འཕེལ་རིམ་དོ་དམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲོལ་རྒྱུན་གྱི་བཀོལ་སྤྱོད་རྒྱུད་ཁོངས་ལས་བྱ་རིམ་ཁེར་ཚུགས་སུ་འཁོར་སྐྱོད་བྱེད་མི་ཐུབ། ཐོན་ཁོངས་བགོ་བཤའ་དང་ཁེར་ཚུགས་འཁོར་སྐྱོད་ཀྱི་རྨང་གཞིའི་སྡེ་ཚན་ནི་འཕེལ་རིམ་གྱིས་བྱེད་ཅིང་། བཀོལ་སྤྱོད་རྒྱུད་ཁོངས་ཀྱི་ཁྱད་ཆོས་བཞི་པོ་ཡང་འཕེལ་རིམ་ལ་བརྟེན་ནས་གྲུབ་པ་ཡིན་ཕྱིར། ང་ཚོས་འཕེལ་རིམ་གྱི་ལྟ་ཚུལ་སྤྱད་ནས་བཀོལ་སྤྱོད་རྒྱུད་ཁོངས་ལ་ཞིབ་འཇུག་བྱེད་ཆོག་པ་ཡིན། འཕེལ་རིམ་ནི་བཀོལ་སྤྱོད་རྒྱུད་ཁོངས་ནང་གི་དོན་སྤྱི་གལ་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
进程管理
རིགས་དབྱེ།
རྩིས་འཁོར། གློག་ཀླད་བཟོ་གྲྭ།
བཀོལ་སྤྱོད།
ཙི་གུ མཐེབ་གཞོང་།
དཀར་ཆག
1   གོ་དོན།
1.1 བྱ་རིམ་གྱི་རིམ་བསྟར་དང་ཁྱད་ཆོས།
1.2 བྱ་རིམ་གྱི་ཁྱད་ཆོས་དང་རྣམ་པ།
1.3 འཕེལ་རིམ་ཚོད་འཛིན་སྡེ།
2   འཕེལ་རིམ་ཚོད་འཛིན།
2.1 འཕེལ་རིམ་གསར་བཟོ།
2.2 འཕེལ་རིམ་གྱི་མཇུག་སྒྲིལ་བ།
2.3 ཁེགས་པ་དང་སད་པ།
2.4 འཕེལ་རིམ་སྐབས་འཇོག
3   འཕེལ་རིམ་མཉམ་བགྲོད།
3.1 འཕེལ་རིམ་མཉམ་བགྲོད་ཀྱི་རྩ་བའི་གོ་དོན།
3.2 བརྡ་རྟགས་ཚད་གྲུབ་ལུགས།
3.3 དོ་དམ་གྲུབ་ལུགས།
4   ཚད་ལྡན་འཕེལ་རིམ་མཉམ་བགྲོད་ཀྱི་གནད་དོན།
4.1 ཐོན་སྐྱེད་པ-འཛད་སྤྱོད་པ།
4.2 ཀློག་མཁན-འབྲི་མཁན་གྱི་གནད་དོན།
5   འཕེལ་རིམ་འཕྲིན་གཏོང་།
6   ཐིག་རིམ།
6.1 ཐིག་རིམ་བར་གྱི་མཉམ་བགྲོད་དང་འཕྲིན་གཏོང་།
6.2 ཐིག་རིམ་གྱི་མངོན་འགྱུར་བྱེད་སྟངས།
6.3 ཐིག་རིམ་མངོན་འགྱུར།
1 གོ་དོན།

