱེད་པས། བཀོལ་སྤྱོད་རྒྱུད་ཁོངས་ཀྱི་གསོག་འཇོག་དོ་དམ་གྱིས་ལག་བསྟར་རུང་བའི་གསོག་ཆས་ཀྱི་བགོ་བཤའ་དང་ཕྱིར་སྡུད། ད་དུང་གསོག་འཇོག་བང་རིམ་བར་དུ་གཞི་གྲངས་སྤོ་སྣུར་བྱེད་པའི་དོ་དམ་གྲུབ་ལུགས་མཁོ་འདོན་བྱེད་པ་སོགས་འགན་དུ་ལེན་པ་ཡིན། དཔེར་ན། གཙོ་གསོག་དང་སྡུད་སྡེར་བར་གསོག འགྲོས་མྱུར་བར་གསོག་དང་གཙོ་གསོག་བར་གྱི་གཞི་གྲངས་སྤོ་སྣུར་བྱེད་པ་སོགས་སོ།། སྒྲིག་ཆས་དང་ཡིག་ཆ་དོ་དམ་ཁྲོད་དུ། སྤྱོད་མཁན་གྱི་དགོས་མཁོར་གཞིགས་ནས་རོགས་གསོག་གི་དོ་དམ་གྲུབ་ལུགས་མཁོ་འདོན་བྱེད་པ་ཡིན་ནོ།།

1_2 འགྲོས་མཐོ་ལྷོད་གསོག་དང་སྡུད་སྡེར་ལྷོད་གསོག
1_2_1 འགྲོས་མཐོ་ལྷོད་གསོག

འགྲོས་མཐོ་ལྷོད་གསོག་ནི་དེང་རབས་རྩིས་འཁོར་གྱི་གྲུབ་ཚུལ་ཁྲོད་ཀྱི་ལྷུ་ཆས་གལ་ཆེན་ཞིག་རེད། དེའི་ཤོང་ཚད་དེ་བཅོལ་ཆས་ལས་ཆེ་བའམ་ཧ་ཅང་གིས་ཆེ་བ་ཡོད་པ་དང་། ནང་གསོག་དང་བསྡུར་ན་ཧ་ལམ་གྲངས་འབོར་རིམ་པ་གཉིས་སམ་གསུམ་ཡི་མན་གྱི་ཆུང་བ་ཡོད་དེ། KBབཅུ་ཕྲག་ནསMBཁ་ཤས་བར་ཡིན། བཅར་འདྲི་འགྲོས་ཚད་གཙོ་བོ་གསོག་ཆས་ལས་མགྱོགས་པ་ཡོད།

1_2_2 སྡུད་སྡེར་ལྷོད་གསོག

མིག་སྔར་སྡུད་སྡེར་གྱིI/Oའགྲོས་ཚད་དེ་གཙོ་གསོག་ལ་བཅར་འདྲི་བྱེད་པའི་འགྲོས་ཚད་ལས་ཧ་ཅང་དམའ་བས། ལན་མང་ཉེར་སྤྱོད་བྱས་པའི་སྡུད་སྡེར་གཞི་གྲངས་དང་ཆ་འཕྲིན་ཆ་ཤས་གཅིག་ནས་སྐབས་སྡུད་སྡེར་ལྷོད་གསོག་ཁྲོད་དུ་འཇོག་པ་ན། སྡུད་སྡེར་བཅར་འདྲི་བྱེད་པའི་ཐེངས་གྲངས་ཇེ་ཉུང་དུ་གཏོང་ཐུབ། སྡུད་སྡེར་ལྷོད་གསོག་དེ་ཉིད་དོན་དམ་དུ་གནས་ཡོད་པའི་གསོག་འཇོག་བར་རྫས་མ་ཡིན་པར། དེ་གཏན་འཇགས་སྡུད་སྡེར་རུ་བརྟེན་ནས་གཙོ་གསོག་ཆས་ཀྱི་གསོག་འཇོག་བར་སྟོང་ལ་རྒྱ་བསྐྱེད་བྱེད་ཐུབ་པ་སྟེ། གཙོ་གསོག་གི་གསོག་འཇོག་བར་སྟོང་སྤྱད་དེ་སྡུད་སྡེར་ནས་ཀློག་འདོན་བྱས་པའི་ཆ་འཕྲིན་སྐབས་གསོག་བྱེད། གཙོ་གསོག་ཀྱང་རོགས་གསོག་གི་འགྲོས་མཐོ་ལྷོད་གསོག་ལའང་ངོས་འཛིན་ཆོག རྒྱུ་མཚན་ནི་རོགས་གསོག་ཁྲོད་ཀྱི་གཞི་གྲངས་དེ་ངེས་པར་དུ་གཙོ་གསོག་ཏུ་འདྲ་ཕབ་བྱས་པ་ན་གཞི་ནས་སྤྱོད་ཆོག དེ་ལས་ལྡོག་ན། གཞི་གྲངས་དེ་ཡང་ངེས་པར་དུ་སྔོན་ལ་གཙོ་གསོག་ཏུ་གསོག་འཇོག་བྱས་པ་ན་གཞི་ནས་རོགས་གསོག་ཏུ་ཕྱིར་འདོན་བྱེད་ཐུབ།

ཡིག་ཆ་ཞིག་གི་གཞི་གྲངས་དེ་གསོག་ཆས་བང་རིམ་གྱི་རིམ་པ་མི་འདྲ་བའི་ཁྲོད་དུ་ཐོན་ངེས། དཔེར་ན། ཡིག་ཆ་ཞིག་གི་གཞི་གྲངས་དེ་རྒྱུན་པར་རོགས་གསོག་ཏུ་གསོག་འཇོག་བྱས་ཡོད་པ་དང་། དེ་འཁོར་བསྐྱོད་དམ་ཡང་ན་གནས་སྐབས་སུ་གཙོ་གསོག་གི་སྡུད་སྡེར་འགྲོས་མཐོ་ལྷོད་གསོག་ཏུ་བཞག་ཆོག ཤོང་ཚད་ཆེ་བའི་རོགས་གསོག་ལ་རྟག་པར་སྡུད་སྡེར་སྤྱོད་ཀྱི་ཡོད། ནམ་རྒྱུན་སྡུད་སྡེར་གཞི་གྲངས་དེ་སྡུད་ཐག་གམ་ཡང་ན་སྤོ་རུང་སྡུད་སྡེར་ཚོ་ཐོག་ཏུ་གྲབས་ཉར་བྱས་ནས། སྲ་སྡེར་སྐྱོན་ཤོར་ནས་གཞི་གྲངས་བོར་བརླག་འགྲོ་བ་འགོག་གི་ཡོད། རྒྱུད་ཁོངས་འགའ་རེས་རང་འགུལ་ངང་ཡིག་ཆ་རྙིང་པའི་གཞི་གྲངས་དེ་རོགས་གསོག་ནས་མཐའ་ཡས་གསོག་ཆས་སུ་སྤོ་གསོག་བྱེད་ཀྱི་ཡོད་པ་སྟེ། དཔེར་ན། སྡུད་ཐག་ཐོག་ལྟ་བུ། འདི་ལྟར་བྱས་ན་གསོག་འཇོག་རིན་གོང་ཇེ་དམར་གཏོང་ཐུབ་བོ།།

2 བྱ་རིམ་གྱི་ནང་འཇུག་དང་སྦྲེལ་མཐུད།

ལམ་མང་བྱ་རིམ་གྱི་ཁོར་ཡུག་ཁྲོད་དུ་བྱ་རིམ་འཁོར་སྐྱོད་བྱེད་དགོས་ན། ངེས་པར་དུ་འཕེལ་རིམ་གསར་བཟོ་བྱེད་དགོས། འཕེལ་རིམ་གསར་བཟོ་བྱེད་པའི་དོན་དག་དང་པོ་ནི། བྱ་རིམ་དང་གཞི་གྲངས་ནང་གསོག་ཏུ་ནང་འཇུག་བྱེད་པ་དེ་ཡིན། སྤྱོད་མཁན་ཁུངས་ཀྱི་བྱ་རིམ་དེ་ནང་གསོག་ཏུ་ལག་བསྟར་ཐུབ་པའི་བྱ་རིམ་དུ་ཇི་ལྟར་འགྱུར་དགོས་ཞེ་ན། རྒྱུན་པར་གཤམ་གསལ་གྱི་གོ་རིམ་འགའ་རེ་བརྒྱུད་དགོས་པ་སྟེ། དེ་ཡང་ཐོག་མར་སྒྲིག་སྒྱུར་བྱེད་དགོས་པ་དང་། སྒྲིག་སྒྱུར་བྱ་རིམ་གྱིས་སྤྱོད་མཁན་ཁུངས་ཀྱི་ཚབ་ཨང་དེ་དམིགས་འབེན་དཔེ་དུམ་དུ་མར་སྒྲིག་སྒྱུར་བྱེད། བར་དུ་སྦྲེལ་བ་སྟེ། སྦྲེལ་བའི་བྱ་རིམ་གྱིས་སྒྲིག་སྒྱུར་བྱས་རྗེས་གྲུབ་པའི་ཚོ་གཅིག་དམིགས་འབེན་དཔེ་དུམ་དང་དེ་མིན་དེ་དག་ལ་མཁོ་བའི་མཛོད་རྟེན་འབྱུང་གྲངས་མཉམ་དུ་སྦྲེལ་ནས། ཆ་ཚང་བའི་ནང་འཇུག་དཔེ་དུམ་ཞིག་གྲུབ་པ། མཐའ་མ་ནི་ནང་འཇུག་ཏེ། ནང་འཇུག་བྱ་རིམ་གྱིས་ནང་འཇུག་དཔེ་དུམ་དེ་ནང་གསོག་ཏུ་ནང་འཇུག་བྱེད་ངེས་སོ།།

2_1 བྱ་རིམ་གྱི་སྒྲིག་འཇུག

ཞིབ་བཤད་སྟབས་བདེ་ཡོང་ཆེད། ང་ཚོས་སྔོན་ལ་སྦྲེལ་མི་དགོས་པའི་ཁེར་རྐྱང་དཔེ་དུམ་ཞིག་གི་འཇུག་རིམ་ངོ་སྤྲོད་བྱེད། དམིགས་འབེན་དཔེ་དུམ་དེ་ཡང་འཇུག་པའི་དཔེ་དུམ་རེད། འཇུག་པའི་དཔེ་དུམ་ཞིག་ནང་གསོག་ཏུ་འཇུག་པའི་ཚེ། ལྟོས་མེད་འཇུག་སྟངས་ཡོད་ངེས་ལ་བསྐྱར་དུ་གནས་ངེས་འཇུག་སྟངས་དང་འགུལ་རྣམ་འཁོར་སྐྱོད་འཇུག་སྟངས་ཀྱང་ཡོད་ངེས། གཤམ་དུ་སོ་སོར་བྱས་ཏེ་རགས་བཤད་བྱེད་པར་བྱ་སྟེ།

1.ལྟོས་མེད་འཇུག་སྟངས།

སྒྲིག་སྒྱུར་བྱེད་པའི་ཚེ། གལ་ཏེ་བྱ་རིམ་དེ་ནང་གསོག་གི་གནས་གང་རུང་ཞིག་ཏུ་བཅའ་ངེས་པ་ཤེས་ན། སྒྲིག་སྒྱུར་བྱ་རིམ་གྱིས་ལྟོས་མེད་ཤག་གནས་ཀྱི་དམིགས་འབེན་ཚབ་ཨང་ཐོན་སྲིད། དཔེར་ན། སྔོན་ལ་སྤྱོད་མཁན་བྱ་རིམ་གནསRནས་འགོ་བཙུགས་པའི་སྡོད་གནས་སུ་བཅས་པ་ཤེས་ན། སྒྲིག་སྒྱུར་བྱ་རིམ་གྱིས་ཐོན་པའི་དམིགས་འབེན་དཔེ་དུམ་དེ་གནསRནས་འགོ་བཙུགས་ཏེ་ཡར་ཕྱོགས་སུ་བསྐྱེད་པ། བལྟོས་མེད་འཇུག་པའི་བྱ་རིམ་གྱིས་འཇུག་པའི་དཔེ་དུམ་ཁྲོད་ཀྱི་ཤག་གནས་ལ་གཞིགས་ནས་བྱ་རིམ་དང་གཞི་གྲངས་ནང་གསོག་ཏུ་འཇུག་ངེས། འཇུག་པའི་དཔེ་དུམ་དེ་ནང་གསོག་ཏུ་བཅུག་རྗེས། བྱ་རིམ་ཁྲོད་ཀྱི་གཏན་ཚིགས་ཤག་གནས་དང་དོན་དངོས་ནང་གསོག་ཤག་གནས་ཡོངས་སུ་གཅིག་མཚུངས་ཡིན་པས། བྱ་རིམ་དང་གཞི་གྲངས་ཀྱི་ཤག་གནས་ལ་བཟོ་བཅོས་ངེས་པར་བྱེད་མི་དགོས།

