ཡོན་ཏན་རང་བཞིན་བརྗོད་པའི་རྒྱན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡོན་ཏན་རང་བཞིན་བརྗོད་པའི་རྒྱན།
རང་བཞིན་བརྗོད་པའི་རྒྱན་གྱི་ནང་གསེས་གསུམ་པ་ཡོན་ཏན་རང་བཞིན་བརྗོད་པའི་རྒྱན་ནི་ཁྱད་གཞི་གང་ལ་བརྟེན་ནས་བྱུང་བའི་ཡོན་ཏན་ནམ་ཁྱད་ཆོས་གཙོ་བོར་བརྗོད་པ་ཞིག་གོ །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
功能直叙修饰法
1 གོ་དོན།

ཡོན་ཏན་གཙོར་སྟོན་དྲང་པོའི་ངག །

ཡོན་ཏན་རང་བཞིན་བརྗོད་ཅེས་བྱ།།

ཁྱད་གཞི་གང་ལ་བརྟེན་ནས་བྱུང་བའི་ཡོན་ཏན་ནམ་ཁྱད་ཆོས་གཙོ་བོར་བརྗོད་པ། དཔེར་ན། ཉི་འོད་ཕོག་པ་ལས་མེ་ཏོག་འདབ་མ་ཁ་ཕྱེ་བ་དང་། ཚེར་མ་ཟུག་པ་ལས་ན་ཟུག་བསྐྱེད་པར་སྟོན་པ་ལྟ་བུ་ཞིག་ལ་ཡོན་ཏན་རང་བཞིན་བརྗོད་པའི་རྒྱན་ཞེས་བྱ་བ་ཡིན།

2  རྩ་བའི་དཔེར་བརྗོད།

དེའི་མཚན་གཞི་དཔེར་བརྗོད་རྩ་བ་ལས་གསུངས་པ།

དགའ་མ་ཡིས་ནི་རེག་པ་འདིས།།

ལུས་ལ་སྤུ་ལོང་རྒྱས་པ་དང་།།

ཡིད་ནི་བདེ་བར་བྱེད་པ་དང་།།

མིག་དག་ཟུམ་པར་བྱེད་ཅིང་འཇུག །

ཅེས་པ་སྟེ། དགའ་མ་སྟེ་ཡིད་དུ་འོང་བའི་བུད་མེད་ལ་རེག་པ་འདིས་འཁྱུད་པ་པོའི་ལུས་ལ་ཆགས་པའི་སྤུ་ལོང་རྒྱས་པ་དང་། ཡིད་ནི་ཚོར་བ་བདེ་བས་སིམ་པར་བྱེད་པ་དང་། ཆགས་པའི་མྱོས་པའི་མིག་དག་ཀྱང་ཟུམ་པར་བྱེད་ཅིང་འཇུག་གོ ། ཞེས་དགའ་མའི་ལུས་ཀྱི་རེག་བྱའི་ཡོན་ཏན་ཁྱད་གཞི། ཁྱད་ཆོས་ཆགས་པའི་སྤུ་ལོང་རྒྱས་པ་དང་། ཡིད་བདེ་བར་བྱེད་པ། མིག་ཟུམ་པར་བྱེད་པ་སོགས་གནས་སྐབས་ཀྱི་ཡོན་ཏན་སྣ་ཚོགས་དངོས་སུ་དྲང་པོར་བརྗོད་པ་ལྟ་བུ་ཡིན། སྐབས་འདིར་ཡོན་ཏན་ཞེས་པ་སྐྱོན་དང་ཡོན་ཏན་གཉིས་སུ་ཕྱེ་བའི་ཡོན་ཏན་དང་། འདོད་པའི་ཡོན་ཏན་ལྔ་ཙམ་ལ་བྱས་ན་ཁྱབ་ཆུང་ཞིང་། འགའ་ཞིག་ཆུ་བོ་ཐུར་དུ་འབབ་པ་དང་། མེ་གྱེན་དུ་འབར་བ་སོགས་དངོས་པོའི་གཤིས་ལུགས་ལ་ངོས་འཛིན་པ་ཡོད་ཀྱང་། དེ་ལྟར་ན། རིགས་ཀྱི་རང་བཞིན་བརྗོད་པའི་རྒྱན་དང་དབྱེ་བ་འབྱེད་མི་ཐུབ་པར་སྣང་བས། དེས་ན་རང་ལུགས་ལ་དངོས་པོ་དེའི་བྱེད་ལས་སམ་ནུས་པ་དྲང་པོར་སྟོན་པ་ཞིག་ལ་ཡོན་ཏན་རང་བཞིན་བརྗོད་པའི་རྒྱན་དང་། དངོས་པོ་དེའི་རང་བཞིན་དང་གཤིས་ལུགས་དྲང་པོར་བརྗོད་པ་ལ་རིགས་ཀྱི་རང་བཞིན་བརྗོད་པའི་རྒྱན་དུ་བཞག་ན་ལེགས་སོ།།    