OSསྡེབ་སྒྲིག་བྱས་མེད་པའི་རྒྱུད་ཁོངས་སུ། བྱ་རིམ་གྱི་ལག་སྟར་བྱེད་སྟངས་ལ་རིགས་གཉིས་ཡོད་དེ། གཅིག་ནི་རིམ་བསྟར་བྱེད་སྟངས་དང་ཅིག་ཤོས་ནི་མཉམ་བསྟར་བྱེད་སྟངས་སོ།། རིམ་བསྟར་བྱེད་སྟངས་ནི་བྱ་རིམ་ཞིག་ལག་ཏུ་བསྟར་ཚར་རྗེས་ད་གཟོད་བྱ་རིམ་གཞན་ཞིག་ལག་བསྟར་བྱེད་པ་དེ་ལ་ཟེར་བ་དང་། མཉམ་བསྟར་བྱེད་སྟངས་ནི་ལམ་མང་བྱ་རིམ་གྱི་ཁོར་ཡུག་ཏུ་བྱ་རིམ་མང་པོ་མཉམ་གཅིག་ཏུ་ལག་བསྟར་བྱེད་པ་ལ་ཟེར། བྱ་རིམ་ལག་བསྟར་བྱེད་སྟངས་ཀྱི་རིགས་གཉིས་ལ་ཁྱད་པར་མངོན་གསལ་ཡོད་དེ། བྱ་རིམ་མཉམ་བསྟར་བྱེད་སྐབས་ཀྱི་ཁྱད་ཆོས་དེས་ནི་ད་གཟོད་བཀོལ་སྤྱོད་རྒྱུད་ཁོངས་སུ་འཕེལ་རིམ་ཞེས་པའི་དོན་སྤྱི་དེ་དྲངས་པ་ཡིན་སྟབས། འདིར་བྱ་རིམ་གྱི་རིམ་བསྟར་དང་མཉམ་བསྟར་བྱེད་སྟངས་གཉིས་ཅུང་ཟད་གླེང་རྒྱུ་ཡིན།

1_1 བྱ་རིམ་གྱི་རིམ་བསྟར་དང་ཁྱད་ཆོས།
1_1_1 བྱ་རིམ་གྱི་རིམ་བསྟར།

རྒྱུན་པར་ཉེར་སྤྱོད་བྱ་རིམ་གཅིག་བྱ་རིམ་དུམ་བུ་ཁ་ཤས་སུ་བགོས་ཆོག་ལ། བྱ་རིམ་དུམ་བུ་སོ་སོའི་བར་དུ་སྔ་ཕྱིའི་གོ་རིམ་ངེས་ཅན་ཞིག་ལ་བརྟེན་ནས་རིམ་བསྟར་བྱེད་པ་སྟེ། བྱ་རིམ་དུམ་བུ་སྔ་མའི་བཀོལ་སྤྱོད་ལག་བསྟར་བྱས་རྗེས་ད་གཟོད་བྱ་རིམ་དུམ་བུ་ཕྱི་མའི་བཀོལ་སྤྱོད་ལག་ཏུ་བསྟར་དགོས་པ་ཡིན། དཔེར་ན། རྩིས་རྒྱག་པའི་སྐབས་སུ། ཐོག་མར་སྤྱོད་མཁན་གྱི་བྱ་རིམ་དང་གཞི་གྲངས་ནང་འཇུག་བྱེད་པ་དང་། བར་དུ་གཞི་གྲངས་བརྩི་བ། མཐའ་མར་རྩིས་ཐོབ་ལེན་པ་བཅས་སོ།། འདི་རུ་ང་ཚོས་མདུད་གནས(Node)ཡིས་བྱ་རིམ་དུམ་བུ་སོ་སོའི་བཀོལ་སྤྱོད(དཔེ་རིས1-1ནང་དུ་སྒོར་དབྱིབས་ཀྱིས་མཚོན་པར་བྱས་པ)མཚོན་པར་ཆ་བཞག་ན། Iཡིས་ནང་འཇུག་བཀོལ་སྤྱོད་མཚོན་པ་དང་། Cཡིས་རྩིས་རྒྱག་པ་མཚོན་པ། Pཡིས་རྩིས་ཐོབ་མཚོན་པ། མདའ་རྟགས་ཀྱིས་བཀོལ་སྤྱོད་ཀྱི་སྔ་ཕྱི་མཚོན་པ་བཅས་བྱས་ན། གོང་དུ་གླེང་པའི་བྱ་རིམ་དུམ་བུ་གསུམ་གྱི་ལག་བསྟར་གོ་རིམ་ནི་དཔེ་རིས1-1(a)ལྟར་རོ།། གཞན་ཡང་བྱ་རིམ་དུམ་བུ་གཅིག་གི་ནང་དུ་རྗོད་ཚིག་མང་པོ་འདུས་ཚེ། འདི་ལ་ཡང་རིམ་བསྟར་གྱི་གནད་དོན་གཞན་ཞིག་ཡོད་པ་ཡིན། དཔེར་ན་གཤམ་གྱི་རྗོད་ཚིག་གསུམ་གྱི་བྱ་རིམ་དུམ་བུ་འདི་ལྟ་སྟེ།

S1:a:=x+y;

S2:b:=a-5;

S3:c:=b+a;