བྱ་རིམ་ཁྲོད་དུ་ཉེར་སྤྱོད་བྱེད་པའི་བལྟོས་མེད་ཤག་གནས་ནི་སྒྲིག་སྒྱུར་རམ་ཡང་ན་ཕྱོགས་བསྒྲིགས་བྱེད་པའི་སྐབས་སུ་སྟེར་ཆོག་ལ། བྱ་རིམ་འབྲི་མཁན་གྱིས་ཐད་ཀར་གནང་ཆོག འོན་ཀྱང་བྱ་རིམ་འབྲི་མཁན་གྱིས་ཐད་ཀར་བལྟོས་མེད་ཤག་གནས་གནང་བའི་ཚེ། བྱ་རིམ་འབྲི་མཁན་གྱིས་ནང་གསོག་ཉེར་སྤྱོད་གནས་ཚུལ་ལ་རྒྱུས་ཡོད་དགོས་པ་མ་ཟད། བྱ་རིམ་མམ་ཡང་ན་གཞི་གྲངས་ལ་བཟོ་བཅོས་བྱས་པ་ན། བྱ་རིམ་ཁྲོད་ཀྱི་ཤག་གནས་ཡོད་ཚད་བསྒྱུར་ངེས་པས། རྒྱུན་པར་བྱ་རིམ་ཁྲོད་དུ་རྟགས་བེད་སྤྱོད་པ་དང་དེ་རྗེས་སྒྲིག་སྒྱུར་རམ་ཡང་ན་ཕྱོགས་བསྒྲིགས་བྱས་པའི་ཚེ། རྟགས་ཀྱི་ཤག་གནས་འདི་དག་བལྟོས་མེད་ཤག་གནས་སུ་བརྗེ་སྤོར་བྱེད་པ།

2.བསྐྱར་དུ་གནས་ངེས་རུང་བའི་འཇུག་སྟངས་།

ལྟོས་མེད་འཇུག་སྟངས་ཀྱིས་དམིགས་འབེན་དཔེ་དུམ་དེ་ནང་གསོག་ཏུ་སྔོན་ནས་གཏན་འཁེལ་བྱས་པའི་སྡོད་གནས་ཁོ་ནར་བཅུག་ངེས། ལམ་མང་བྱ་རིམ་གྱི་ཁོར་ཡུག་ཁྲོད་དུ། སྒྲིག་སྒྱུར་བྱ་རིམ་གྱིས་སྒྲིག་སྒྱུར་བྱས་པའི་དམིགས་འབེན་དཔེ་དུམ་དེ་ནང་གསོག་གི་གནས་གང་རུང་ཞིག་ཏུ་འཇོག་དགོས་མིན་སྔོན་དཔག་བྱེད་མི་ཐུབ་པས། དེས་ན་བལྟོས་མེད་འཇུག་སྟངས་དེ་ཆིག་ལམ་བྱ་རིམ་གྱི་ཁོར་ཡུག་ཁོ་ནར་སྤྱོད་པར་འཚམས། ལམ་མང་བྱ་རིམ་ཁོར་ཡུག་ཁྲོད་དུ། ཐོབ་པའི་དམིགས་འབེན་དཔེ་དུམ་གྱི་འགོ་རྩོམ་ཤག་གནས་ནི་རྒྱུན་པར0ནས་འགོ་བརྩམས་ཀྱི་ཡོད་པ་དང་། བྱ་རིམ་ཁྲོད་ཀྱི་ཤག་གནས་གཞན་དག་ཚང་མ་ཡང་འགོ་རྩོམ་ཤག་གནས་དང་ལྟོས་འཇོག་གིས་རྩིས་རྒྱག་བྱས་པ་རེད། སྐབས་འདིར་བསྐྱར་དུ་གནས་ངེས་རུང་བའི་འཇུག་སྟངས་སྤྱོད་དགོས་པ་དང་། ནང་གསོག་གི་མིག་སྔའི་གནས་ཚུལ་ལ་གཞིགས་ནས། འཇུག་པའི་དཔེ་དུམ་དེ་ནང་གསོག་གི་འོས་འཚམ་སྡོད་གནས་སུ་འཇུག་དགོས།

3.འགུལ་རྣམ་འཁོར་སྐྱོད་སྐབས་ཀྱི་འཇུག་སྟངས།

འགུལ་རྣམ་འཁོར་སྐྱོད་སྐབས་ཀྱི་འཇུག་པའི་བྱ་རིམ་གྱིས་འཇུག་པའི་དཔེ་དུམ་དེ་ནང་གསོག་ཏུ་བཅུག་པའི་རྗེས་སུ་བཅུག་པའི་དཔེ་དུམ་ཁྲོད་ཀྱི་བལྟོས་བཅས་ཤག་གནས་དེ་བལྟོས་མེད་ཤག་གནས་སུ་ལམ་སེང་བརྗེ་སྤོར་མི་བྱེད་པར། ཤག་གནས་འདི་འདྲའི་བརྗེ་སྤོར་དེ་བྱ་རིམ་དངོས་སུ་ལག་བསྟར་པའི་དུས་སུ་བརྗེ་སྤོར་བྱེད་པར་བགྱངས་པ་རེད། དེས་ན། ནང་འཇུག་ཏུ་འཇུག་པའི་ཤག་གནས་ཡོད་ཚད་ནི་སྔར་མུས་བཞིན་བལྟོས་བཅས་ཤག་གནས་རེད། ཤག་གནས་བརྗེ་སྤོར་གྱིས་བཀའ་བརྡ་ལག་བསྟར་བའི་འགྲོས་ཚད་ལ་ཤུགས་རྐྱེན་མི་ཡོང་བའི་ཆེད་དུ། བྱེད་སྟངས་འདི་རིགས་ལ་བསྐྱར་དུ་གནས་ངེས་པའི་བཅོལ་ཆས་ཀྱི་རྒྱབ་སྐྱོར་དགོས་སོ།།

2_2 བྱ་རིམ་གྱི་སྦྲེལ་མཐུད།

ཁུངས་བྱ་རིམ་ལ་སྒྲིག་སྒྱུར་བྱས་པ་བརྒྱུད་དམིགས་འབེན་དཔེ་དུམ་ཚོ་གཅིག་ཐོབ་ངེས། བསྐྱར་དུ་སྦྲེལ་བའི་བྱ་རིམ་སྤྱད་དེ་དམིགས་འབེན་དཔེ་དུམ་ཚོ་འདི་སྦྲེལ་ནས་འཇུག་པའི་དཔེ་དུམ་གྲུབ་པ་དང་། སྦྲེལ་བའི་དུས་ཚོད་མི་འདྲ་བ་ལ་གཞིགས་ནས་སྦྲེལ་བ་གཤམ་གསལ་གྱི་རིགས་གསུམ་ལ་དབྱེ་ཆོག

(1)འཇགས་རྣམ་སྦྲེལ་མཐུད།

བྱ་རིམ་འཁོར་སྐྱོད་མ་བྱས་གོང་དུ། དམིགས་འབེན་དཔེ་དུམ་ཁག་དང་དེ་དག་ལ་མཁོ་བའི་མཛོད་རྟེན་འབྱུང་གྲངས་དེ་སྔོན་ལ་ཆ་ཚང་བའི་སྡེབ་སྒྲིག་དཔེ་དུམ་ཞིག་ཏུ་སྦྲེལ་ནས། རྗེས་ནས་བསྐྱར་དུ་མི་ཕྲལ། ང་ཚོས་སྔོན་ལ་སྦྲེལ་བ་བྱེད་སྟངས་འདི་རིགས་ལ་འཇགས་རྣམ་སྦྲེལ་སྟངས་ཞེས་བརྗོད།

(2)འཇུག་པའི་སྐབས་ཀྱི་འགུལ་རྣམ་སྦྲེལ་མཐུད།

འདི་ནི་སྤྱོད་མཁན་ཁུངས་བྱ་རིམ་སྒྲིག་སྒྱུར་བྱས་རྗེས་ཐོབ་པའི་དམིགས་འབེན་དཔེ་དུམ་ཚོ་གཅིག་དེ། ནང་གསོག་ཏུ་འཇུག་པའི་སྐབས་སུ། འཇུག་ཞོར་སྦྲེལ་ཞོར་གྱི་སྦྲེལ་སྟངས་སྤྱད་པ་དེ་རེད།

(3)འཁོར་སྐྱོད་སྐབས་འགུལ་རྣམ་སྦྲེལ་མཐུད།

འདི་ནི་དམིགས་འབེན་དཔེ་དུམ་འགའ་རེར་སྦྲེལ་བ་ནི་བྱ་རིམ་ལག་བསྟར་བའི་སྐབས་སུ་དཔེ་དུམ་འདི་དགོས་པའི་ཚེ་ན། དེར་སྦྲེལ་བ་དེའོ།།

3 མུ་འབྲེལ་བགོ་བཤའ་བྱེད་སྟངས།

མུ་འབྲེལ་བགོ་བཤའ་བྱེད་སྟངས་ནི་སྤྱོད་མཁན་བྱ་རིམ་གཅིག་ལ་མུ་འབྲེལ་གྱི་ནང་གསོག་བར་སྟོང་ཞིག་བགོ་བཤའ་བྱེད་པ་ལ་གོ། བགོ་བཤའ་བྱེད་སྟངས་འདི་རིགས་དེ་སྔ་དུས་རབས20པའི་ལོ་རབས60-70ཡིOSཁྲོད་དུ་ཉེར་སྤྱོད་རྒྱ་ཁྱབ་བྱས་ཡོད་པ་དང་། ད་བར་ད་དུང་ནང་གསོག་བགོ་བཤའ་བྱེད་སྟངས་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད། དེ་མིན་མུ་འབྲེལ་བགོ་བཤའ་བྱེད་སྟངས་ལ་གོམ་གང་གིས་ཆིག་རྐྱང་མུ་འབྲེལ་བགོ་བཤའ། གཏན་འཇགས་བགོས་ཁུལ་བགོ་བཤའ། འགུལ་རྣམ་བགོས་ཁུལ་བགོ་བཤའ། ད་དུང་འགུལ་རྣམ་བསྐྱར་དུ་གནས་ངེས་ཁུལ་བགོ་བཤའ་བྱེད་སྟངས་བཅས་རིགས་བཞི་ལ་དབྱེ་ཆོག

3_1 ཆིག་རྐྱང་མུ་འབྲེལ་བགོ་བཤའ།

འདི་ནི་ཆེས་སྟབས་བདེ་བའི་གསོག་འཇོག་དོ་དམ་བྱེད་སྟངས་རིགས་ཤིག་རེད། འོན་ཀྱང་སྤྱོད་མཁན་རྐྱང་བ་དང་ལས་འགན་རྐྱང་བའི་བཀོལ་སྤྱོད་རྒྱུད་ཁོངས་ཁོ་ནའི་ཁྲོད་དུ་སྤྱོད་ཐུབ། གསོག་འཇོག་དོ་དམ་བྱེད་སྟངས་འདི་རིགས་སྤྱོད་པའི་ཚེ། ནང་གསོག་དེ་རྒྱུད་ཁོངས་ཁུལ་དང་སྤྱོད་མཁན་ཁུལ་གཉིས་སུ་དབྱེ་ཆོག རྒྱུད་ཁོངས་ཁུལ་ནིOSཁོ་ནར་སྤྱོད་པར་མཁོ་སྤྲོད་བྱེད་པ་དང་། རྒྱུན་པར་ནང་གསོག་གི་ཤག་གནས་དམའ་བའི་ཆ་ཤས་སུ་འཇོག སྤྱོད་མཁན་ཁུལ་ནི་རྒྱུད་ཁོངས་ཁུལ་ཕུད་པའི་ནང་གསོག་བར་སྟོང་ཐམས་ཅད་སྤྱོད་མཁན་ལ་སྤྱོད་པར་མཁོ་སྤྲོད་བྱེད་པར་ཟེར།

3_2 གཏན་འཇགས་བགོས་ཁུལ་བགོ་བཤའ།

གཏན་འཇགས་བགོས་ཁུལ་རྣམ་པའི་བགོ་བཤའ་ནི་ཆེས་སྟབས་བདེ་བའི་ལམ་མང་བྱ་རིམ་འཁོར་སྐྱོད་བྱེད་ཐུབ་པའི་གསོག་འཇོག་དོ་དམ་བྱེད་སྟངས་ཤིག་རེད། འདི་ནི་ནང་གསོག་སྤྱོད་མཁན་བར་སྟོང་དེ་ཆེ་ཆུང་གཏན་འཇགས་ཡིན་པའི་ཁུལ་ཁོངས་འགའ་རེར་ཆ་བགོ་བ་དང་། བགོས་ཁུལ་སོ་སོའི་ཁྲོད་དུ་ལས་བྱ་རྐྱང་ལམ་ཁོ་ནར་འཇུག་དགོས། སྤྱོད་མཁན་བར་སྟོང་དེ་བགོས་ཁུལ་འགའ་རེར་ཆ་བགོས་པ་ན། ལས་བྱ་ལམ་འགའ་རེ་མཉམ་འབྱུང་གིས་འཁོར་སྐྱོད་བྱེད་ཆོག བགོས་ཁུལ་གཅིག་ཁོམ་པའི་ཚེ་ཕྱི་གསོག་གྱི་གྲབས་གཤོམ་ལས་བྱ་རུ་སྟར་ཁྲོད་དུ་ཆེ་ཆུང་འོས་འཚམ་ཡིན་པའི་ལས་བྱ་གཅིག་འདེམས་ཏེ་བགོས་ཁུལ་འདིར་འཇུག་ཆོག ལས་བྱ་འདི་མཇུག་རྫོགས་པའི་ཚེ། སླར་ཡང་གྲབས་གཤོམ་ལས་བྱ་རུ་སྟར་ནས་ལས་བྱ་གཞན་ཞིག་བགོས་ཁུལ་འདིར་འདྲེན་ཆོག 

3_3 འགུལ་རྣམ་བགོས་ཁུལ་བགོ་བཤའ།

འགུལ་རྣམ་བགོས་ཁུལ་བགོ་བཤའ་ནི་འཕེལ་རིམ་གྱི་དོན་དངོས་དགོས་མཁོ་ལ་གཞིགས་ནས་འགུལ་རྣམ་དེར་ནང་གསོག་བར་སྟོང་བགོ་བཤའ་བྱེད་པ་དེ་རེད། འགྱུར་རུང་བགོས་ཁུལ་བགོ་བཤའ་མངོན་འགྱུར་བྱེད་པའི་ཚེ། བགོས་ཁུལ་བགོ་བཤའི་ཁྲོད་དུ་སྤྱོད་པའི་གཞི་གྲངས་གྲུབ་ཚུལ་དང་བགོས་ཁུལ་བགོ་བཤའི་བརྩི་ཐབས། བགོས་ཁུལ་ཀྱི་བགོ་བཤའ་དང་ཕྱིར་སྡུད་བཀོལ་སྤྱོད་བཅས་གནད་དོན་གསུམ་དང་འབྲེལ་ཡོད།