3  རྣམ་གསལ་གྱི་དཔེར་བརྗོད།

རེབ་ཙ་བཀའ་འགྱུར་བ་དམ་ཆོས་ཡར་འཕེལ་གྱིས།

གང་གིས་ལེགས་གསུངས་དམ་པའི་ཆོས་ཀྱི་ཚུལ།།

ཇི་བཞིན་ཉམས་སུ་བསྟར་བས་མངོན་མཐོ་དང་།།

ངེས་ལེགས་ཐར་པ་བླ་ན་མེད་པའི་བདེ།།

མ་ལུས་ཇི་ལྟར་གསུང་བཞིན་ལྷུན་གྱིས་གྲུབ།།

                                               ཞེས་པ་ལྟ་བུ།

དུང་དཀར་བས།

མཁྲིག་མའི་གདུ་བུར་རབ་མཛེས་འཕྲུལ་འཁོར་ལས།།

མྱུར་མགྱོགས་དབུགས་ཀྱི་སྐར་ཆ་འདས་པའི་སྒྲ།།

རྣ་བར་ལྷུང་བས་དུས་ཚོད་སྐད་ཅིག་ཀྱང་།།

དོན་མེད་སྡོད་པར་ཕངས་པའི་སྣང་བ་ཤར།།

                                                ཞེས་པ་ལྟ་བུའོ།།

རྒྱལ་དབང་ལྔ་བས།

འཇམ་ཞིང་མཉེན་པའི་ཆུ་སྐྱེས་གདན་ལ་གནས།།

འཆི་མེད་བདུད་རྩིའི་བཏུང་བས་རབ་ཏུ་ངོམས།།

ཐིག་ལེའི་དཔྱིད་གྱུར་སྒེག་མོར་འདྲེན་བྱེད་ནི།།

བཅུ་གཉིས་དག་གིས་བལྟ་བའི་གསེར་མངལ་ཅན།།

ཞེས་ཁྱབ་འཇུག་གི་ལྟོ་བར་པདྨ་ཡོད་པ་དེ་ལས་སྐྱེས་པ་སྟེ། པདྨའི་གདན་ཤིན་ཏུ་འཇམ་པ་ལ་གནས་པ་དང་། འཆི་བ་མེད་པའི་ལྷའི་བདུད་རྩི་བཏུངས་པས་རབ་ཏུ་ངོམས་པའམ་ཚིམས་པའི(པདྨའི་གདན་ཅན་ནམ)ལྷ་ཚངས་པ་ལྷའི་བུ་མོ་ཐིག་ལེ་མཆོག་མ་ཞེས་བྱ་བ་ཤིན་ཏུ་མཛེས་མ་ཞིག་བྱུང་བ་དེ་ལ་ཆགས་པ་སྐྱེས་ནས། མིག་བཅུ་གཉིས་ཀྱིས་ཐིག་ལེ་མཆོག་མ་དེ་ལ་བལྟ་བའི་གསེར་མངལ་ཅན། ཞེས་ཡུལ་འདོད་པའི་ཡོན་ཏན་ལ། ཡུལ་ཅན་ཚངས་པས་ལོངས་སྤྱོད་པའི་བྱེད་ལས་ལ་སྦྱར་བའི་ཚིག་དེའི་རྐང་བ་དང་བོས་རེག་བྱ་དང་། གཉིས་པས་རོ། ཕྱི་མ་གཉིས་ཀྱིས་གཟུགས་ཀྱི་ཡོན་ཏན་བརྗོད་པ་སྟེ། སྨོན་འགྲོ་ཡབ་སྲས་ཀྱི་གསུང་རྒྱུན་ལྟར་ན། འདིར་འདོད་ཡོན་ལྔའི་ཡོན་ཏན་གང་རུང་ལ་སྦྱོར་དགོས་པར་གསུངས།

བོད་མཁས་པས།

རྒྱལ་བ་དེ་སྲས་སྨྲ་བ་ཡོངས་ཀྱི་ལྷ།།

འཇམ་པའི་དབྱངས་དེ་བསྙེན་པས་ཐོགས་མེད་ཀྱི།།

རྨོངས་པ་རབ་ཏུ་ཞི་ཞིང་བློ་ཡི་མཆོག།

ཐོབ་ནས་ཤེས་བྱ་ཀུན་ལ་འཇིགས་བྲལ་གྱུར།།

ཅེས་རྒྱལ་བའི་སྲས་པོ་སྨྲ་བའི་ལྷ་མཆོག་འཇམ་པའི་དབྱངས་དེ་བསྙེན་པའམ་ཐུགས་མཉེས་པར་བྱས་པ་ལས། རང་སེམས་ཀྱི་རྨོངས་པ་རབ་ཏུ་ཞི་ཞིང་། ཐོགས་པ་མེད་པའི་བློ་གྲོས་རབ་ཏུ་རྒྱས་ནས་ཤེས་བྱ་རིག་པའི་གནས་ཀུན་སྨྲ་བ་ལ་འཇིགས་པ་མེད་པའི་གདེང་ཐོབ་པར་གྱུར། ཅེས་བོད་མཁས་པས་སེམས་ཀྱི་རྨོངས་པ་ཞི་བ་དང་། བློ་གྲོས་རྒྱས་ནས་ཤེས་བྱ་ཀུན་ལ་མི་འཇིགས་པ་ཐོབ་པ་སོགས་འཇམ་དབྱངས་བསྙེན་པའམ་མཉེས་བའི་ཡོན་ཏན་དུ་སྦྱར་འདུག་པས་ཡོན་ཏན་གྱི་ཕྱོགས་གང་ལའང་སྦྱར་ཆོག

བསེ་ཚང་བས།

དབྱངས་ལྡན་ངག་དབང་ལྷ་མོའི་འཛུམ་དཀར་ཞལ།།

མཐོང་བས་བདག་བློའི་རྨོངས་པའི་གནས་ཀུན་ལ།།

རྒྱ་ཆེན་ལྔ་རིག་ཤེས་བྱའི་གནས་ཀུན་ལ།།

འཇིགས་མེད་སྨྲ་བའི་ངག་གི་དངོས་གྲུབ་ཐོབ།།

                                               ཅེས་པ་ལྟ་བུའོ།། 


བརྡ་འགྲེལ་གདོང་འཛར།

རྩོམ་རིག རྩོམ་རིག་གཞུང་ལུགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-25

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།