བྱ་རིམ་དུམ་བུ་འདིའི་ནང་དུ། རྗོད་ཚིགS2ངེས་པར་དུ་རྗོད་ཚིགS1རྗེས་ན་ཡོད་ཚེ་ད་གཟོད་ལག་བསྟར་བྱེད་ཐུབ་པ་ཡིན། དེ་བཞིན་དུ་རྗོད་ཚིགS3པར་ཡང་བྲིནbབྱིན་ཚེ་ལག་བསྟར་བྱེད་ཐུབ་པ་ལྟ་བུ་དང་། རྗོད་ཚིག་འདི་གསུམ་པོ་དཔེ་རིས2-1(b)ལྟར་རིམ་ལྟར་བྱེད་དགོས་སོ།།

1.jpg 

(a)བྱ་རིམ་གྱི་བསྟར་བྱ་ཚུལ།                                   (b)རྗོད་ཚིག་གསུམ་གྱི་བསྟར་བྱ་ཚུལ།

དཔེ་རིས1-1 བྱ་རིམ་གྱི་རིམ་བསྟར།

1_1_2 བྱ་རིམ་རིམ་བསྟར་གྱི་ཁྱད་ཆོས།

(1)གོ་རིམ་རང་བཞིན། སྒྲིག་འཁོར་གྱི་བཀོལ་སྤྱོད་ནི་བྱ་རིམ་གྱིས་གཏན་འཁེལ་བྱས་པའི་གོ་རིམ་ལྟར་ལག་བསྟར་བྱེད་པ་སྟེ། བཀོལ་སྤྱོད་སྔ་མ་དེ་མཇུག་སྒྲིལ་རྗེས་གཞི་ནས་བཀོལ་སྤྱོད་ཕྱི་མའི་འགོ་རྩོམ་པ་ཡིན།

(2)སྒོ་གཅོད་རང་བཞིན། བྱ་རིམ་ནི་སྒོ་བཅད་པའི་ཁོར་ཡུག་ཏུ་ལག་བསྟར་བྱེད་པ་སྟེ། བྱ་རིམ་འཁོར་སྐྱོད་བྱེད་དུས་རྩིས་འཁོར་གྱི་ཐོན་ཁུངས་ཆ་ཚང་སྒེར་འཛིན་བྱེད་ཅིང་། ཐོན་ཁུངས་ཀྱི་རྣམ་པ་ཡང་བྱ་རིམ་དེ་ཁོ་ནས་བསྒྱུར་བཅོས་བྱ་ཐུབ་པ་ཡིན། བྱ་རིམ་འཁོར་སྐྱོད་ཀྱི་འགོ་བརྩམ་པ་ན། དེའི་ལག་བསྟར་བྱས་པའི་འབྲས་བུ་ལ་ཕྱི་རྐྱེན་གང་གིས་ཀྱང་ཤུགས་རྐྱེན་གཏོང་མི་ཐུབ།

(3)བསྐྱར་མཚོན་རུང་བའི་རང་བཞིན། བྱ་རིམ་ལག་བསྟར་སྐབས་ཀྱི་ཁོར་ཡུག་དང་ཐོག་མའི་ཆ་རྐྱེན་འདྲ་མཚུངས་ཡིན་ཚེ། བྱ་རིམ་བསྐྱར་ཟློས་ཀྱིས་ལག་བསྟར་བྱེད་དུས། མགོ་ནས་མཇུག་བར་དུ་རྒྱུན་ཆད་མེད་པར་ལག་བསྟར་བྱེད་པའམ། ཡང་ན་ཆད་ཆད་མཐུད་མཐུད་ངང་ལག་བསྟར་བྱས་ཀྱང་ཐོབ་པའི་འབྲས་བུ་ནི་གཅིག་མཚུངས་ཉིད་དོ།།

