བྱ་བའི་རང་བཞིན་བརྗོད་པའི་རྒྱན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྱ་བའི་རང་བཞིན་བརྗོད་པའི་རྒྱན།
རང་བཞིན་བརྗོད་པའི་རྒྱན་གྱི་ནང་གསེས་གཉིས་པ་བྱ་བའི་རང་བཞིན་བརྗོད་པའི་རྒྱན་ནི་ཁྱད་གཞི་བྱེད་པ་པོ་དངོས་སུ་སྟོན་པའི་སྒོ་ནས་དེས་བྱ་བ་བཟང་ངན་གང་བྱས་པ་རྣམས་དྲང་པོར་བརྗོད་པ་ཞིག་གོ །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
动作直叙修饰法
1 གོ་དོན།

བྱ་བ་གཙོར་སྟོན་དྲང་པོའི་ངག །

བྱ་བའི་རང་བཞིན་བརྗོད་པར་འདོད།།

ཁྱད་གཞི་བྱེད་པ་པོ་དངོས་སུ་སྟོན་པའི་སྒོ་ནས་དེས་བྱ་བ་བཟང་ངན་གང་བྱས་པ་རྣམས་དྲང་པོར་བརྗོད་པ་ཞིག་ལ་བྱ་བའི་རང་བཞིན་བརྗོད་པའི་རྒྱན་ཞེས་བྱའོ། །


2 རྩ་བའི་དཔེར་བརྗོད།

དེའི་མཚན་གཞིའི་དཔེར་བརྗོད་རྩ་བ་ལས་གསུངས་པ།

མགྲིན་པའི་ནང་ནས་སྙན་སྒྲོགས་ཤིང་།།

མིག་ནི་ཀུན་ཏུ་འཁྲུལ་བ་ཡི།།

ཕུག་རོན་རྩེ་འདོད་དགའ་མ་ལ།།

ཡོངས་སུ་བསྐོར་ནས་མཆུ་དག་སྦྱོར།།

ཞེས་པ་སྟེ། གོ་དོན་ནི། གང་གི་མགྲིན་པའི་ནང་ནས་ཅུང་མི་གསལ་བའི་སྒྲ་སྙན་པོར་སྒྲོགས་ཤིང་ཆགས་པས་མྱོས་པའི་མིག་ནི་ཀུན་ཏུ་འཁྲུལ་ཞིང་གཡོ་བ་ཡི་ཕུག་རོན་ནི། རྩེ་ཞིང་དགའ་བར་འདོད་པས་རང་གི་དགའ་མ་ལ་ཡོངས་སུ་བསྐོར་ནས་ཕན་ཚུན་མཆུ་དག་སྦྱོར་བར་བྱེད་དོ།། ཞེས་པར། བྱེད་པ་པོ་ནི་ཕུག་རོན། བྱ་བ་ནི་མགྲིན་པའི་ནང་ནས་སྐད་མ་གསལ་བར་སྒྲོགས་པ་དང་། མིག་གཡོ་ཞིང་འཁྲུལ་བ། དགའ་མར་བསྐོར་ཏེ་མཆུ་སྦྱོར་བ་བཅས་སྟོན་པ་ལྟ་བུའོ།།  