1.བགོས་ཁུལ་བགོ་བཤའི་ཁྲོད་ཀྱི་གཞི་གྲངས་གྲུབ་ཚུལ།

བགོས་ཁུལ་བགོ་བཤའ་མངོན་འགྱུར་ཆེད། རྒྱུད་ཁོངས་ཁྲོད་དུ་ངེས་པར་དུ་དེར་བསྟུན་གྱི་གཞི་གྲངས་གྲུབ་ཚུལ་སྡེབ་སྒྲིག་བྱེད་དགོས་པ་དང་། ཁོམ་པའི་བགོས་ཁུལ་དང་བགོས་ཟིན་པའི་བགོས་ཁུལ་གྱི་གནས་ཚུལ་ཞིབ་བརྗོད་བྱེད་པ་སྤྱད་ནས། བགོ་བཤའ་ལ་ཁུངས་ལུང་མཁོ་སྤྲོད་བྱེད་པ་དང་། རྒྱུན་སྤྱོད་ཀྱི་གཞི་གྲངས་གྲུབ་ཚུལ་ལ་གཤམ་གྱི་རྣམ་པ་རིགས་གཉིས་ཡོད།

(1)ཁོམ་པའི་བགོས་ཁུལ་རེའུ་མིག

རྒྱུད་ཁོངས་ཁྲོད་དུ་ཁོམ་པའི་བགོས་ཁུལ་རེའུ་མིག་གཅིག་སྒྲིག་འགོད་བྱས་ཏེ། ཁོམ་པའི་བགོས་ཁུལ་རེ་རེའི་གནས་ཚུལ་ཟིན་འགོད་བྱེད་པར་སྤྱོད་པ་དང་། ཁོམ་པའི་བགོས་ཁུལ་རེ་རེས་བྱ་ར་གཅིག་བཟུང་བ་དང་བྱ་རའི་ནང་དུ་བགོས་ཁུལ་རིམ་རྟགས་དང་བགོས་ཁུལ་འགོ་རྩོམ་ཤག་གནས། བགོས་ཁུལ་ཀྱི་ཆེ་ཆུང་སོགས་ཀྱི་གཞི་གྲངས་རྣམ་གྲངས་ཚུད་ཡོད།

(2)ཁོམ་པའི་བགོས་ཁུལ་སྦྲེལ་ལོང་།

ཁོམ་པའི་བགོས་ཁུལ་ལ་བགོ་བཤའ་དང་སྦྲེལ་མཐུད་མངོན་འགྱུར་བྱེད་ཆེད། བགོས་ཁུལ་རེ་རེའི་འགོ་རྩོམ་ཆ་ཤས་སུ་བགོས་ཁུལ་བགོ་བཤའ་ཚོད་འཛིན་བྱེད་པའི་བརྡ་འཕྲིན་དང་། དེ་མིན་ད་དུང་བགོས་ཁུལ་སོ་སོར་སྦྲེལ་མཐུད་བྱེད་པར་སྤྱོད་པའི་སྔོན་ཕྱོགས་སྟོན་ཁབ་འགའ་རེ་སྒྲིག་འགོད་བྱེད་ཅིང་། བགོས་ཁུལ་གྱི་མཇུག་ཏུ་རྒྱབ་ཕྱོགས་སྟོན་ཁབ་གཅིག་སྒྲིག་འགོད་བྱས་ནས། སྔོན་ཕྱོགས་དང་རྒྱབ་ཕྱོགས་སྦྲེལ་མཐུད་སྟོན་ཁབ་བརྒྱུད་དེ་ཁོམ་པའི་བགོས་ཁུལ་ཡོད་ཚད་ཟུང་འབྲེལ་བྱས་ནས་སྦྲེལ་མཐུད་བྱེད་ཐུབ། དཔྱད་འཚོལ་སྟབས་བདེ་ཡོང་ཆེད། བགོས་ཁུལ་གྱི་མཇུག་ཏུ་རྣམ་པའི་གནས་དང་བགོས་ཁུལ་ཆེ་ཆུང་བྱ་ར་བསྐྱར་འགོད་བྱེད་དགོས། བགོས་ཁུལ་བགོ་བཤའ་བྱས་ཟིན་རྗེས། རྣམ་པའི་གནས0དེ1རུ་བཅོས་པ་དང་། སྐབས་འདིར་སྔོན་རྒྱབ་ཕྱོགས་ཀྱི་སྟོན་ཁབ་ལ་དོན་སྙིང་ལྡན་མེད།

2.བགོས་ཁུལ་བགོ་བཤའི་བརྩི་ཐབས།

ལས་བྱ་གསར་པ་ནང་གསོག་ཏུ་འཇུག་པའི་ཆེད་དུ། ངེས་པར་དུ་བགོ་བཤའི་བརྩི་ཐབས་ངེས་ཅན་ཞིག་ལ་བརྟེན་དགོས། ཁོམ་པའི་བགོས་ཁུལ་རེའུ་མིག་གམ་ཡང་ན་ཁོམ་པའི་བགོས་ཁུལ་སྦྲེལ་མཐུད་ཁྲོད་དུ་བགོས་ཁུལ་གཅིག་བདམས་ཏེ་ལས་བྱ་འདིར་བགོ་བཤའ་བྱེད་པ་དང་། མིག་སྔར་རྒྱུན་སྤྱོད་ཀྱི་བགོ་བཤའི་བརྩི་ཐབས་ལ་གཤམ་གསལ་གྱི་རིགས་ལྔ་ཡོད།

(1)ཐོག་མར་འཚམ་པའི་བརྩི་ཐབས།

(2)རེས་འཁོར་ཐོག་མར་འཚམ་པའི་བརྩི་ཐབས།

(3)ཆེས་ལེགས་ཤོས་ཀྱི་འཚམ་པའི་བརྩི་ཐབས།

(4)ཆེས་མི་ལེགས་པའི་འཚམ་པའི་བརྩི་ཐབས།

(5)འགྲོས་མྱུར་འཚམ་པའི་བརྩི་ཐབས།

བརྩི་ཐབས་འདིའི་དགེ་མཚན་ནི་འཚོལ་བའི་ནུས་ཕྱོད་མཐོ་བ་སྟེ། འཕེལ་རིམ་གྱི་རིང་ཚད་ལ་གཞིགས་ནས་དེ་ཉིད་ཤོང་ཐུབ་པའི་ཆེས་ཆུང་བའི་ཁོམ་ཁུལ་རེའུ་ཕྲེང་བཙལ་བ་དང་། དུམ་དང་པོ་བླངས་ཏེ་བགོ་བཤའ་བྱེད་ཆོག གཞན་ཡང་བརྩི་ཐབས་འདི་ཁོམ་པའི་བགོས་ཁུལ་བགོ་བཤའ་བྱེད་པའི་སྐབས་སུ་བགོས་ཁུལ་གཞན་གང་ལ་ཡང་གཅོད་མི་སྲིད། དེར་བརྟེན་བགོས་ཁུལ་ཆེ་བ་སོར་འཇོག་བྱས་ནས་བར་སྟོང་ཆེ་བའི་མཁོ་འདོད་དང་མཐུན་ན། ནང་གསོག་ཧྲུག་ལྷེབ་ཀྱང་མི་འབྱུང་། ཞན་ཆ་ནི་བགོས་ཁུལ་གཙོ་གསོག་ཏུ་ཕྱིར་སློག་བྱེད་པའི་སྐབས་སུ་བརྩི་ཐབས་རྙོག་འཛིང་ལྡན་པ་དང་རྒྱུད་ཁོངས་འགྲོ་གྲོན་ཅུང་ཆེ། དེ་མིན་བརྩི་ཐབས་འདིར་ཁོམ་པའི་བགོས་ཁུལ་བགོ་བཤའ་བྱེད་སྐབས་འཕེལ་རིམ་འཇལ་བྱེད་དུ་བཟུང་བ་དང་། བགོས་ཁུལ་གཅིག་འཕེལ་རིམ་གཅི་ཁོ་ནར་གཏོགས་པས་འཕེལ་རིམ་ལ་བགོ་བཤའ་བྱས་པའི་བགོས་ཁུལ་གཅིག་གི་ཁྲོད་དུ་མང་ཐོབ་ཉུང་ཐོབ་ཀྱིས་འཕྲོ་བརླག་ངེས་ཅན་ཡོད་སྲིད།

4 རྩ་བའི་ལྡེབ་བགོད་གསོག་འཇོག་དོ་དམ།

མུ་འབྲེལ་བགོ་བཤའ་བྱེད་སྟངས་ཀྱིས“ཧྲུག་ལྷེབ”མང་པོ་བྱུང་སྲིད་པ་དང་། “དམ་ཚགས”བྱེད་ཐབས་བརྒྱུད་ནས་ཧྲུག་ལྷེབ་མང་པོ་སྤྱོད་རུང་གི་བར་སྟོང་ཆེན་པོར་མཐུད་སྦྱོར་བྱེད་ཐུབ་ཀྱི་ཡོད་ཀྱང་། དེར་འགྲོ་གྲོན་ཆེན་པོ་གཏོང་དགོས། གལ་ཏེ་འཕེལ་རིམ་ཞིག་ཐད་ཀར་ཐར་ཐོར་ངང་ཕན་ཚུན་ཉེ་མཐུད་མིན་པའི་བགོས་ཁུལ་དུ་འཇུག་ཆོག་པ་ན། བསྐྱར“དམ་ཚགས”བྱེད་མི་དགོས། བསམ་བློ་འདིར་གཞི་བྱས་ནས་གྱེས་ཐོར་བགོ་བཤའ་བྱེད་སྟངས་བྱུང་བ་རེད། གལ་སྲིད་གྱེས་ཐོར་བགོ་བཤའི་རྩ་བའི་འཇལ་བྱེད་ནི་ཤོག་ལྡེབ་ཡིན་ཚེ། ལྡེབ་བགོད་གསོག་འཇོག་དོ་དམ་བྱེད་སྟངས་ཅེས་ཟེར། གལ་སྲིད་གྱེས་ཐོར་བགོ་བཤའི་རྩ་བའི་འཇལ་བྱེད་ནི་དུམ་མཚམས་ཡིན་ཚེ། དུམ་འབྱེད་གསོག་འཇོག་དོ་དམ་བྱེད་ཅེས་ཟེར།

ལྡེབ་བགོད་གསོག་འཇོག་དོ་དམ་བྱེད་སྟངས་སུ་ལྡེབ་ངོས་བརྗེ་བའི་བྱེད་ནུས་ལྡན་མེད་ན། རྩ་བའི་ལྡེབ་བགོད་གསོག་འཇོག་དོ་དམ་བྱེད་སྟངས་ཟེར། ཡང་ན་ལྡེབ་བགོད་གཙོ་མའི་གསོག་འཇོག་དོ་དམ་བྱེད་སྟངས་ཟེར་བ་དང་། དེར་རྟོག་བཟོས་གསོག་ཆས་མངོན་འགྱུར་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ནུས་ལྡན་མེད་ལ། དེས་ལས་བྱ་ཚང་མ་ནང་གསོག་ཏུ་འཇུག་པར་བྱས་རྗེས་གཞི་ནས་འཁོར་སྐྱོད་བྱེད་སྲིད་དོ།།

4_1 ལྡེབ་ངོས་དང་ལྡེབ་ངོས་རེའུ་མིག

1.ལྡེབ་ངོས།

(1)ལྡེབ་ངོས་དང་དངོས་ལུགས་དུམ་བུ།

ལྡེབ་བགོད་གསོག་འཇོག་དོ་དམ་ནི་འཕེལ་རིམ་ཞིག་གི་གཏན་ཚིགས་ཤག་གནས་ཀྱི་བར་སྟོང་དེ་ཆེ་ཆུང་གཅིག་མཚུངས་ཡིན་པའི་ལྷེབ་འགའ་རེར་བགོས་པས། ལྡེབ་ངོས་སམ་ཡང་ན་ལྡེབ་ཟེར་ལ། ལྡེབ་སོ་སོར་སྒྲིག་ཨང་བཀོད་པ་སྟེ། 0ནས་འགོ་བརྩམས་དགོས། དཔེར་ན། ལྡེབ་ཨང0དང་། ལྡེབ་ཨང1སོགས་ལྟ་བུའོ།། དེར་བསྟུན་གྱིས་ནང་གསོག་གི་བར་སྟོང་ཀྱང་ལྡེབ་ངོས་ཀྱི་ཆེ་ཆུང་དང་འདྲ་བའི་གསོག་འཇོག་དུམ་བུ་འགའ་རེར་བགོས་པ། དུམ་བུ་འམ་ཡང་ན་ལྡེབ་སྒྲོམ་ཟེར་བ་དང་། དུས་མཚུངས་སུ་དེ་དག་ལ་ཨང་སྒྲིག་བྱེད་པ་སྟེ། དཔེར་ན། 0#དུམ། 1#དུམ་སོགས་ལྟ་བུའོ།། འཕེལ་རིམ་དུ་ནང་གསོག་བགོ་བཤའ་བྱེད་སྐབས་དུམ་བུ་འཇལ་བྱེད་དུ་བཟུང་ནས་འཕེལ་རིམ་གྱི་ལྡེབ་འགའ་སོ་སོ་ཉེ་མཐུད་མིན་པའི་དངོས་ལུགས་དུམ་བུ་དུ་མའི་ཁྲོད་དུ་འཇུག་པ། ནམ་རྒྱུན་འཕེལ་རིམ་གྱི་ཆེས་མཐའི་ལྡེབ་གཅིག་ཏུ་དུམ་གཅིག་འཇུག་མི་ཐུབ་པར་སྤྱོད་མི་རུང་བའི་ཧྲུག་ལྷེབ་ཏུ་ཆགས་པས་ལྡེབ་ནང་ཧྲུག་ལྷེབ་ཟེར།