1_2 བྱ་རིམ་གྱི་ཁྱད་ཆོས་དང་རྣམ་པ།

1.འཕེལ་རིམ་གྱི་ཁྱད་ཆོས་དང་གོ་དོན།

ལམ་མང་བྱ་རིམ་གྱི་ཁོར་ཡུག་ཏུ། བྱ་རིམ་གྱི་ལག་བསྟར་ནི་མཉམ་བསྟར་ཕྲེང་ལ་གཏོགས་ཤིང་། དེའི་སྐབས་སུ་དེ་དག་གི་སྒོ་གཅོད་རང་བཞིན་ཉམས་འགྲོ་བ་མ་ཟད། དེར་མཚམས་གཅོད་རང་བཞིན་ནམ་བསྐྱར་མཚོན་མི་རུང་བའི་རང་བཞིན་གྱི་ཁྱད་ཆོས་ལྡན་འདུག་ཅིང་། དེས་ནི་ནམ་རྒྱུན་གྱི་བྱ་རིམ་ནི་མཉམ་བསྟར་བྱ་རིམ་ལ་ཞུགས་མི་ཆོག་པ་དང་། བྱ་རིམ་ལག་བསྟར་གྱི་མཇུག་འབྲས་ནི་བསྐྱར་མཚོན་མི་རུང་བ་གཏན་འཁེལ་བྱས་ཡོད་པས་སོ།། འདི་ལྟར་ཡིན་ཚེ། བྱ་རིམ་གྱི་ཁོར་སྐྱོད་དོན་སྙིང་ཡང་ཤོར་འགྲོ་བ་ཡིན། བྱ་རིམ་མཉམ་བསྟར་བྱེད་ཐུབ་ཆེད་དམ། མཉམ་བསྟར་བྱས་པའི་བྱ་རིམ་ལ་ཞིབ་བརྗོད་དང་ཚོད་འཛིན་འོང་ཆེད། མི་རྣམས་ཀྱིས“འཕེལ་རིམ”ཞེས་པའི་དོ་སྤྱི་དེ་བཀོལ་སྤྱོད་རྒྱུད་ཁོངས་སུ་འདྲེན་འཇུག་བྱས་པ་རེད། གཤམ་ནས་ཅི་ཞིག་ལ་འཕེལ་རིམ་ཟེར་བའི་བརྡ་དོན་ལ་ངེས་ཤེས་ཟབ་མོ་ཞིག་འོང་ཕྱིར། ང་ཚོས་ཐོག་མར་བྱ་རིམ་གྱི་ཁྱད་ཆོས་ཞིབ་ཏུ་གླེང་བར་བྱའོ།།

(1)ནང་རྒྱུན་གྱི་བྱ་རིམ་ནི་མཉམ་བསྟར་བྱེད་མི་ཐུབ་པ་ཡིན།

བྱ་རིམ་ཁེར་ཚུགས་སུ་འཁོར་སྐྱོད་བྱེད་ཐུབ་ཆེད། དེར་འཕེལ་རིམ་ཚོད་འཛིན་སྡེ་སྡེབ་སྒྲིག་བྱེད་དགོས་ཤིང་། དེ་ནིPCBཞེས་པ་དེ་རེད། བྱ་རིམ་དུམ་བུ་དང་། འབྲེལ་ཡོད་ཀྱི་གཞི་གྲངས་དུམ་བུ། PCBགསུམ་གྱིས་འཕེལ་རིམ་གྱི་གདོས་གཟུགས་གྲུབ་པ་རེད། སྔ་དུས་ཀྱིUNIXཔར་གཞི་རུ། འདི་གསུམ་པོའི་སྤྱི་མིང་ལ“འཕེལ་རིམ་རྟེན་འཕྲོ”ཟེར། ཆེས་གླེང་རིན་ཡོད་པ་ཞིག་ནི་ཐུན་མོང་ལ་འཕེལ་རིམ་ཞེས་པ་ནི་དོན་དངོས་སུ་འཕེལ་རིམ་གདོས་གཟུགས་ནང་གིPCBགསར་བཟོ་བྱས་པ་ལ་ཟེར་བ་དང་། འཕེལ་རིམ་ཕྱིར་འཐེན་ཞེས་པ་ཡང་དོན་དངོས་སུ་འཕེལ་རིམ་གྱིPCBཕྱིར་འཐེན་བྱས་པར་ཟེར་རོ།

(2)འགུལ་རྣམ་རང་བཞིན།

འཕེལ་རིམ་གྱི་ངོ་བོ་ནི་འཕེལ་རིམ་གདོས་གཟུགས་ཀྱི་ཐེངས་གཅིག་གི་ལག་བསྟར་བརྒྱུད་རིམ་ཡིན། དེ་བས། འགུལ་རྣམ་རང་བཞིན་ནི་འཕེལ་རིམ་གྱི་རྩ་བའི་ཁྱད་ཆོས་ཤིག་ཡིན།

