རིགས་རང་བཞིན་བརྗོད་པའི་རྒྱན།

རིགས་སྤྱིའི་ཆོས་རྣམས་དྲང་པོར་བརྗོད།།
རིགས་ཀྱི་རང་བཞིན་བརྗོད་པར་འདོད།།
རིགས་མཐུན་གྱི་དངོས་པོ་སྤྱི་ལ་ཁྱབ་པའི་ཁྱད་ཆོས་འགའ་ཞིག་སྔོན་དུ་བཀོད་ནས། ཁྱད་ཆོས་དེ་ལྡན་གྱི་ཁྱད་གཞི་སྤྱི་ཙམ་ཞིག་དངོས་སུ་བརྗོད་པའི་ཤུགས་ལ་ཁྱད་གཞི་དེ་དང་མཚུངས་པའི་རིགས་ཅན་གཞན་ལ་ཡང་ཁྱད་ཆོས་དེ་དག་ཡོད་པར་གོ་ནུས་པ་ཞིག་སྟེ། དཔེར་ན། མེ་ལ་ཚ་བ་དང་། ཆུ་ལ་གཤེར་བ། ཤིང་ལ་ཡལ་ག་ལོ་འདབ་དང་ལྡན་པ་སོགས་དངོས་པོ་དེའི་ཆོས་ཉིད་དང་རང་བཞིན་གསལ་བོར་བརྗོད་པ་ལྟ་བུ།
དེའི་མཚན་གཞི་དཔེར་བརྗོད་རྩ་བ་ལས་གསུངས་པ།
མཆུ་ནི་དམར་ཞིང་གུག་པ་དང་།།
གཤོག་པ་ལྗང་ཞིང་མཉེན་པ་དང་།།
མགྲིན་པ་ཁ་དོག་གསུམ་ཕྲེང་ཅན།།
ནེ་ཙོ་འདི་དག་ཚིག་འཇམ་ལྡན།།
གང་གི་མཆུ་ནི་ཁ་དོག་དམར་ཞིང་དབྱིབས་གུག་པ་དང་། གཤོག་པ་ལྗང་ཞིང་འཇམ་ལ་མཉེན་པ་དང་། མགྲིན་པ་ན་དཀར་སྔོ་དམར་བའི་ཁ་དོག་གསུམ་གྱི་ཕྲེང་བ་ཅན་ནེ་ཙོ་འདི་དག་ཚིག་འཇམ་པོར་སྨྲ་བའི་སྒྲ་དང་ལྡན་པ་ཡིན་ནོ།། ཞེས་གོང་གསལ་གྱི་ཁྱད་ཆོས་དེ་དག་དང་ལྡན་པའི་རིགས་ནེ་ཙོ་ཞེས་པའི་སྒྲ་དང་། རིགས་ཅན་གྱི་སྒྲ་འདི་དག་ཅེས་དངོས་སུ་བརྗོད་དེ། ཚིག་འཇམ་ལྡན་ཞེས་ངོ་བོ་གསལ་བར་བརྗོད་པ་ལྟ་བུའོ།།
དངུལ་ཆུ་དྷརྨ་བྷ་དྲས།
ཕྱི་ནང་རིག་པའི་གནས་རྣམས་ཐུགས་སུ་ཆུད།།
སྡོམ་གསུམ་བསླབ་བྱར་ཉེས་ལྟུང་དྲི་མས་དག །
ཕྲ་རགས་མཛད་པ་བསྟན་དང་འགྲོ་ཕན་ཅན།།
མཚན་ལྡན་བླ་མའི་ཚོགས་རྣམས་སྤྱི་བོས་མཆོད།། ཅེས་པ་ལྟ་བུའམ།
ཡང་ན།
དུང་དཀར་བས།
ཕྱོགས་མཚམས་གངས་ཀྱི་ས་འཛིན་ཕྲེང་བས་བསྐོར།།
དུས་བཞིར་དྲོ་སྐྱིད་ལྡན་པའི་ཉི་འོད་གསལ།།
རྣམ་མང་རིན་ཆེན་གཏེར་བརྒྱས་ཡོངས་ཕྱུག་པའི།།
བོད་ལྗོངས་ནོར་འཛིན་འཛམ་གླིང་སྤྱི་བོའི་རྒྱན།། ཞེས་པ་ལྟ་བུའོ།།
རྒྱལ་དབང་ལྔ་བས།
དམར་སེར་ཐུན་མཚམས་གསར་བའི་མདངས་གསལ་ཞིང་།།
ན་ཚོད་བཅུ་དྲུག་བགྲང་བྱའི་དཔལ་ལྡན་པ་།།
མཐོན་མཐིང་རལ་བའི་ཟུར་ཕུད་ལྔ་བ་ཅན།།
དབྱངས་ཅན་དགའ་མར་ཐོབ་པའི་འཇམ་པའི་དཔལ།།
