རྫས་རང་བཞིན་བརྗོད་པའི་རྒྱན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྫས་རང་བཞིན་བརྗོད་པའི་རྒྱན།
རང་བཞིན་བརྗོད་པའི་རྒྱན་གྱི་ནང་གསེས་བཞི་པ་རྫས་རང་བཞིན་བརྗོད་པའི་རྒྱན་ནི་ཁྱད་གཞི་གང་གི་ངོ་བོ་དང་ནུས་པ་གང་ཡང་མི་སྟོན་པར་ཁྱད་གཞི་གང་དང་འབྲེལ་བའི་རྫས་ཀྱི་དངོས་པོ་ཙམ་སྟོན་པ་ཞིག་གོ །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
属品直叙修饰法
1 གོ་དོན།

རྫས་ཀྱི་དངོས་པོ་དྲང་པོར་བརྗོད།།

རྫས་བརྗོད་རང་བཞིན་རྒྱན་ཞེས་བྱ།།

ཁྱད་གཞི་གང་གི་ངོ་བོ་དང་ནུས་པ་གང་ཡང་མི་སྟོན་པར་ཁྱད་གཞི་གང་དང་འབྲེལ་བའི་རྫས་ཀྱི་དངོས་པོ་ཙམ་སྟོན་པ་ཞིག་གོ །

2 རྩ་བའི་དཔེར་བརྗོད།

དེའི་མཚན་གཞི་དཔེར་བརྗོད་རྩ་བ་ལས་གསུངས་པ།

མགྲིན་སྔོན་ལག་ན་ཐོད་པ་ནི།།

གནས་པ་ཟླ་བའི་ཅོད་པན་དང་།།

སྣུམ་ཞིང་དམར་བའི་རལ་བ་ཅན།།

ཁྱུ་མཆོག་རྒྱལ་མཚན་འཁྲུངས་པར་འགྱུར།།(གསལ་བར་འགྱུར)

ཅེས་པ་སྟེ། གོ་དོན་ནི། གང་གི་མགྲིན་པ་ནི་དུག་གིས་སྔོན་པོར་གྱུར་པ་དང་། ལག་པ་ན་དུར་ཁྲོད་ཀྱི་ཐོད་པ་གནས་པ་སྟེ་ཐོགས་ཤིང་། རལ་བའི་རྩེར་ཟླ་བའི་ཅོད་པན་འཆང་བ་དང་། སྣུམ་ཞིང་ཁ་དོག་དམར་བའི་མདངས་དང་ལྡན་པའི་རལ་བ་ཅན། ཁྱུ་མཆོག་གི་མགོ་བོའི་ཏོག་ཡོད་པའི་རྒྱལ་མཚན་འཆང་བས་ན་ཁྱུ་མཆོག་རྒྱལ་མཚན་ཅན་དེ་ཉིད་འཁྲུངས་པ་སྟེ་བྱུང་བར་འགྱུར་ཏོ།།  ཞེས་ཁྱད་གཞི་དབང་ཕྱུག་དང་། ཁྱད་ཆོས་དེའི་ལག་ན་ཡོད་པའི་ཐོད་པ་སོགས་རྫས་ཀྱི་དངོས་པོ་ཙམ་ཞིག་བརྗོད་པ་ལྟ་བུའོ།།  