(3)མཉམ་འབྱུང་རང་བཞིན།

མཉམ་འབྱུང་རང་བཞིན་ཞེས་པ་ནི་འཕེལ་རིམ་གདོས་གཟུགས་དུ་མ་ནང་གསོག་ཏུ་མཉམ་གཅིག་ཏུ་གསོག་པ་དང་། དུས་ཚོད་ངེས་ཅན་ཞིག་གི་ནང་དུ་ཆབས་ཅིག་ཏུ་འཁོར་སྐྱེད་བྱེད་པ་ལ་ཟེར།

(4)ཁེར་ཚུགས་རང་བཞིན།

སྲོལ་རྒྱུན་གྱིOSརུ། ཁེར་ཚུགས་རང་བཞིན་ཞེས་པ་ནི་འཕེལ་རིམ་གདོས་གཟུགས་ནི་ཁེར་ཚུགས་ཀྱི་འཁོར་སྐྱོད་དང་། ཁེར་ཚུགས་ཀྱི་ཐོན་ཁུངས་བགོ་བཤའ། ཁེར་ཚུགས་ཀྱི་བཀོད་གཏོང་དང་ལེན་བྱེད་པའི་རྨང་གཞིའི་སྡེ་ཚན་ཞིག་ལ་ཟེར།

(5)གོམ་འགལ་རང་བཞིན།

འཕེལ་རིམ་སོ་སོ་ཁེར་ཚུགས་དང་སྔོན་དཔག་བྱེད་མི་ཐུབ་པའི་མྱུར་ཚད་ལ་བརྟེན་ནས་མདུན་དུ་སྐྱོད་པའམ། ཡང་ན་འཕེལ་རིམ་གདོས་གཟུགས་གོམ་འགལ་ལྟར་འཁོར་སྐྱོད་བྱེད་པ་ལ་ཟེར།

2.འཕེལ་རིམ་གྱི་རྩ་བའི་རྣམ་པ་རིགས་གསུམ།

འཕེལ་རིམ་ལག་བསྟར་བྱེད་སྐབས་ཀྱི་མཚམས་གཅོད་རང་བཞིན་གྱིས་འཕེལ་རིམ་ལ་རྣམ་པ་མང་པོ་ཡོད་འོས་པ་ཐག་གཅོད་བྱས་ཡོད་ཀྱང་། དོན་དངོས་སུ་འཁོར་སྐྱོད་ཁྲོད་ཀྱི་འཕེལ་རིམ་ལ་གཤམ་གྱི་རྩ་བའི་རྣམ་པ་གསུམ་ཙམ་ཡོད་སྲིད་དོ།།

(1)ཚུགས་ཚུད་རྣམ་པ།

(2)ལག་བསྟར་རྣམ་པ།

(3)ཁེགས་པའི་རྣམ་པ།

1_3 འཕེལ་རིམ་ཚོད་འཛིན་སྡེ།
1_3_1 འཕེལ་རིམ་ཚོད་འཛིན་སྡེ་ཡི་ནུས་པ།

འཕེལ་རིམ་གྱི་འཁོར་སྐྱོད་ཞིབ་བརྗོད་དང་ཚོད་འཛིན་བྱེད་ཆེད། རྒྱུད་ཁོངས་ཀྱིས་འཕེལ་རིམ་རེ་རེར་གཞི་གྲངས་གྲུབ་ཚུལ—འཕེལ་རིམ་ཚོད་འཛིན་སྡེPCBཡི་མཚན་ཉིད་རེ་བཀོད་ཡོད། དེ་ནི་འཕེལ་རིམ་གདོས་གཟུགས་ཀྱི་ཆ་ཤས་ཤིག་དང་། བཀོལ་སྤྱོད་རྒྱུད་ཁོངས་སུ་གལ་འགངས་ཆེས་ཆེ་བའི་ཟིན་ཐོའི་རིགས་ཀྱི་གཞི་གྲངས་གྲུབ་ཚུལ་ཞིག་གོ། PCBརུ་བཀོད་སྤྱོད་རྒྱུད་ཁོངས་སུ་མཁོ་བའི་འཕེལ་རིམ་གྱི་མིག་སྔའི་གནས་ཚུལ་དང་འཕེལ་རིམ་འཁོར་སྐྱོད་ཀྱི་ཚོད་འཛིན་ཆ་འཕྲིན་ཆ་ཚང་ཟིན་ཐོར་བཀོད་ཡོད། འཕེལ་རིམ་ཚོད་འཛིན་སྡེ་ཡི་ནུས་པ་ནི་ལམ་མང་བྱ་རིམ་ཁོར་ཡུག་ཏུ་ཁེར་ཚུགས་སུ་འཁོར་སྐྱོད་བྱེད་མི་ཐུབ་པའི་བྱ་རིམ་གང་ཞིག་ཁེར་ཚུགས་སུ་འཁོར་སྐྱོད་བྱེད་ཐུབ་པའི་རྨང་གཞིའི་སྡེ་ཚན་དུ་གྱུར་བ་དང་། འཕེལ་རིམ་གཞན་གང་ཞིག་དང་མཉམ་བསྟར་བྱེད་ཐུབ་པའི་བརྒྱུད་རིམ་དེ་ཡིན་ནོ།