(2)ལྡེབ་ངོས་ཀྱི་ཆེ་ཆུང་།

ལྡེབ་བགོད་རྒྱུད་ཁོངས་ཁྲོད་ཀྱི་ལྡེབ་ངོས་ཆེ་ཆུང་རན་པོ་དགོས། ལྡེབ་ངོས་ཆུང་དྲགས་ན། ཕྱོགས་གཅིག་ནས་ནང་གསོག་ཧྲུག་ལྷེབ་ཇེ་ཆུང་དུ་གཏོང་སྲིད་ལ། ནང་གསོག་ཧྲུག་ལྷེབ་ཀྱི་སྤྱིའི་བར་སྟོང་ཡང་ཇེ་ཆུང་དུ་གཏོང་སྲིད་པས། ནང་གསོག་་གི་སྤྱོད་ཕྱོད་ཇེ་མཐོར་གཏོང་བར་ཕན། འོན་ཀྱང་ཕྱོགས་གཞན་ཞིག་ནས་འཕེལ་རིམ་སོ་སོས་ལྡེབ་ངོས་ཅུང་མང་བ་འཛིན་སྲིད་པས། འཕེལ་རིམ་གྱི་ལྡེབ་ངོས་རེའུ་མིག་རིང་དྲགས་ཏེ་ནང་གསོག་འབོར་ཆེན་འཛིན་པར་བྱེད་པ་ཡིན། དེ་མིན་ད་དུང་ལྡེབ་ངོས་བརྗེ་འཇུག་དང་བརྗེ་འདོན་གྱི་ནུས་ཕྱོད་ཇེ་དམའ་གཏོང་སྲིད། གལ་ཏེ། བདམས་པའི་ལྡེབ་ངོས་ཅུང་ཆེ་ན། ལྡེབ་ངོས་རེའུ་མིག་གི་རིང་ཚད་ཇེ་དམའ་བཏང་ནས་ལྡེབ་ངོས་ཀྱི་བརྗེ་འཇུག་དང་བརྗེ་འདོན་གྱི་འགྲོས་ཚད་ཇེ་མཐོར་གཏོང་བ་སྟེ། ལྡེབ་ནང་གི་ཧྲུག་ལྷེབ་ཇེ་ཆེར་གཏོང་སྲིད། དེ་བས་ན། ལྡེབ་ངོས་ཀྱི་ཆེ་ཆུང་བདམས་པ་རན་པོ་དགོས་ལ་ལྡེབ་ངོས་ཀྱི་ཆེ་ཆུང་ནི2ཡི་ཕོབ་ཡིན་དགོས། རྒྱུན་པར512B~8KBཡིན།

2.ཤག་གནས་གྲུབ་ཚུལ།

ལྡེབ་བགོད་ཤག་གནས་ཁྲོད་ཀྱི་ཤག་གནས་གྲུབ་ཚུལ་གཤམ་ལྟར།

01.jpg

དེར་ཆ་ཤས་གཉིས་འདུས་ཏེ། ཆ་ཤས་གོང་མའི་ལྡེབ་གྲངས་ནིPདང་ཆ་ཤས་གཞུག་མ་ནི་གནས་འཕོ་ཚདWདཔེ་རིས་ནང་གི་ཤག་གནས་ཀྱི་རིང་ཚད་ནི་གནས32ཡིན། དེའི་ཁྲོད་དུ་གནས0~11ནི་ལྡེབ་ནང་ཤག་གནས་ཡིན་པ་དང་ལྡེབ་སོ་སོའི་ཆེ་ཆུང་ནི4KBརེད། གནས12~31ནི་ལྡེབ་ཨང་ཡིན། ཤག་གནས་བར་སྟོང་དུ་ཆེས་མང་ན1Mཡི་ལྡེབ་ཡོད་ཆོག

ཆེད་དམིགས་འཕྲུལ་འཁོར་ཞིག་གི་ངོས་ནས་མཚོན་ན། དེའི་ཤག་གནས་གྲུབ་ཚུལ་ནི་ངེས་གཏན་ཡིན། གལ་སྲིད་གཏན་ཚིགས་བར་སྟོང་གི་ཤག་གནསAཡིན་པ་དང་ལྡེབ་ངོས་ཀྱི་ཆེ་ཆུང་ནིLཡིན། ལྡེབ་ཨངPདང་ལྡེབ་ནང་ཤག་གནསDདེ་གཤམ་གྱི་སྤྱི་འགྲོས་ལ་གཞིགས་ནས་ཐོབ་ངེས།

02.jpg

དེའི་ཁྲོད་ཀྱིINTནི་ཧྲིལ་བགོད་རྟེན་འབྱུང་གྲངས་ཡིན་པ་དང་། MODནི་འཕྲོ་ལེན་རྟེན་འབྱུང་གྲངས་ཡིན། དཔེར་ན། དེའི་རྒྱུད་ཁོངས་ཀྱི་ལྡེབ་ངོས་ཆེ་ཆུང་ནི1KBཡིན་ན། A=2170Bཡིན་པར་བྱས་ན། གོང་གསལ་གྱི་སྤྱི་འགྲོས་ནསP=2 d=122ཐོབ་སྲིད།

3.ལྡེབ་ངོས་རེའུ་མིག

ལྡེབ་བགོད་རྒྱུད་ཁོངས་སུ། འཕེལ་རིམ་གྱི་ལྡེབ་སོ་སོ་གྱེས་ཐོར་ངང་ནང་གསོག་གི་དངོས་ལུགས་དུམ་བུ་མི་འདྲ་བའི་ཁྲོད་དུ་གསོག་འཇོག་བྱེད་ཆོག་མོད། འོན་ཀྱང་རྒྱུད་ཁོངས་ཀྱིས་འཕེལ་རིམ་གྱི་འཁོར་སྐྱོད་ཡང་དག་པར་ཁག་ཐེག་བྱེད་ཐུབ་ངེས། དེ་ཡང་ནང་གསོག་ནས་ལྡེབ་ངོས་སོ་སོར་ལྟོས་ཟླའི་དངོས་ལུགས་དུམ་བུ་རྙེད་ཐུབ། དེར་བརྟེན། རྒྱུད་ཁོངས་ཀྱིས་འཕེལ་རིམ་སོ་སོར་ལྡེབ་ངོས་འཆར་བརྙན་རེ་གསར་འཛུགས་བྱས་པས། བསྡུས་མིང་ལ་ལྡེབ་ངོས་རེའུ་མིག་མིག་ཟེར། འཕེལ་རིམ་ཤག་གནས་ཀྱི་བར་སྟོང་ནང་གི་ལྡེབ(0~n)ཡོད་ཚད་རིམ་པ་བཞིན་ལྡེབས་ངོས་རེའུ་མིག་ཁྲོད་དུ་རྣམ་གྲངས་རེ་ཡོད་ལ། དེའི་ཁྲོད་དུ་དེར་བསྟུན་གྱི་ལྡེབ་དེ་ནང་གསོག་ཏུ་ལྟོས་ཟླར་གནས་པའི་དངོས་ལུགས་དུམ་ཨང་ཟིན་འགོད་བྱས་ཡོད།

4_2 ཤག་གནས་བརྗེ་སྒྱུར་སྒྲིག་གཞི།

སྤྱོད་མཁན་ཤག་གནས་བར་སྟོང་ཁྲོད་ཀྱི་གཏན་ཚིགས་ཤག་གནས་དེ་ནང་གསོག་བར་སྟོང་ཁྲོད་ཀྱི་དངོས་ལུགས་ཤག་གནས་སུ་བརྗེ་སྒྱུར་ཐུབ་ཆེད། རྒྱུད་ཁོངས་སུ་ངེས་པར་དུ་ཤག་གནས་བརྗེ་སྒྱུར་སྒྲིག་གཞི་སྒྲིག་འགོད་བྱེད་དགོས། སྒྲིག་གཞི་འདིའི་གཞི་རྩའི་ལས་འགན་ནི་གཏན་ཚིགས་ཤག་གནས་ནས་དངོས་ལུགས་ཤག་གནས་སུ་བརྗེ་སྤོར་མངོན་འགྱུར་ཐུབ་པ་བྱ་རྒྱུ་དེ་རེད། ལྡེབ་བགོད་ཤག་གནས་དང་དངོས་ལུགས་ཤག་གནས་ནི་ཕན་ཚུན་ལྟོས་ཟླ་ཡིན། དཔེར་ན། ལྡེབ་ངོས་ཀྱི་ཆེ་ཆུང1KBཡིན་པའི་ལྡེབ་ནང་ཤག་གནས་ནི0~1023ཡིན་པ་དང་། དེར་བསྟུན་གྱི་དངོས་ལུགས་དུམ་ནང་གི་ཤག་གནས་ཀྱང0~1023ཡིན་པས། བརྗེ་སྤོར་བྱེད་མི་དགོས། དེར་བརྟེན། ཤག་གནས་བརྗེ་བསྒྱུར་སྒྲིག་གཞིའི་ལས་འགན་ནི་དོན་དངོས་ཐོག་གཏན་ཚིགས་ཤག་གནས་ཁྲོད་ཀྱི་ལྡེབ་ཨང་དེ་ནང་གསོག་ཁྲོད་ཀྱི་དངོས་ལུགས་དུམ་ཨང་དུ་བརྗེ་སྤོར་བྱ་རྒྱུ་ཙམ་རེད་། ཡང་ལྡེབ་ངོས་རྟེན་འཕྲོ་རེའུ་མིག་གི་ནུས་པ་ནི་ལྡེབ་ཨང་ནས་དངོས་ལུགས་དུམ་ཨང་གི་བརྗེ་བསྒྱུར་ཐུབ་པར་སྤྱོད་པ་རེད། དེར་བརྟེན། ཤག་གནས་བརྗེ་བསྒྱུར་ལས་འགན་ནི་ལྡེབ་ངོས་རེའུ་མིག་ལ་བརྟེན་ནས་ལེགས་འགྲུབ་བྱུང་བ་རེད།

5 གཞི་རྩའི་དུམ་འབྱེད་གསོག་འཇོག་དོ་དམ།

གལ་ཏེ་གསོག་འཇོག་དོ་དམ་བྱེད་སྟངས་དེ་གཏན་འཇགས་བགོས་ཁུལ་ནས་འགུལ་རྣམ་བགོས་ཁུལ་བགོ་བཤའ་དང་། དེ་ནས་ལྡེབ་བགོད་གསོག་འཇོག་དོ་དམ་བྱེད་སྟངས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་གཙོ་ཤུགས་ནི་ནང་གསོག་སྤྱོད་ཕྱོད་ཇེ་མཐོར་གཏོང་བ་ཡིན་ཟེར་ན། དུམ་འབྱེད་དོ་དམ་གསོག་འཇོག་དོ་དམ་བྱེད་སྟངས་འདྲེན་པའི་དམིགས་ཡུལ་གཙོ་བོ་ནི་སྤྱོད་མཁན་གྱིས་ཨང་སྒྲིག་དང་བེད་སྤྱོད་སོགས་ཐད་ཀྱི་རེ་བ་སྐོང་ཐུབ་བྱ་རྒྱུ་དེ་རེད། དེའི་ཁྲོད་ཀྱི་རེ་བ་འགའ་ཤས་ནི་གསོག་འཇོག་དོ་དམ་བྱེད་སྟངས་གཞན་དག་གིས་སྐོང་མི་ཐུབ་པས། གསོག་འཇོག་དོ་དམ་བྱེད་སྟངས་འདི་འདྲ་ནི་དེང་སྐབས་གསོག་འཇོག་དོ་དམ་བྱེད་སྟངས་ཚང་མའི་རྨང་གཞིར་གྱུར་ཡོད།

5_1 དུམ་བགོད་གསོག་འཇོག་དོ་དམ་བྱེད་སྟངས་ཀྱི་འདྲེན་ཚུལ།

དུམ་བགོད་གསོག་འཇོག་དོ་དམ་བྱེད་སྟངས་འདྲེན་པ་ནི་གཙོ་བོ་སྤྱོད་མཁན་དང་བྱ་རིམ་པའི་གཤམ་གྱི་ཉེར་མཁོ་རབ་དང་རིམ་པ་སྐོང་བའི་ཆེད་དུ་ཡིན།

(1)ཨང་སྒྲིག་ལ་སྟབས་བདེ་ཡིན་པ།

ནམ་རྒྱུན། སྤྱོད་མཁན་རང་ཉིད་ཀྱི་ལས་བྱ་དེ་གཏན་ཚིགས་འབྲེལ་བ་ལ་གཞིགས་ནས་དུམ་བུ་འགའ་རེར་བགོ་བ་དང་། དུམ་བུ་སོ་སོ་ཚང་མ0ནས་འགོ་བརྩམས་ནས་ཨང་སྒྲིག་བྱེད་པ་མ་ཟད་རང་ཉིད་ཀྱི་མིང་དང་རིང་ཚད་ཡོད། དེར་བརྟེན། བཅར་འདྲི་དགོས་པའི་གཏན་ཚིགས་ཤག་གནས་ནི་དུམ་མིང(དུམ་ཨང)དང་དུམ་ནང་ཡོ་སྤོ་ཚད(དུམ་ནང་ཤག་གནས)ཀྱིས་ཐག་གཅོད་པར་རེ་བ་སྟེ། དཔེར་ན། གཤམ་གསལ་གྱི་བཀའ་བརྡ་གཉིས་ནི་དུམ་མིང་དང་དུམ་ནང་ཤག་གནས་སྤྱད་པ་སྟེ།