3 རྣམ་གསལ་གྱི་དཔེར་བརྗོད།

བོད་མཁས་པས།

ལྷ་ཡི་གོས་བཀླུབས་གསེར་གྱི་འོག་པག་འཕྱང་།།

ནོར་བུའི་ཅོད་པན་འོད་འབར་ཟུར་པག་འཕྱང་།།

སྙན་གོང་ཨཏྤལ་རིན་ཆེན་ཀ་རྞི་ཀཿ།།

ཟླ་ཤེལ་རྒྱུད་མངས་སྒྲེང་མཁས་དབྱངས་ཅན་མ།།

                                                   ཞེས་པ་ལྟ་བུ།།

དུང་དཀར་བས།

སྐར་མ་ཟུར་ལྔས་རབ་མཛེས་ཅོད་པན་འཆིང་།།

ས་ཁམས་མདངས་འཛིན་བརྗིད་ཆགས་ཆས་ཀྱིས་བཀླུབས།།

རང་འགུལ་མེ་ལྕེའི་འཕྲུལ་མདའ་ལག་གཉིས་སུ།།

བཟུང་ནས་མེས་རྒྱལ་སྲུང་མཁས་བཅིངས་འགྲོལ་དམག །

                                                      ཅེས་པ་ལྟ་བུའོ།།

རྒྱལ་དབང་ལྔ་བས།

ཡིད་འོང་རྣམ་པར་བལྟ་རྒྱལ་བའི་ཁང་བཟང་ན།།

ཕྱོགས་ཀུན་བལྟ་བའི་འདྲེན་བྱེད་སྟོང་གཡོ་ཞིང་།།

ཞོ་འཐུང་རུས་པའི་རྩེ་བརྒྱ་སྙིམ་པ་ན།།

འཛིན་མཁས་གྲགས་པའི་མུ་ཁྱུད་ལྷ་ཡི་མགོན།།

ཞེས་ལྷའི་རྣམ་པར་རྒྱལ་བའི་ཁང་བཟང་ན་གནས་པ་དང་། མིག་སྟོང་དང་ལྡན་པ་དང་། རྡོ་རྗེ་རྩེ་བརྒྱ་བ་ལག་ཏུ་འཛིན་པ་ནི་ལྷ་ཡི་མགོན་ཞེས་རྫས་ཁྱད་པར་ཅན་འདི་དག་གིས་ཁྱད་གཞི་བརྒྱ་བྱིན་གསལ་བར་སྟོན་པ་ལྟ་བུའོ།། ཞོ་འཐུང་རུས་པ་ཞེས་པ་ནི། སྔོན་དྲང་སྲོང་པྲ་ཏི་ཙི་ཞེས་བྱ་བའི་བུ་ཞོ་འཐུང་ཞེས་པ་ལོ་བྱེ་བ་ཕྲག་བདུན་གྱི་བར་དུ་དཀའ་ཐུང་ལ་གནས་པའི་དྲང་སྲོང་ཞིག་ཡོད་པ་དེའི་རུས་པ་བླངས་ནས་མཚོན་ཆ་བྱེད་ན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ལོ།། ཞེས་ལྷ་རྣམས་ཀྱིས་ཐོས་པས། ལྷ་རྣམས་ཀྱིས་དྲང་སྲོང་ཞོ་འཐུང་ལ་གསོལ་བ་བཏབ་པས། དྲང་སྲོང་གིས་རང་གི་ལུས་ཀྱི་ཤ་ལྷགས་པར་བྱས་ཏེ། རུས་པ་ལྷ་རྣམས་ལ་བྱིན། ལྷ་རྣམས་ཀྱིས་དྲང་སྲོང་གི་རྩིབ་ལོགས་ཀྱི་རུས་པ་ལ་རྡོ་བྱས་ཏེ་བརྒྱ་བྱིན་གྱིས་ཁྱེར། བྱིན་པའི་རུས་པ་ལ་དབྱུག་པ་བྱས་ཏེ་དབང་ཕྱུག་གིས་ཁྱེར་བར་རིག་བྱེད་ཀྱི་གཏམ་རྒྱུད་ལས་གྲགས་སོ།།

བོད་མཁས་པས།

ཤེས་རབ་རལ་གྲི་འབར་བའི་མཚོན་འཕྱར་ཞིང་།།

ཨུཏྤལ་ལྟེ་བར་སྙོམས་ཞུགས་གླེགས་བར་འཆང་།།

མཐིང་སྔོན་ཟུར་ཕུད་ལྔ་བཅིངས་རིན་པོ་ཆེའི།།

རྒྱན་ལྡན་བརྟན་པའི་འཁོར་ལོ་ཞིང་འདིའི་དཔལ།།

ཞེས་ཤེས་རབ་ཀྱི་རལ་གྲི་འཕྱར་ཞིང་གླེགས་བམ་འཆང་བ་ཞེས་རྫས་ཀྱི་ཁྱད་ཆོས་བྱེ་བྲག་པ་གསལ་བོར་བརྗོད་པ་ལས། ཁྱད་གཞི་བརྟན་པའི་འཁོར་ལོ་སྟེ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་རང་བཞིན་གསལ་བར་བསྟན་བ་ལྟ་བུའོ།། 

བསེ་ཚང་བས།

མཐོན་མཐིང་རལ་བའི་ལན་བུ་རླུང་གིས་སྐྱོད།།

བཅུ་དྲུག་གཞོན་ནུའི་སྒེག་འཆང་ལུས་ཕྲའི་གཟུགས།།

འཇམ་མཉེན་ཕྱག་སོར་རྩེ་ན་ཏམ་བུ་རས།།

སྙན་པའི་དབྱངས་འཁྲོལ་ཚངས་སྲས་ངག་གི་ལྷ།།

                                              ཞེས་པ་ལྟ་བུའོ།།


བརྡ་འགྲེལ་གདོང་འཛར།

རྩོམ་རིག རྩོམ་རིག་གཞུང་ལུགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-25

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།