ཞེས་རྗེ་བཙུན་འཇམ་པའི་ཀྱི་ཁྱད་ཆོས། སྐུ་མདོག་དམར་སེར་དུ་ཡོད་པ་དང་། ན་ཚོད་བཅུ་དྲུག་རལ་བའི་ཟུར་ཕུད་ལྔ་དང་ལྡན་ཞིང་། ལྷ་མོ་དབྱངས་ཅན་མ་ཡུམ་དུ་བཞེས་པ་སོགས་ཀྱི་ཁྱད་ཆོས་དག་དཔེ་དང་དཔེ་ཅན་ལ་མ་སྦྱར་བ་དྲང་བོར་བརྗོད་པ་ལྟ་བུའོ།། འདི་ནི་རིགས་སྤྱི་ལ་འགྲོ་མི་འགྲོ་དོགས་གནས་སུ་གསུངས།
བོད་མཁས་པའི་དཔེར་བརྗོད་དུ།
ཕུལ་བྱུང་མཚན་དཔེ་འབར་བའི་སྐུ་མངའ་ཞིང་།།
ཡང་དག་དོན་ལྡན་ཡན་ལག་དྲུག་ཅུའི་གསུང་།།
ཀུན་མཁྱེན་རྣམ་པར་མི་རྟོག་ཡེ་ཤེས་ཐུགས།།
དུས་གསུམ་རྫོགས་པའི་སངས་རྒྱས་རྣམས་ལ་འདུད།།
ཅེས་མཛེས་པའི་ཕུལ་དུ་བྱུང་བའི་མཚན་དཔེ་གཟི་སྟོང་རབ་ཏུ་འབར་བའི་སྐུ་དང་། ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ཡང་དག་པར་སྟོན་པ་སྟེ་དོན་དང་ལྡན་པའི་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་ཞིང་། ཆོས་ཐམས་ཅད་མངོན་སུམ་དུ་མཁྱེན་ཅིང་གཟིགས་ཤིང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཐུགས་དང་ལྡན་པའི་དུས་གསུམ་གྱི་རྫོགས་པའི་སངས་རྒྱས་རྣམས་ལ་འདུད་ཅེས་སངས་རྒྱས་ཀྱི་རིགས་སྤྱིའི་རང་བཞིན་དྲང་པོར་བརྗོད་པ་ལྟ་བུའོ།། ཡང་ན།
བསེ་ཚང་བས།
ཞི་དུལ་བསླབ་ཁྲིམས་གཙང་མའི་ཁྲིམས་ཀྱིས་མཛེས།།
ལས་རུང་ཤིན་སྦྱངས་བདེ་བའི་ཏིང་འཛིན་བརྟན།།
གནས་ལུགས་ཟབ་མོའི་དེ་ཉིད་གསལ་གཟིགས་པའི།།
སྨྲ་མཁས་བཤེས་གཉེན་འདི་དག་འགྲོ་བའི་གཉེན།། ཞེས་པ་ལྟ་བུའོ།།
- 1 དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད 》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012-10པའི་པར་ཐེངས་བཅུ་བ།
- 2 བསེ་ཚང་བློ་བཟང་དཔལ་ལྡན་གྱིས་བརྩམས་པའི 《ཚངས་སྲས་བཞད་པའི་སྒྲ་དབྱངས》 ཀན་སུའུ་མི་རིགས་དཔེ་སྐུན་ཁང་། 1984-12པའི་པར་ཐེངས་དང་པོ།
- 3 ཀྲང་དབྱི་སུན་གྱིས་བསྒྲིགས་པའི 《བོད་རྒྱ་ཚིག་མཛོད་ཆེན་མོ》 མི་རིགས་དཔེ་སྐྲུན་ཁང་། 1993-2པའི་པར་གཞི།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:2 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2016-02-25
གསར་སྤེལ་མཁན། :བདེ་ཆེན་མཚོ།