LOAD1,[A]∣‹D›;

STORE1,[B]∣‹C›;

དེའི་ནང་གི་བཀའ་བརྡ་གོང་མའི་གོ་དོན་ནི་དུམ་འབྱེད Aཁྲོད་ཀྱི་སྡེ་ཚནDནང་གི་བྲིན་དེ་བཅོལ་ཆས་སུ་ཀློག་འཇུག་བྱེད་པ་དང་། བཀའ་བརྡ་གཞུག་མའི་གོ་དོན་ནི་བཅོལ་ཆས1གི་ནང་དོན་དུམ་འབྱེདBཡི་སྡེ་ཚནCཁྲོད་དུ་འཇོག་པ་རེད།

(2)བརྡ་འཕྲིན་མཉམ་སྤྱོད།

བྱ་རིམ་དང་གཞི་གྲངས་མཉམ་སྤྱོད་བྱེད་པར་མངོན་འགྱུར་བྱེད་སྐབས། བརྡ་འཕྲིན་གྱི་གཏན་ཚིགས་འཇལ་བྱེད་རྨང་གཞིར་བཟུང་བ་རེད། དཔེར་ན། འཆར་ཅན་བྱ་རིམ་དང་རྟེན་འབྱུང་གྲངས་ཤིག་མཉམ་སྤྱོད་བྱེད་པ་ལྟ་བུའོ།། ལྡེབ་བགོད་རྒྱུད་ཁོངས་ཁྲོད་ཀྱི་ལྡེབ་ནི་བརྡ་འཕྲིན་གྱི་དངོས་ལུགས་འཇལ་བྱེད་ཁོ་ནར་འཇོག་པ་དང་། ཆ་ཚང་བའི་དོན་སྙིང་མེད་པས། མཉམ་སྤྱོད་མངོན་འགྱུར་བྱེད་ཐབས་ལ་མི་བདེ་ཡང་། དུམ་ནི་བརྡ་འཕྲིན་གྱི་གཏན་ཚིགས་འཇལ་བྱེད་ཡིན་པའོ།། དེ་ལས་ཤེས་གསལ་དུམ་གྱི་མཉམ་སྤྱོད་མངོན་གྱུར་ཆེད་དུ་གསོག་འཇོག་དོ་དམ་དེ་སྤྱོད་མཁན་བྱ་རིམ་དུམ་བགོད་ཀྱི་རྩ་འཛུགས་བྱེད་སྟངས་དང་འཚམ་པོ་ཡོད་པའི་རེ་བ་བྱེད་པ་ཡིན།

(3)བརྡ་འཕྲིན་སྲུང་སྐྱོབ།

བརྡ་འཕྲིན་སྲུང་སྐྱོབ་ནི་གཞན་དང་འདྲ་བར་བརྡ་འཕྲིན་གྱི་གཏན་ཚིགས་འཇལ་བྱེད་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད། དུམ་བགོད་དོ་དམ་བྱེད་སྟངས་ཀྱིས་ནུས་ལྡན་དང་སྟབས་བདེའི་ངང་བརྡ་འཕྲིན་སྲུང་སྐྱོབ་ཀྱི་བྱེད་ནུས་མངོན་འགྱུར་བྱེད་ཀྱི་ཡོད།

(4)འགུལ་རྣམ་འཕེལ་བ།

དོན་དངོས་ཀྱི་ཉེར་སྤྱོད་བརྒྱུད་རིམ་དུ་དུམ་འགའ་རེ་སྟེ། དམིགས་བསལ་དུ་གཞི་གྲངས་དུམ་དེ་བེད་སྤྱོད་བརྒྱུད་རིམ་ཁྲོད་དུ་རྒྱུན་ཆད་མེད་པར་འཕེལ་སྲིད་པ་དང་། སྔོན་ནས་གཞི་གྲངས་དུམ་དེ་ཇི་ཙམ་དུ་འཕེལ་བ་ཤེས་ཐབས་བྲལ། གོང་དུ་བཤད་པའི་གསོག་འཇོག་དོ་དམ་བྱེད་སྟངས་གཞན་དག་ཚང་མས་འགུལ་རྣམ་འཕེལ་བའི་གནས་ཚུལ་ལ་ཁ་གཏད་བྱེད་དཀའ་ཡང་། དུམ་བགོད་གསོག་འཇོག་དོ་དམ་བྱེད་སྟངས་ཀྱིས་ཅུང་ལེགས་པའི་ངང་གནད་དོན་འདི་ཐག་གཅོད་བྱེད་ཐུབ།

(5)འགུལ་རྣམ་སྦྲེལ་མཐུད།

འགུལ་རྣམ་སྦྲེལ་མཐུད་ནི་ལས་བྱ་འཁོར་སྐྱོད་མ་བྱས་གོང་། དམིགས་འབེན་བྱ་རིམ་དུམ་བུ་འགའ་སྦྲེལ་མཐུད་མ་བྱས་པར། འཁོར་སྐྱོད་བྱེད་དགོས་པའི་སྐབས་སུ། སྔོན་ལ་བྱ་རིམ་གཙོ་བོས་ལྟོས་ཟླ་ཡིན་པའི་དམིགས་འབེན་བྱ་རིམ་དེ་ནང་གསོག་ཏུ་འཇུག་པ་དང་འགོ་སློང་འཁོར་སྐྱོད་བྱེད་པ་དང་། འཁོར་སྐྱོད་བྱེད་པའི་གོ་རིམ་ཁྲོད་དུ་ཡང་བསྐྱར་དུམ་ག་གེ་མོ་འདོན་སྤྱོད་བྱེད་དགོས་ཚེ། ད་གཟོད་དུམ་འདི(དམིགས་འབེན་བྱ་རིམ)ནང་གསོག་ཏུ་འདོན་འཇུག་བྱས་ཏེ་སྦྲེལ་མཐུད་བྱེད་པར་ཟེར། ཤེས་གསལ་ལྟར། འགུལ་རྣམ་སྦྲེལ་མཐུད་ཀྱིས་ཀྱང་དུམ་དེ་དོ་དམ་གྱི་འཇལ་བྱེད་དུ་འཛིན་པར་རེ་བའོ།།

5_2 དུམ་བགོད་རྒྱུད་ཁོངས་ཀྱི་རྩ་བའི་གྲུབ་ལུགས།

1.དུམ་བགོད།

དུམ་བགོད་གསོག་འཇོག་དོ་དམ་བྱེད་སྟངས་ཁྲོད་དུ། ལས་བྱའི་ཤག་གནས་བར་སྟོང་དེ་དུམ་འགའ་རེར་བགོས་པ་དང་། དུམ་རེ་རེ་ཡིས་གཏན་ཚིགས་བརྡ་འཕྲིན་ཚོ་གཅིག་ལ་མཚན་ཉིད་བཞག་ཡོད། དཔེར་ན་རིམ་གཙོ་དུམMAINདང་། བུའི་བྱ་རིམ་དུམXདང་། གཞི་གྲངས་དུམDདེ་མིན་དོས་དུམSསོགས་སོ།།

2.དུམ་རེའུ།

འགུལ་རྣམ་བགོས་ཁུལ་བགོ་བཤའ་བྱེད་སྟངས་ཁྲོད་དུ། རྒྱུད་ཁོངས་ཀྱིས་འཕེལ་རིམ་ཧྲིལ་པོར་མུ་འབྲེལ་གྱི་ནང་གསོག་བར་སྟོང་ཞིག་བགོ་བཤའ་བྱས་ཡོད་ཀྱང་། དུམ་བགོད་རྣམ་པའི་གསོག་འཇོག་དོ་དམ་རྒྱུད་ཁོངས་སུ། དུམ་བགོད་སོ་སོར་མུ་འབྲེལ་བའི་བགོས་ཁུལ་རེ་བགོ་བཤའ་བྱས་ཡོད། འཕེལ་རིམ་ཁྲོད་ཀྱི་དུམ་སོ་སོ་གྱེས་ཐོར་གྱིས་ནང་གསོག་གི་བགོས་ཁུལ་མི་འདྲ་བའི་ནང་དུ་འཕོ་འཇུག་བྱེད་ཆོག བྱ་རིམ་འཁོར་སྐྱོད་རྒྱུན་ལྡན་ཡོང་ཆེད། དངོས་ལུགས་ནང་གསོག་ནས་གཏན་ཚིགས་དུམ་སོ་སོར་ལྟོས་ཟླའི་གནས་འཚོལ་བ་དང་། ལྡེབ་བགོད་རྒྱུད་ཁོངས་ནང་བཞིན་དུ། རྒྱུད་ཁོངས་ཁྲོད་དུ་འཕེལ་རིམ་སོ་སོར་རྟེན་འཕྲོ་རེའུ་མིག་གཅིག་གསར་འཛུགས་བྱེད། བསྡུས་མིང“དུམ་རེའུ”དུམ་སོ་སོས་རེའུ་མིག་ནང་དུ་རེའུ་མིག་རྣམ་གྲངས་རེ་བཟུང་ཡོད་པ་དང་། དེར་དུམ་འདི་ནང་གསོག་གི་ཐོག་ཤག་དང་དུམ་གྱི་རིང་ཚད་ཟིན་འགོད་བྱས་ཡོད། དུམ་རེའུ་དེ་བཅོལ་ཆས་ཚོ་གཅིག་ཏུ་བཞག་ཆོག འདི་ལྟར་བྱས་ན་ཤག་གནས་བརྗེ་སྤོར་གྱི་འགྲོས་ཚད་ཇེ་མཐོར་གཏོང་ཐུབ་ཀྱང་། དེ་བས་རྒྱུན་མཐོང་ཡིན་པ་ནི་དུམ་རེའུ་ནང་གསོག་ཏུ་འཇོག་པ་དེ་ཡིན།

3.ཤག་གནས་བརྗེ་བསྒྱུར་སྒྲིག་གཞི།

འཕེལ་རིམ་གྱི་གཏན་ཚིགས་ཤག་གནས་དངོས་ལུགས་ཤག་གནས་སུ་བརྗེ་སྒྱུར་བྱེད་ནུས་མངོན་འགྱུར་བྱེད་ཆེད། རྒྱུད་ཁོངས་སུ་དུམ་རེའུ་བཅོལ་ཆས་སྒྲིག་འགོད་བྱས་ནས། དུམ་རེའུ་ཐོག་མའི་ཤག་གནས་དང་དུམ་རེའུ་རིང་ཚདTLའཇོག་པར་སྤྱོད་པའོ།།

6 རྟོག་བཟོས་གསོག་ཆས་ཀྱི་རྩ་བའི་གོ་དོན།

གསོག་ཆས་དོ་དམ་བྱེད་སྟངས་སྣ་ཚོགས་ལ་སྤྱི་ཡི་ཁྱད་ཆོས་ལྡན་ཡོད་དེ། དེ་དག་ཚང་མས་ལས་བྱ་ཡོད་ཚད་ནང་གསོག་ཏུ་བཅུག་ནས་ད་གཟོད་འཁོར་སྐྱོད་བྱེད་དགོས་ཀྱི་ཡོད། དེས་ན། གཤམ་གསལ་གྱི་གནས་ཚུལ་རིགས་གཉིས་ཐོན་སྲིད།

(1)ལས་བྱ་འགའ་རེ་ཧ་ཅང་ཆེ་བ་དང་། དེས་རེ་བའི་ནང་གསོག་བར་སྟོང་ནི་ནང་གསོག་སྤྱིའི་ཤོང་ཚད་ལས་བརྒལ་བ་ན། ལས་བྱ་ཚང་མ་ནང་གསོག་ཏུ་འཇུག་མི་ཐུབ་པས། ལས་བྱ་འདི་འཁོར་སྐྱོད་བྱ་ཐབས་བྲལ།

(2)ལས་བྱ་འབོར་ཆེན་འཁོར་སྐྱོད་བྱེད་པར་རེ་བ་བྱེད་ནའང་། ནང་གསོག་གི་ཤོང་ཚད་ལ་ལས་བྱ་འདི་དག་ཚང་མ་ཤོང་མི་ཐུབ་པས། ལས་བྱ་ཉུང་ཤས་ཤིག་ནང་གསོག་ཏུ་བཅུག་ནས་དེ་དག་སྔོན་ལ་འཁོར་སྐྱོད་བྱེད་པ་དང་། ལས་བྱ་འབོར་ཆེན་གཞན་དག་གིས་ཕྱི་གསོག་ཏུ་སྒུག་པའོ།།

གནས་ཚུལ་རིགས་གཉིས་ཐོན་པའི་རྒྱུ་རྐྱེན་ནི་ནང་གསོག་གི་ཤོང་ཚད་མི་ཆེ་བས་རེད། གསལ་པོར་མཐོང་བའི་ཐག་གཅོད་ཐབས་ཤེས་ནི། དངོས་ལུགས་ཐོག་ནས་ནང་གསོག་གི་ཤོང་ཚད་ཇེ་ཆེར་གཏོང་བ་དེ་རེད། འོན་ཀྱང་འདི་འཕྲུལ་འཁོར་རང་སྟེང་ནས་བཀག་སྡོམ་བྱེད་ངེས་པ་མ་ཟད། རྒྱུད་ཁོངས་ཀྱི་མ་གནས་ཇེ་མཐོར་གཏོང་བ་སྨོས་མེད་ཡིན་པས། ཐབས་ཤེས་འདི་འདྲ་ནི་བཀག་སྡོམ་ངེས་ཅན་ལ་འཕྲད་སྲིད། ཐབས་ཤེས་གཞན་ཞིག་ནི་གཏན་ཚིགས་ཐོག་ནས་ནང་གསོག་གི་ཤོང་ཚད་རྒྱ་ཆེར་གཏོང་བ་སྟེ། འདི་ནི་རྟོག་བཟོས་གསོག་འཇོག་ལག་རྩལ་གྱིས་ཐག་གཅོད་དགོས་པའི་གནད་དོན་གཙོ་བོ་དེའོ།།