1_3_2 འཕེལ་རིམ་ཚོད་འཛིན་སྡེའི་ནང་གི་ཆ་འཕྲིན།

འཕེལ་རིམ་ཚོད་འཛིན་སྡེའི་ནང་དུ་གཤམ་གྱི་ཆ་འཕྲིན་བཞི་འདུས་ཡོད།

(1)འཕེལ་རིམ་ངོ་རྟགས།

འཕེལ་རིམ་ངོ་རྟགས་ནི་འཕེལ་རིམ་གཅིག་ཁོ་ན་མཚོན་བྱེད་དུ་སྤྱོད་དོ།འཕེལ་རིམ་གཅིག་ལ་རྒྱུན་པར་ངོ་རྟགས་རིགས་གཉིས་ཡོད་དེ།

①ནང་ཁུལ་ངོ་རྟགས་ནི་བཀོལ་སྤྱོད་རྒྱུད་ཁོངས་ཡོད་ཚད་ཀྱི་ནང་དུ་འཕེལ་རིམ་རེ་རེར་ཨང་ཀི་ངོ་རྟགས་འབའ་ཞིག་སྤྲད་ཡོད།དེ་ནི་རྒྱུུན་པར་འཕེལ་རིམ་གཅིག་གི་གོ་རིམ་རྟགས་ཡིན།ནང་ཁུལ་ངོ་རྟགས་སྒྲིག་འགོད་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་རྒྱུད་ཁོངས་སྤྱོད་བདེ་བའི་ཕྱིར་དུའོ།།

②ཕྱིའི་ངོ་རྟགས་ནི་གསར་བཟོ་བྱེད་མཁན་ལ་མཁོ་འདོན་བྱས་པ་ཞིག་ཡིན།རྒྱུན་པར་ཡིག་འབྲུ་དང་ཨང་ཀིའི་གྲུབ་ཡོད་ཅིང་།སྤྱོད་མཁན་གྱིས་འཕེལ་རིམ་གང་ཞིག་ལ་བཅར་འདྲི་བྱེད་སྐབས་དེ་ཉིད་བེད་སྤྱོད་པ་ཡིན།

(2)སྒྲིག་འཁོར་རྣམ་པ།

སྒྲིག་འཁོར་རྣམ་པའི་ཆ་འཕྲིན་གཙོ་བོ་ནི་སྒྲིག་འཁོར་གྱི་བཅོལ་ཆས་སྣ་ཚོགས་ཁྲོད་ཀྱི་ནང་དོན་གྱིས་གྲུབ་པ་ཡིན། སྒྲིག་འཁོར་འཁོར་སྐྱོད་བྱེད་སྐབས། ཆ་འཕྲིན་མང་ཆེ་བ་བཅོལ་ཆས་ནང་དུ་བཞག་ཡོད། སྒྲིག་འཁོར་གྱི་མཚམས་གཅོད་དུས། ཆ་འཕྲིན་མང་ཆེ་བ་ངེས་པར་དུPCBནང་དུ་གསོག་འཇོག་བྱས་ཏེ་འཕེལ་རིམ་དེ་ཉིད་ཡང་བསྐྱར་ལག་བསྟར་བྱེད་སྐབས་ཆད་སྣེ་ནས་མུ་མཐུད་དུ་ལག་ཏུ་བསྟར་བར་སྟབས་བདེ་བཟོ་དགོས།

(3)འཕེལ་རིམ་བཀོད་གཏོང་ཆ་འཕྲིན།

PCBནང་དུ་འཕེལ་རིམ་བཀོད་གཏོང་དང་འཕེལ་རིམ་བརྗེ་རེས་ཀྱི་འབྲེལ་ཡོད་ཆ་འཕྲིན་གསོག་འཇོག་བྱས་ཡོད།