3 རྣམ་གསལ་གྱི་དཔེར་བརྗོད།

དཔང་ལོས།

གྲངས་མེད་གསུམ་དུ་ཚོགས་བསགས་སྒྲིབ་པ་སྦྱངས།།

རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ།།

མངོན་སངས་རྒྱས་རྣམས་གདུལ་བྱ་འདུལ་བའི་ཕྱིར།།

འཇིག་རྟེན་ཁམས་འདིར་ཆོས་ཀྱི་འཁོར་ལོ་བསྐོར།།

                                                         ཞེས་པ་ལྟ་བུ།

དུང་དཀར་བས།

ཡིད་འོང་བཞིན་རས་འཛུམ་པའི་མདངས་ཕྱུང་ཞིང་།།

ལྡེམ་ལྡེམ་སོར་མོའི་འདེགས་འཇོག་སྒྱུར་བ་ལས།།

སྙན་འཇེབས་རྒྱུད་མངས་འཁྲོལ་མཁས་གར་མཁས་དེས།།

ཀུན་ཀྱང་མྱ་ངན་མེད་པའི་དཔལ་ལ་བཀོད།། 

                                                  ཞེས་པ་ལྟ་བུའོ།།

རྒྱལ་དབང་ལྔ་བས།

བརྟུན་པ་བསྐྱེད་དེ་མེ་སྐྱེས་ཡོངས་བསྒྲུབས་པས།།

ལེགས་པར་སྦྱར་བའི་གཙུག་ལག་རབ་རྟོགས་ཤིང་།།

གཞོན་ན་བེ་སྤྱོད་རེ་བ་སྐོང་བྱེད་པའི།།

དབང་ཕྱུག་གོ་ཆ་བློ་གསལ་དགའ་བ་སྐྱེད།།

ཅེས་སྔོན་རྒྱ་གར་དུ་བྲམ་ཟེ་དབང་ཕྱུག་གོ་ཆ་ཟེར་བ་ཞིག་ཡོད་པ་དེས་རྒྱལ་སྲས་གཞོན་ནུ་བདེ་སྤྱོད་ཀྱི་བཀའ་དང་དུ་བླངས་པའམ་རེ་བསྐང་ཕྱིར། མེ་སྐྱེས་ཏེ་ལྷ་དབང་ཕྱུག་གི་བུ་ཆུང་བ་སྨིན་དྲུག་བསྒྲུབས་ནས། སྒྲ་རིག་པ་ཤེས་པར་གསོལ་བ་བཏབ་པས། སྨིན་དྲུག་གིས་ཞལ་དངོས་སུ་བསྟན་ཏེ་སྒྲ་བསླབས་པས། བྲམ་ཟེ་དབང་ཕྱུག་གོ་ཆ་ཤིན་ཏུ་དགའ་བ་བསྐྱེད་པའི་ལོ་རྒྱུས་ལ་སྦྱར་ནས་གསུངས། ཚིག་འདིའི་ནང་བྱེད་པ་པོ་བྲམ་ཟེ་དང་། བྱ་ཡུལ་རྒྱལ་བོ་བདེ་སྤྱོད་ཀྱི་རེ་བ་བསྐང་ཕྱིར་དང་། བྱ་བའི་ཁྱད་ཆོས་བརྟུན་པ་བསྐྱེད། མེ་སྐྱེས་བསྒྲུབས། རབ་ཏུ་རྟོགས། དགའ་བ་སྐྱེད་སོགས་ཀྱི་བྱ་ཚིག་གསལ་བར་བརྗོད་པ་ལྟ་བུའོ།། (བརྟུན་པ་བསྐྱེད་པ་པ་ནི་བརྩོན་འགྲུས་བསྐྱེད་པའི་དོན་ནོ།།)

བོད་མཁས་པས།

ཡེ་ཤེས་ཆེན་པོས་སྲིད་ཞི་མཉམ་པར་གཟིགས།།

བརྩེ་བས་གདུལ་བྱ་འདལ་ལ་སྤྲོ་བས་དྲངས།།

གཞོམ་མེད་གསུང་གིས་རྣམ་གྲོལ་ལམ་སྟོན་པ།།

གདུལ་དཀའི་ཞིང་འདི་ཡོངས་བཟུང་ཤཱཀྱའི་ཏོག །

ཅེས་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། སྡུག་ཀུན་གཉིས་ཀྱིས་པའི་བསྡུས་སྲིད་པ་འཁོར་བ་དང་། འགོག་ལམ་གཉིས་ཀྱིས་བསྡུས་པའི་ཞི་བ་མྱང་འདས་ཀྱི་ལམ་རྣམས་བདེན་སྟོང་དུ་མཉམ་པར་གཟིགས་པའམ་རྟོགས་ཤིང་། བརྩེ་བ་ཆེན་པོ་ས་སྐལ་ལྡན་གྱི་འདུལ་བྱ་རྣམས་འདུལ་ཅིང་སྨིན་གྲོལ་གྱི་ལམ་བཟང་དུ་འགོད་པ་ལ་ཐུགས་སྤྲོ་བ་ཆེན་པོའི་གཞན་དབང་ཅན། གཞོམ་དུ་མེད་པའི་གསུང་གིས་འཁོར་བ་ལ་རྣམ་པར་གྲོལ་བའི་ལམ་སྟོན་པར་མཛད་པ་དང་། ལྟ་བ། ཉོན་མོངས། སེམས་ཅན། ཚེ། སྐལ་བ་སྙིགས་མ་སྟེ། སྙིགས་མ་ལྔ་ཆེས་ཆེར་བདོ་ཞིང་། འདུལ་བར་དཀའ་བའི་ཞིང་འདི་རྗེས་སུ་བཟུང་བའི་རྣམ་འདྲེན་ཤཱཀྱའི་ཏོག་ཅེས་ཚིག་འདིས། བྱེད་པ་པོ་གཙོ་བོ་བཅོམ་ལྡན་འདས་དང་། ཡེ་ཤེས་ཆེན་པོ། བརྩེ་བ། སྤྲོ་བ། གསུང་སོགས་བྱེད་པ་པོ་ཕལ་བ་དང་། སྲིད་ཞུ། ལམ། གདུལ་བྱ། འདུལ་དཀའ་བའི་ཞིང་སོགས་བྱ་ཡུལ། མཉམ་པར་གཟིགས། གདུལ་བྱ་འདུལ། དྲངས། ལམ་སྟོན་པ། ཡོངས་སུ་བཟུང་། སོགས་ཀྱི་བྱ་ཚིག་རྣམས་གསལ་བར་བརྗོད་ཅིང་འཁྱོག་ཚིག་དང་སྒྲོ་འདོགས་མ་འདྲེས་པར་དྲང་པོའི་ལམ་ནས་བྱ་བའི་རང་བཞིན་བརྗོད་པ་ལྟ་བུའོ།།

བསེ་ཚང་བས།

བརྩེ་ཆེན་ཐུགས་བསྐྱེད་བརྟན་པོས་ཉེར་བསྐུལ་ནས།།

ཆོས་ཀུན་རྣམ་པར་འབྱེད་པའི་ཤེས་རབ་མཆོག།

རྣམ་མང་འགྲོ་ལ་སྩོལ་མཛད་སྨྲ་བའི་ལྷ།།

ཟུར་ཕུད་ལྔ་བས་བདག་བློ་རྒྱས་པར་མཛོད།།

                                         ཞེས་པ་ལྟ་བུའོ།།



བརྡ་འགྲེལ་གདོང་འཛར།

རྩོམ་རིག རྩོམ་རིག་གཞུང་ལུགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-25

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།