7 ལྡེབ་བགོད་རེ་འདུན་གསོག་འཇོག་དོ་དམ།

ལྡེབ་བགོད་རེ་འདུན་རྒྱུད་ཁོངས་ནི་གཞི་རྩའི་ལྡེབ་བགོད་ཀྱི་རྨང་གཞིའི་ཐོག་གསར་འཛུགས་བྱས་པ་དང་། རྟོག་བཟོས་གསོག་ཆས་བྱེད་ནུས་ལ་རྒྱབ་སྐྱོར་བྱེད་ཐུབ་ཆེད་དུ་ལྡེབ་འདོན་བྱེད་ནུས་དང་ལྡེབ་ངོས་གོ་བརྗེ་བྱེད་ནུས་གསར་སྣོན་བྱས་པ་རེད། དེ་བསྟུན་གྱིས་འདོན་འཇུག་དང་བརྗེ་འདོན་བྱེད་ཐེངས་རེའི་རྩ་བའི་འཇལ་བྱེད་ཚང་མ་རིང་ཚད་གཏན་འཇགས་ཡིན་པའི་ལྡེབ་ངོས་ཡིན་པས་ན། ལྡེབ་བགོད་རེ་འདུན་རྒྱུད་ཁོངས་མངོན་འགྱུར་བྱེད་པ་ནི་དུམ་བགོད་རེ་འདུན་རྒྱུད་ཁོངས་ལས་སྟབས་བདེ་བར་བྱས་ཡོད། དེར་བརྟེན། ལྡེབ་བགོད་རེ་འདུན་ནི་མིག་སྔར་རྒྱུན་སྤྱོད་ཀྱི་རྟོག་བཟོས་གསོག་ཆས་མངོན་འགྱུར་བྱེད་སྟངས་ཀྱི་རིགས་ཤིག་ཏུ་གྱུར་ཡོད།

7_1 ལྡེབ་བགོད་རེ་འདུན་ཁྲོད་ཀྱི་སྲ་ཆས་རྒྱབ་སྐྱོར།

ལྡེབ་བགོད་མངོན་འགྱུར་བྱེད་ཆེད། རྒྱུད་ཁོངས་ཀྱིས་ངེས་པར་དུ་སྲ་ཆས་རྒྱབ་སྐྱོར་ངེས་ཅན་འདོན་སྤྲོད་བྱེད་དགོས། ཤོང་ཚད་ངེས་ཅན་ལྡན་པའི་ནང་གསོག་དང་ཕྱི་གསོག་གི་རྩིས་འཁོར་གཅིག་དགོས་པ་ཕུད། ད་དུང་ལྡེབ་རེའུ་གྲུབ་ལུགས་དང་ལྡེབ་ཆད་བར་གཅོད་སྒྲིག་གཞི། ཤག་གནས་བརྗེ་སྒྱུར་སྒྲིག་གཞི་བཅས་དགོས།

1.ལྡེབ་རེའུ་གྲུབ་ལུགས།

ལྡེབ་བགོད་རེ་འདུན་རྒྱུད་ཁོངས་ཁྲོད་དུ་མཁོ་བའི་གཞི་གྲངས་གྲུབ་ཚུལ་གཙོ་བོ་ནི་ལྡེབ་རེའུ་རེད། དེའི་གཞི་རྩའི་ནུས་པ་ནི་སྔར་བཞིན་སྤྱོད་མཁན་ཤག་གནས་བར་སྟོང་ཁྲོད་ཀྱི་གཏན་ཚིགས་ཤག་གནས་དེ་ནང་གསོག་བར་སྟོང་གི་དངོས་ལུགས་ཤག་གནས་སུ་བརྗེ་བསྒྱུར་བྱེད་པ་དེ་རེད། ཉེར་སྤྱོད་བྱ་རིམ་གྱི་ཆ་ཤས་གཅིག་ཁོ་ན་ནང་གསོག་ཏུ་འདོན་འཇུག་བྱེད་པ་དང་། ད་དུང་ཆ་ཤས་གཅིག་སྡེར་ཐོག་ཏུ་གནས་ཡོད་པས། ལྡེབ་རེའུ་ནང་དུ་ཡང་རྣམ་གྲངས་དུ་མ་གསར་སྣོན་བྱས་ནས། བྱ་རིམ་བརྗེ་འཇུག་དང་བརྗེ་འདོན་སྐབས་སུ་དཔྱད་་གཞིར་མཁོ་སྤྲོད་བྱེད་པ། ལྡེབ་བགོད་རེ་འདུན་རྒྱུད་ཁོངས་ཁྲོད་ཀྱི་ལྡེབ་རེའུ་རྣམ་གྲངས་སོ་སོ་ནི་གཤམ་གསལ་ལྟར།

ད་ལྟ་དེའི་ཁྲོད་ཀྱི་ཡིག་དུམ་འགའ་རེར་གསལ་བཤད་བྱས་ན་གཤམ་ལྟར།

(1)རྣམ་གནས། P:ལྡེབ་འདི་ནང་གསོག་ཏུ་འདོན་འཇུག་བྱས་ཚར་མིན་སྟོན་པར་སྤྱོད་པ། བྱ་རིམ་བཅར་འདྲི་བྱེད་པའི་སྐབས་སུ་དཔྱད་གཞིར་འདོན་སྤྲོད་བྱས་ཡོད།

(2)བཅར་འདྲི་ཡིག་དུམ། A:ལྡེབ་འདི་ལ་དུས་དུམ་འདིའི་ནང་བཅར་འདྲི་བྱས་པའི་ལན་གྲངས་ཟིན་འགོད་བྱེད་པ་དང་། ཡང་ན་ལྡེབ་འདི་ལ་ཉེ་ཆེར་དུས་ཚོད་ཇི་ཙམ་བཅར་འདྲི་བྱུང་མེད་པ་ཟིན་འགོད་བྱེད་པར་སྤྱོད། བརྗེ་འདོན་ལྡེབ་ངོས་འདེམས་པའི་སྐབས་སུ་དཔྱད་གཞིར་འདོན་སྤྲོད་བྱེད་པའོ།།

(3)བཅོས་གནས། M:ལྡེབ་འདི་ནང་གསོག་ཏུ་འདོན་འཇུག་བྱས་རྗེས་བཟོ་བཅོས་བྱས་ཡོད་མིན་མཚོན། ནང་གསོག་ཁྲོད་ཀྱི་ལྡེབ་ཚང་མ་ཕྱི་གསོག་ཐོག་ཏུ་ཟུར་དེབ་རེ་སོར་ཉར་བྱས་ཡོད། དེར་བརྟེན། གལ་ཏེ་བཟོ་བཅོས་བྱས་མེད་ན། ལྡེབ་འདི་གོ་བརྗེའི་སྐབས་སུ་ལྡེབ་འདི་བསྐྱར་དུ་ཕྱི་གསོག་ཐོག་ཏུ་འབྲི་དགོས་དོན་མེད་པས། རྒྱུད་ཁོངས་ཀྱི་འགྲོ་གྲོན་དང་སྡུད་སྡེར་འགོ་སློང་གི་ལན་གྲངས་ཇེ་ཉུང་དུ་གཏོང་བའོ།།

(4)ཕྱི་གསོག་ཤག་གནས། ལྡེབ་འདི་ནི་ཕྱི་གསོག་ཐོག་གི་ཤག་གནས་སྟོན་པར་སྤྱོད་པས། ནམ་རྒྱུན་དངོས་ལུགས་དུམ་ཨང་ཡིན་པ་དང་། ལྡེབ་འདི་འདོན་འཇུག་སྐབས་སུ་དཔྱད་གཞིར་འདོན་སྤྲོད་བྱས་པའོ།།

2.ལྡེབ་ཆད་བར་གཅོད་སྒྲིག་གཞི།

ལྡེབ་བགོད་རེ་འདུན་རྒྱུད་ཁོངས་ཁྲོད་དུ་བཅར་འདྲི་བྱེད་དགོས་པའི་ལྡེབ་ངོས་ནང་གསོག་ཏུ་གནས་མེད་ཚེ། ལྡེབ་ཆད་བར་གཅོད་ཡོང་བ་དང་། OSཡིས་ཆད་པའི་ལྡེབ་འདི་ནང་གསོག་ཏུ་འདོན་འཇུག་བྱེད་པར་རེ་འདུན་བྱེད། ལྡེབ་ཆད་བར་གཅོད་དེ་བར་གཅོད་ལ་བཟུང་ན། དེ་དང་འདྲ་བར་དེ་དག་ལCPUཁོར་ཡུག་ལ་སྲུང་སྐྱོབ་དང་། བར་གཅོད་རྒྱུ་རྐྱེན་དབྱེ་ཞིབ། ལྡེབ་ཆད་བར་གཅོད་སྒྲིག་གཅོད་བྱ་རིམ་བསྒྱུར་འཇུག་བྱས་ནས་སྒྲིག་གཅོད་བྱེད་དོ།། 

3.ཤག་གནས་བརྗེ་བསྒྱུར་སྒྲིག་གཞི།

ལྡེབ་བགོད་རེ་འདུན་རྒྱུད་ཁོངས་ཁྲོད་ཀྱི་ཤག་གནས་བརྗེ་སྒྱུར་སྒྲིག་གཞི་ནི་ལྡེབ་བགོད་རྒྱུད་ཁོངས་ཤག་གནས་བརྗེ་བསྒྱུར་སྒྲིག་གཞིའི་རྨང་གཞིའི་ཐོག་ནས། ཡང་རྟོག་བཟོས་གསོག་ཆས་མངོན་འགྱུར་ཆེད་དུ་བྱེད་ནུས་ཁ་ཤས་ཁ་སྣོན་བྱས་ནས་གྲུབ་པ་རེད། དཔེར་ན། ལྡེབ་ཆད་བར་གཅོད་ཐོན་པ་དང་སྒྲིག་གཅོད་བྱེད་པ། དེ་མིན་ད་དུང་ནང་གསོག་ནས་ལྡེབ་གཅིག་བརྗེ་འདོན་བྱེད་པའི་བྱེད་ལས་སོགས་སོ།།

7_2 ལྡེབ་འདོན་ཐབས་ཇུས།

1.ལྡེབ་ངོས་འདོན་འཇུག་གི་གོ་སྐབས།

རྒྱུད་ཁོངས་ཀྱིས་འཕེལ་རིམ་འཁོར་སྐྱོད་སྐབས་སུ་ཆད་པའི་ལྡེབ་ངོས་ནང་གསོག་ཏུ་འདོན་འཇུག་བྱེད་པའི་གོ་སྐབས་གཏན་འཁེལ་ཡོང་ཆེད། སྔོན་ལ་ལྡེབ་འདོན་ཀྱི་ཐབས་ཇུས་སམ་ཡང་ན་ལྡེབ་འདོན་རེ་འདུན་ཐབས་ཇུས་སྤྱད་ཆོག 

2.གང་ནས་ལྡེབ་ངོས་འདོན་འཇུག་བྱེད་པར་གཏན་འཁེལ་བྱེད་པ།

ལྡེབ་བགོད་རེ་འདུན་རྒྱུད་ཁོངས་ཁྲོད་ཀྱི་ཕྱི་གསོག་ཆ་ཤས་གཉིས་སུ་དབྱེ་སྟེ། ཡིག་ཆ་འཇོག་པའི་ཡིག་ཆ་ཁུལ་དང་གོ་བརྗེ་ལྡེབ་ངོས་འཇོག་པའི་གོ་བརྗེ་ཁུལ་གཉིས་ཡིན། ནམ་རྒྱུན། གོ་བརྗེ་ཁུལ་གྱི་རྒྱུན་མཐུད་བགོ་ཁུལ་གྱི་སྡུད་སྡེརI/Oའགྲོས་ཚད་ནི་ཡིག་ཆ་ཁུལ་ལས་མཐོ། འདི་ལྟར། ལྡེབ་ཆད་རེ་འདུན་བྱུང་ཚེ། རྒྱུད་ཁོངས་ཀྱིས་གང་ནས་ལྡེབ་ཆད་ནང་གསོག་ཏུ་འདོན་འཇུག་བྱེད་པར། གཤམ་གསལ་གནས་ཚུལ་གསུམ་སུ་དབྱེ་ཆོག

(1)རྒྱུད་ཁོངས་སུ་འདེང་ངེས་ཀྱི་གོ་བརྗེ་ཁུལ་གྱི་བར་སྟོང་ཡོད་པ་སྟེ། སྐབས་འདིར་བཟོ་བཅོས་མི་བྱེད་པའི་ཡིག་ཆ་ཚང་མ་ཐད་ཀར་ཡིག་ཆ་ཁུལ་ནས་འདོན་འཇུག་བྱེད་པ་དང་། ལྡེབ་ངོས་འདི་དག་བརྗེ་འདོན་བྱེད་པའི་སྐབས་སུ། དེ་དག་བཟོ་བཅོས་བྱས་མེད་པས་དེ་དག་བསྐྱར་དུ་བརྗེ་འདོན་བྱེད་མི་དགོས། རྗེས་སུ་འདོན་འཇུག་བྱེད་པའི་སྐབས་སུ། སྔར་བཞིན་ཐད་ཀར་ཡིག་ཆ་ཁུལ་ནས་འདོན་འཇུག་བྱེད་མོད། འོན་ཀྱང་བཟོ་བཅོས་བྱེད་སྲིད་པའི་ཆ་ཤས་དེ་དག་ལ་མཚོན་ན། དེ་དག་བརྗེ་འདོན་བྱེད་པའི་སྐབས་སུ། གོ་བརྗེ་ཁུལ་དུ་འདོན་དགོས་པ་དང་། རྗེས་སུ་མཁོ་སྐབས་སླར་ཡང་གོ་བརྗེ་ཁུལ་ནས་འདོན་འཇུག་བྱེད་དོ།།

(3)UNIXབྱེད་སྟངས། འཕེལ་རིམ་དང་འབྲེལ་བའི་ཡིག་ཆ་ཚང་མ་ཡིག་ཆ་ཁུལ་དུ་བཞག་ཡོད་པས། འཁོར་སྐྱོད་བྱེད་མྱོང་མེད་པའི་ལྡེབ་ངོས་ཡིན་ཕྱིན། ཚང་མ་ཡིག་ཆ་ཁུལ་ནས་འདོན་འཇུག་བྱེད་དགོས། སྔོན་མ་འཁོར་སྐྱོད་བྱེད་མྱོང་ཡང་བརྗེ་འདོན་བྱས་པའི་ལྡེབ་ངོས་ལ་མཚོན་ན། གོ་བརྗེ་ཁུལ་དུ་བཞག་ཡོད་པས། ཐེངས་རྗེས་མར་འདོན་འཇུག་བྱེད་སྐབས། གོ་བརྗེ་ཁུལ་ནས་འདོན་འཇུག་བྱེད་དགོས། UNIXརྒྱུད་ཁོངས་ཀྱིས་ལྡེབ་ངོས་མཉམ་སྤྱོད་རུང་བས། འཕེལ་རིམ་ག་གེ་མོས་རེ་འདུན་བྱས་པའི་ལྡེབ་ངོས་ནི་ཕལ་ཆེར་འཕེལ་རིམ་གཞན་གྱིས་ནང་གསོག་ཏུ་འདོན་འཇུག་བྱས་ཟིན་ངེས། སྐབས་འདིར་གོ་བརྗེ་ཁུལ་ནས་འདོན་འཇུག་བྱེད་མི་དགོས།

3.ལྡེབ་ངོས་འདོན་འཇུག་བརྒྱུད་རིམ།

བྱ་རིམ་གྱིས་བཅར་འདྲི་བྱེད་དགོས་པའི་ལྡེབ་ངོས་ནང་གསོག་ཏུ་མེད་ཚེ། CPUརུ་ལྡེབ་ཆད་བར་གཅོད་གཏོང་ངེས། བར་གཅོད་སྒྲིག་གཅོད་བྱ་རིམ་གྱིས་སྔོན་ལCPUཡི་ཁོར་ཡུག་རང་སོར་འཇོག་པ་དང་། བར་གཅོད་རྒྱུ་རྐྱེན་དབྱེ་ཞིབ་བྱས་རྗེས་ལྡེབ་ཆད་བར་གཅོད་སྒྲིག་གཅོད་བྱ་རིམ་དུ་སྤོ་འཇུག་བྱེད། བྱ་རིམ་འདིས་ལྡེབ་རེའུ་འཚོལ་བ་བརྒྱུད་ནས། ལྡེབ་འདིའི་ཕྱི་གསོག་གི་དངོས་ལུགས་དུམ་བུ་ཐོབ་རྗེས། གལ་ཏེ་སྐབས་འདིར་ནང་གསོག་ཏུ་ལྡེབ་གསར་ཤོང་ཚེ། སྡུད་སྡེརI/Oའགོ་སློང་བྱས་ཏེ། ཆད་པའི་ལྡེབ་དེ་ནང་གསོག་ཏུ་འདོན་འཇུག་བྱེད་པ་དང་། དེ་ནས་ལྡེབ་རེའུ་བཟོ་བཅོས་བྱེད་དོ།།

8 ལྡེབ་ངོས་གོ་བརྗེ་བརྩི་ཐབས།

འཕེལ་རིམ་འཁོར་སྐྱོད་བྱ་རིམ་ཁྲོད་དུ། གལ་ཏེ་དེས་བཅར་འདྲི་བྱེད་པའི་ལྡེབ་ངོས་ནང་གསོག་ཏུ་གནས་མེད་པར་དེ་དག་ནང་གསོག་ཏུ་འདོན་འཇུག་བྱེད་དགོས་པ་དང་། ནང་གསོག་ཏུ་ཁོམ་པའི་བར་སྟོང་མེད་པའི་སྐབས་སུ། འཕེལ་རིམ་འདི་ཉིད་འཁོར་སྐྱོད་རྒྱུན་ལྡན་ཐུབ་པར་ཁག་ཐེག་བྱེད་ཆེད། རྒྱུད་ཁོངས་ཀྱིས་ངེས་པར་དུ་ནང་གསོག་ནས་ལྡེབ་གཅིག་བྱ་རིམ་མམ་ཡང་ན་གཞི་གྲངས་བཏོན་ནས་སྡུད་སྡེར་གྱི་གོ་བརྗེ་ཁུལ་གྱི་ཁྲོད་དུ་སྐྱེལ་དགོས། འོན་ཀྱང་ལྡེབ་ངོས་གང་ཞིགག་འདོན་དགོས་མིན་ལ ངེས་པར་དུ་བརྩི་ཐབས་ངེས་ཅན་ཞིག་ལ་བརྟེན་ནས་གཏན་འཁེལ་བྱེད་དགོས། ནམ་རྒྱུན། བརྗེ་འདོན་ལྡེབ་ངོས་འདེམས་པའི་བརྩི་ཐབས་ལ་ལྡེབ་ངོས་གོ་བརྗེ་བརྩི་ཐབས་ཟེར། གགོ་བརྗེ་བརྩི་ཐབས་ཀྱི་དགེ་སྐྱོན་གྱིས་ཐད་ཀར་རྒྱུད་ཁོངས་ཀྱི་གཤིས་ནུས་ལ་ཤུགས་རྐྱེན་ཐེབས་ངེས།

ལྡེབ་ངོས་གོ་བརྗེ་བརྩི་ཐབས་ཀྱི་དགེ་མཚན་ནི། ལྡེབ་ངོས་བརྗེ་བའི་ཟློས་ཕྱོད་ཅུང་དམའ་དགོས་པ་དེ་ཡིན། གཞུང་ལུགས་ཀྱི་ངོས་ནས་བཤད་ན། རྗེས་སུ་བཅར་འདྲི་མི་བྱེད་པའི་ལྡེབ་ངོས་དེ་དག་བརྗེ་འདོན་བྱེད་པའམ་ཡང་ན་དུས་ཡུན་རིང་པོའི་ནང་དུ་བཅར་འདྲི་མི་བྱེད་པའི་ལྡེབ་ངོས་དེ་དག་བརྗེ་འདོན་བྱེད་དགོས། མིག་སྔར་གོ་བརྗེ་བརྩི་ཐབས་མང་པོ་ཡོད་པ་དང་། དེ་དག་ཚང་མས་གཞུང་ལུགས་ཀྱི་དམིགས་འབེན་ལ་བཅར་གང་ཐུབ་བྱེད་ཀྱི་ཡོད།

8_1 ཆེས་ལེགས་པའི་གོ་བརྗེ་བརྩི་ཐབས་དང་སྔོན་འཛུལ་སྔོན་འདོན་གྱི་གོ་བརྗེ་བརྩི་ཐབས།

ཆེས་ལེགས་པའི་གོ་བརྗེ་བརྩི་ཐབས་ནི་ཕུགས་རེ་ཅན་གྱི་བརྩི་ཐབས་ཀྱི་རིགས་ཤིག་ཡིན། དེར་ཆེས་ལེགས་པའི་གཤིས་ནུས་ལྡན་ཡོད། འོན་ཀྱང་དོན་དངོས་ཐོག་མངོན་འགྱུར་བྱེད་དཀའ། སྔོན་འཛུལ་སྔོན་འདོན་གྱི་གོ་བརྗེ་བརྩི་ཐབས་ནི་ཆེས་ཐད་མཐོང་གི་བརྩི་ཐབས་ཤིག་རེད། དེ་ནི་གཤིས་ནུས་ཆེས་ཞན་པའི་བརྩི་ཐབས་ཡིན་པའི་རྐྱེན་གྱིས། དོན་དངོས་ཐོག་ཉེར་སྤྱོད་བྱེད་པ་ཧ་ཅང་ཉུང་།

1.ཆེས་ལེགས་གོ་བརྗེ་བརྩི་ཐབས།

ཆེས་ལེགས་གོ་བརྗེ་བརྩི་ཐབས་ནིDeladyཡིས1966ལོར་བཏོན་པའི་གཞུང་ལུགས་ཐོག་གི་བརྩི་ཐབས་རིགས་ཤིག་རེད། དེས་བདམས་པའི་འདོར་ལེན་བྱས་པའི་ལྡེབ་ངོས་ནི་རྗེས་སུ་གཏན་ནས་བེད་མི་སྤྱོད་པའམ་ཡང་ན་ཆེས་རིང་བའི་དུས་ཚོད་ནང་བཅར་འདྲི་མི་བྱེད་པའི་ལྡེབ་ངོས་རེད། ཆེས་ལེགས་གོ་བརྗེ་བརྩི་ཐབས་སྤྱད་ན། ནམ་རྒྱུན་ཆེས་དམའ་བའི་ལྡེབ་ཆད་ཕྱོད་ཐོབ་པར་ཁག་ཐེག་བྱེད་ཐུབ། འོན་ཏེ་མི་རྣམས་ཀྱིས་མིག་སྔར་འཕེལ་རིམ་ཞིག་གི་ནང་གསོག་གི་ལྡེབ་ངོས་འགའ་རེའི་ཁྲོད་དུ། ལྡེབ་ངོས་གང་ཞིག་ནི་འབྱུང་འགྱུར་གྱི་དུས་ཚོད་ཆེས་རིང་པོའི་ནང་བཅར་འདྲི་མི་བྱེད་པ་ལ་སྔོན་དཔག་བྱེད་ཐབས་བྲལ་བས། བརྩི་ཐབས་འདི་ནི་མངོན་འགྱུར་བྱ་ཐབས་མེད། འོན་ཀྱང་བརྩི་ཐབས་འདི་སྤྱད་དེ་བརྩི་ཐབས་གཞན་དག་ལ་གདེང་འཇོག་བྱེད་ཆོག

2.སྔོན་འཛུལ་སྔོན་འདོན་གྱི་ལྡེབ་ངོས་གོ་བརྗེ་བརྩི་ཐབས།

འདི་ནི་བྱུང་བ་ཆེས་སྔ་བའི་གོ་བརྗེ་བརྩི་ཐབས་ཤིག་རེད། བརྩི་ཐབས་འདིས་རྟག་པར་ཆེས་སྔོན་མར་ནང་གསོག་ཏུ་འཛུལ་བའི་ལྡེབ་ངོས་འདོར་ལེན་བྱེད་པ་དང་། དེ་ཡང་ནང་གསོག་ཏུ་བཅའ་བཞག་དུས་ཚོད་ཆེས་རིང་བའི་ལྡེབ་ངོས་འདོར་ལེན་བྱེད་ཅིང་། སྟབས་བདེ་སྒོས་མངོན་འགྱུར་བྱ་ཐུབ་པ་ཡིན། འཕེལ་རིམ་གཅིག་ནང་གསོག་གི་ལྡེབ་ངོས་སུ་འདོན་འཇུག་བྱེད་དགོས་པ་དང་། སྔོན་གཞུག་གི་རིམ་པས་རུ་སྟར་གཅིག་ཏུ་སྦྲེལ་མཐུད་བྱེད་པ་མ་ཟད། སྟོན་ཁབ་གཅིག་སྒྲིག་འགོད་བྱེད་པས་ན། དེ་ལ་ཚབ་བརྗེ་སྟོན་ཁབ་ཞེས་ཀྱང་ཟེར། རྒྱུན་དུ་ཆེས་རྒན་པའི་ལྡེབ་ངོས་སུ་སྟོན་པ་དང་། འོན་ཀྱང་བརྩི་ཐབས་དང་འཕེལ་རིམ་དོན་དངོས་འཁོར་སྐྱོད་ཀྱི་ཆོས་ཉིད་ཕན་ཚུན་འོས་འཚམ་ཡིན། འཕེལ་རིམ་ཁྲོད་དུ་ལྡེབ་ངོས་ཁ་ཤས་ལ་རྟག་པར་བཅར་འདྲི་བྱེད་ཀྱི་ཡོད། དཔེར་ན། ཡོངས་ཁྱབ་འགྱུར་ཚད། རྒྱུན་སྤྱོད་རྟེན་འབྱུང་གྲངས། འཆར་ལྡན་བྱ་རིམ་ལ་གཏོགས་པ་སོགས་ཀྱི་ལྡེབ་ངོས་དང་། FIFOབརྩི་ཐབས་ཀྱིས་ལྡེབ་ངོས་འདི་དག་འདོར་ལེན་མི་བྱེད་པར་ཁག་ཐེག་བྱེད་མི་ཐུབ་བོ།།

8_2 ཆེས་ཉེ་ཆེས་རིང་གི་བེད་མེད་གོ་བརྗེ་བརྩི་ཐབས།

1.LRUགོ་བརྗེ་བརྩི་ཐབས་ཀྱི་ཞིབ་བརྗོད།

FIFOགོ་བརྗེ་བརྩི་ཐབས་ཀྱི་གཤིས་ནུས་ཅུང་ཞན་དོན་ནི། དེས་གཞི་འཛིན་སའི་ཆ་རྐྱེན་ནི་ལྡེབ་ངོས་ཁག་ནང་གསོག་ཏུ་འདོན་འཇུག་བྱེད་པའི་དུས་ཚོད་ཡིན་པ་དང་། ཡིན་ཡང་ལྡེབ་ངོས་སྔ་གཞུག་གིས་འདོན་འཇུག་བྱེད་པ་དེས་ལྡེབ་ངོས་ཀྱི་བེད་སྤྱོད་གནས་ཚུལ་མཚོན་མི་ཐུབ་པ་རེད། ཆེས་ཉེ་ཆེས་རིང་གི་བེད་མེད(LRU)ལྡེབ་ངོས་གོ་བརྗེ་བརྩི་ཐབས་ནི། ལྡེབ་ངོས་ནང་གསོག་ཏུ་འདོན་འཇུག་བྱས་རྗེས་ཀྱི་བེད་སྤྱོད་གནས་ཚུལ་ལ་བརྟེན་ནས་ཐབས་ཇུས་བཀོད་པ་རེད། ལྡེབ་ངོས་ཁག་གི་མ་འོངས་པའི་བེད་སྤྱོད་གནས་ཚུལ་ལ་སྔོན་དཔག་བྱ་ཐབས་མེད་པས། ཆེས་ཉེ་བའི་དུས་འདས་སྤྱད་ནས་ཆེས་ཉེ་བའི་མ་འོངས་མ་ཉེ་མཚུངས་སུ་བྱེད་པ་རེད། དེར་བརྟེན། LRUགོ་བརྗེ་བརྩི་ཐབས་ནི་ཆེས་ཉེ་ཆེས་རིང་གི་བེད་མེད་ལྡེབ་ངོས་བདམས་ནས་འདོར་ལེན་བྱེད་པ་ཡིན། བརྩི་ཐབས་འདིས་ལྡེབ་ངོས་རེ་རེར་བཅར་འདྲི་ཡིག་དུམ་རེ་རེ་སྤྲད་ནས། ལྡེབ་ངོས་གཅིག་ཏུ་སྔོན་མ་བཅར་འདྲི་བྱས་ཚུན་ནས་བརྒྱུད་པའི་དུས་ཚོདtཟིན་འགོད་བྱེད་པར་སྤྱོད་པ་དང་། ལྡེབ་ངོས་གཅིག་འདོར་ལེན་བྱེད་དགོས་ཚེ། ད་ཡོད་ཀྱི་ལྡེབ་ངོས་ཁྲོད་དུtཐང་ཆེས་ཆེ་བ་ཞིག་བདམས་དགོས་ལ། ཆེས་ཉེ་ཆེས་རིང་གི་བེད་མེད་ལྡེབ་ངོས་འདོར་ལེན་བྱེད་པའོ།།

2. LRUགོ་བརྗེ་བརྩི་ཐབས་ཀྱི་སྲ་ཆས་རྒྱབ་སྐྱོར།

གོ་བརྗེ་བརྩི་ཐབས་ནི་ཅུང་ལེགས་པའི་བརྩི་ཐབས་ཤིག་ཡིན་རུང་། རྒྱུད་ཁོངས་སུ་རྒྱབ་སྐྱོར་སྲ་ཆས་ཅུང་མང་བ་དགོས་པའི་རེ་བ་བྱེད། འཕེལ་རིམ་ཞིག་གིས་ནང་གསོག་ཁྲོད་ཀྱི་ལྡེབ་ངོས་སོ་སོར་དུས་ཚོད་ཇི་ཙམ་ལ་བཅར་འདྲི་མི་བྱེད་པ་རྒྱུས་ལོན་དང་། ལྡེབ་གང་ནི་ཆེས་ཉེ་ཆེས་རིང་གི་བེད་མེད་ལྡེབ་ངོས་ཡིན་པ་ཇི་ལྟར་ཡིན་པ་མགྱོགས་པོར་ཤེས་ཆེད། ངེས་པར་དུ་བཅོལ་ཆས་སམ་ཡང་ན་དོས་ཁང་གི་སྲ་ཆས་རིགས་གཉིས་ལས་གཅིག་གི་རྒྱབ་སྐྱོར་དགོས་པ་རེད།

9 དུམ་བགོད་རེ་འདུན་གྱི་གསོག་འཇོག་དོ་དམ།

དུམ་བགོད་རེ་འདུན་གྱི་རྒྱུད་ཁོངས་སུ། བྱ་རིམ་འཁོར་སྐྱོད་མ་བྱས་གོང་ལ། སྔོན་ལ་དུམ་འབྱེད་འགའ་རེ་འདོན་འཇུག་བྱས་ན། འགོ་སློང་འཁོར་སྐྱོད་བྱེད་ཐུབ། བཅར་འདྲི་བྱེད་པའི་དུམ་ནང་གསོག་ཏུ་མེད་ཚེ། OSལ་རེ་འདུན་བྱས་ནས་ཆད་པའི་དུམ་དེ་ནང་གསོག་ཏུ་འདོན་འཇུག་བྱེད་ཆོག ལྡེབ་བགོད་རྒྱུད་ཁོངས་ཀྱི་རེ་འདུན་དང་འདྲ་བར། དུམ་བགོད་རེ་འདུན་གསོག་འཇོག་དོ་དམ་བྱེད་སྟངས་མངོན་འགྱུར་བྱེད་ཐུབ་ཆེད། སྲ་ཆས་ངེས་ཅན་གྱི་རྒྱབ་སྐྱོར་དང་དེར་བསྟུན་གྱི་མཉེན་ཆས་དགོས་པ་གཅིག་མཚུངས་པ་ཡིན།

9_1 དུམ་བགོད་རེ་འདུན་གྱི་གསོག་འཇོག་དོ་དམ།

ལྡེབ་བགོད་རེ་འདུན་རྒྱུད་ཁོངས་དང་འདྲ་བར། རྒྱུད་ཁོངས་སུ་སྲ་ཆས་སྒྲིག་གཞི་དུ་མ་སྡེབ་སྒྲིག་བྱས་ནས། དུམ་བགོད་རེ་འདུན་བྱེད་ནུས་མྱུར་དུ་ལེགས་འགྲུབ་བྱེད་པ་དང་། དུམ་བགོད་རེ་འདུན་དོ་དམ་ལ་མཁོ་བའི་སྲ་ཆས་རྒྱབ་སྐྱོར་རུ་དུམ་རེའུ་གྲུབ་ལུགས། དུམ་ཆད་བར་གཅོད་སྒྲིག་གཞི། དེ་མིན་ཤག་གནས་བརྗེ་བསྒྱུར་སྒྲིག་གཞི་བཅས་ཡོད་དོ།།

9_2 དུམ་བགོད་ཀྱི་མཉམ་སྤྱོད།

དུམ་བགོད་མཉམ་སྤྱོད་མངོན་འགྱུར་བྱེད་ཆེད། དེར་བསྟུན་གྱི་གཞི་གྲངས་གྲུབ་ཚུལ་དུམ་རེའུ་སྡེབ་སྒྲིག་བྱེད་དགོས་པ་དང་། དེ་མིན་མཉམ་སྤྱོད་དུམ་བུར་བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ལ་གོམ་གང་མདུན་སྤོས་ཀྱིས་ངོ་སྤྲོད་བྱ།

1.མཉམ་སྤྱོད་དུམ་རེའུ།

དུམ་བགོད་མཉམ་སྤྱོད་མངོན་འགྱུར་ཡོང་ཆེད། རྒྱུད་ཁོངས་སུ་མཉམ་སྤྱོད་དུམ་རེའུ་གཅིག་སྡེབ་སྒྲིག་བྱེད་ཆོག་པ་དང་། མཉམ་སྤྱོད་དུམ་ཁག་ཚང་མས་མཉམ་སྤྱོད་དུམ་རེའུ་ཁྲོད་དུ་རེའུ་མིག་རྣམ་གྲངས་རེ་བཟུང་ཡོད། རེའུ་མིག་རྣམ་གྲངས་ཁྲོད་དུ་མཉམ་སྤྱོད་དུམ་གྱི་དུམ་རྟགས། དུམ་ཚད། ནང་གསོག་གི་ཐོག་མའི་ཤག་གནས། ཡོད་གནས་སོགས་ཀྱི་བརྡ་འཕྲིན་ཟིན་འགོད་བྱས་ཡོད། མ་ཟད་དུམ་བགོད་འདི་མཉམ་སྤྱོད་བྱེད་པའི་འཕེལ་རིམ་སོ་སོའི་གནས་ཚུལ་ཟིན་འགོད་བྱས་ཡོད། 

2.མཉམ་སྤྱོད་དུམ་གྱི་བགོ་བཤའ་དང་ཕྱིར་སྡུད།

(1)མཉམ་སྤྱོད་དུམ་གྱི་བགོ་བཤའ།

མཉམ་སྤྱོད་དུམ་ནི་འཕེལ་རིམ་དུ་མར་མཉམ་སྤྱོད་དུ་མཁོ་སྤྲོད་བྱས་པས། མཉམ་སྤྱོད་དུམ་གྱི་ནང་གསོག་བགོ་བཤའ་བྱེད་སྟངས་དང་མཉམ་སྤྱོད་མིན་པའི་དུམ་གྱི་ནང་གསོག་བགོ་བཤའ་བྱེད་སྟངས་མི་འདྲ། མཉམ་སྤྱོད་དུམ་ལ་ནང་གསོག་བགོ་བཤའ་བྱེད་སྐབས། མཉམ་སྤྱོད་དུམ་འདི་སྤྱོད་པའི་རེ་འདུན་དང་པོ་ནི། རྒྱུད་ཁོངས་ཀྱིས་མཉམ་སྤྱོད་དུམ་འདིར་དངོས་ལུགས་ཁུལ་གཅིག་བགོ་བཤའ་བྱེད་པ་དང་། མཉམ་སྤྱོད་དུམ་དེ་ཁུལ་འདིར་འདོན་འཇུག་བྱེད་པ་དང་སྦྲགས། ཁུལ་འདིའི་ཐོག་མའི་ཤག་གནས་དེ་འཕེལ་རིམ་རེ་འདུན་གྱི་དུམ་རེའུ་ཡི་ལྟོས་ཟློས་རྣམ་གྲངས་ཁྲོད་དུ་ཁ་སྐོང་བ་དང་། ད་དུང་མཉམ་སྤྱོད་དུམ་རེའུ་ཁྲོད་དུ་རེའུ་མིག་རྣམ་གྲངས་གཅིག་ཁ་སྣོན་དང་། འབྲེལ་ཡོད་ཀྱི་གཞི་གྲངས་སྐོང་འབྲི་བྱེད་དགོས། countདེ1རུ་བཞག་རྗེས། འཕེལ་རིམ་གཞན་དག་གིས་མཉམ་སྤྱོད་དུམ་འདི་འདོན་སྤྱོད་བྱེད་དགོས་པའི་སྐབས། མཉམ་སྤྱོད་དུམ་འདི་ནང་གསོག་ཏུ་འདོན་འཇུག་བྱས་ཟིན་པས། སྐབས་དེར་དུམ་འདིར་ནང་གསོག་བགོ་བཤའ་བྱེད་མི་དགོས་པར། འཕེལ་རིམ་འདོན་སྤྱོད་འདོན་སྤྱོད་ཀྱི་དུམ་རེའུ་ཁྲོད་དུ་རེའུ་མིག་རྣམ་གྲངས་གཅིག་ཁ་སྣོན་བྱས་ཏེ། མཉམ་སྤྱོད་དུམ་འདིའི་དངོས་ལུགས་ཤག་གནས་ཁ་སྐོང་བྱེད་པའོ།། མཉམ་སྤྱོད་དུམ་གྱི་དུམ་རེའུ་ཁྲོད་དུ། འདོན་སྤྱོད་འཕེལ་རིམ་གྱི་འཕེལ་རིམ་མིང་དང་། གསོག་ལེན་ཚོད་འཛིན་སོགས་ཁ་སྐོང་བྱས་ནས། count:=count+1ཡི་བཀོལ་སྤྱོད་ལག་བསྟར་བྱས་ན། འཕེལ་རིམ་གཉིས་ཀྱི་དུམ་འདི་མཉམ་སྤྱོད་བྱེད་པ་མཚོན།

(2)མཉམ་སྤྱོད་དུམ་གྱི་ཕྱིར་སྡུད།

དུམ་འདི་མཉམ་སྤྱོད་བྱེད་པའི་འཕེལ་རིམ་ག་གེ་མོར་དུམ་འདི་དགོས་མཁོ་མེད་ན། དུམ་འདི་ཕྱིར་གཏོང་བྱེད་དགོས་ཏེ། འཕེལ་རིམ་འདིའི་དུམ་རེའུ་ཁྲོད་ཀྱི་མཉམ་སྤྱོད་དུམ་གྱི་ལྟོས་ཟློས་རེའུ་མིག་རྣམ་གྲངས་འཐེན་པ་ཚུད་ཡོད་པ་ལས་གཞན count:=count-1བཀོལ་སྤྱོད་ལག་བསྟར་བྱེད་པའོ།། གལ་ཏེ་མཇུག་འབྲས་ནི0ཡིན་ན། རྒྱུད་ཁོངས་ཀྱིས་མཉམ་སྤྱོད་དུམ་འདིའི་དངོས་ལུགས་ནང་གསོག་ཕྱིར་སྡུད་བྱེད་དགོས་པ་དང་། མཉམ་སྤྱོད་དུམ་རེའུ་ཁྲོད་དུ་དུམ་འདིས་དེར་བསྟུན་གྱི་རེའུ་མིག་རྣམ་གྲངས་འདོར་བར་བྱེད་དོ།། སྐབས་དེར་འཕེལ་རིམ་གྱིས་དུམ་འདི་སྤྱད་མེད་པ་མཚོན། དེ་མིན་འདོན་སྤྱོད་མཁན་གྱི་འཕེལ་རིམ་དེས་མཉམ་སྤྱོད་རེའུ་མིག་ཁྲོད་ཀྱི་འབྲེལ་ཡོད་ཟིན་འགོད་འདོར་བ་ཁོ་ནའོ།།


བརྡ་འགྲེལ་གདོང་འཛར།

ལག་རྩལ། མཉེན་ཆས། བཀོལ་སྤྱོད་མ་ལག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-29

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།