(4)འཕེལ་རིམ་ཚོད་འཛིན་ཆ་འཕྲིན།

འཕེལ་རིམ་ཚོད་འཛིན་ཆ་འཕྲིན་དུ་གཤམ་གྱི་འདི་དག་འདུས་ཡོད་དེ།

①བྱ་རིམ་དང་གཞི་གྲངས་ཀྱི་ཤག་གནས།

②འཕེལ་རིམ་མཉམ་བགྲོད་དང་འཕྲིན་གཏོང་སྒྲིག་གཞི།

③ ཐོན་ཁུངས་ཞིབ་ཐོ།

④ལོང་སྦྲེལ་སྟོན་ཁབ།

2 འཕེལ་རིམ་ཚོད་འཛིན།

འཕེལ་རིམ་ཚོད་འཛིན་ནི་འཕེལ་རིམ་དོ་དམ་ཁྲོད་ཀྱི་ཆེས་རྩ་བའི་བྱེད་ནུས་ཤིག་ཡིན། དེ་ནི་འཕེལ་རིམ་གསར་པ་ཞིག་གསར་བཟོ་དང་འཕེལ་རིམ་ཆ་ཚང་ཞིག་མཇུག་སྒྲིལ་པར་སྤྱོད་ཅིང་། དེ་ཡིས་དོན་རྐྱེན་ག་གེ་མོའི་རྐྱེན་དབང་གིས་འཁོར་སྐྱོད་མུ་མཐུད་དུ་བྱ་ཐབས་བྲལ་བའི་འཕེལ་རིམ་མམ། ཡང་ན་འཕེལ་རིམ་འཁོར་སྐྱོད་ཁྲོད་ཀྱི་རྣམ་པ་བརྗེ་བ་སོགས་ཀྱང་འགན་དུ་ལེན་ནོ།། གལ་སྲིད་ལག་བསྟར་བྱེད་ཀྱིན་པའི་འཕེལ་རིམ་གང་ཞིག་གིས་དོན་རྐྱེན་ག་གེ་མོ་ཞིག་ལ་ངང་སྒུག་བྱས་ཏེ་མུ་མཐུད་དུ་ལག་བསྟར་བྱ་ཐབས་མེད་པའི་སྐབས་སུ། དེ་ཉིད་ཁེགས་པའི་རྣམ་པར་བརྗེ་དགོས་པ་དང་། གལ་སྲིད་འཕེ་རིམ་གང་དེས་རེ་སྒུག་བྱེད་པའི་དོན་རྐྱེན་མངོན་འགྱུར་བྱུང་ཚེ། འཕེལ་རིམ་གང་ཉིད་ཡང་བསྐྱར་ཚགས་ཚུད་རྣམ་པར་བརྗེ་དགོས་སོ།། འཕེལ་རིམ་ཚོད་འཛིན་ནི་སྤྱིར་བཏང་དུOSཡི་ལྟ་སྙིང་ནང་གི་གཉུག་སྐད་ཀྱིས་མངོན་དུ་ཕྱུང་དགོས་པའོ།།

2_1 འཕེལ་རིམ་གསར་བཟོ།
2_1_1 འཕེལ་རིམ་དཔེ་རིས།

འཕེལ་རིམ་དཔེ་རིས་ནི་འཕེལ་རིམ་གང་ཞིག་གི་ཁྱིམ་རྒྱུད་འབྲེལ་བའི་ཕྱོགས་ཡོད་སྡོང་པོ་ཞིབ་བརྗོད་བྱེད་པར་སྤྱོད་པ་ཡིན། དཔེ་རིས1-2གིས་མཚོན་པ་ལྟར་རོ།། དཔེ་རིས་ནང་གི་མདུད་གནས(སྒོར་དབྱིབས)ཀྱིས་འཕེལ་རིམ་མཚོན་པ་དང་། འཕེལ་རིམDཡིས་འཕེལ་རིམIགསར་བཟོ་བྱས་རྗེས། DནིIཡི་ཕའི་འཕེལ་རིམ(Parent Process)དང་། IནིDཡི་བུའི་འཕེལ་རིམ(Parent Process)ཡིན་ནོ།།

2.jpg

དཔེ་རིས1-2འཕེལ་རིམ་སྡོང་པོ།

2_1_2 འཕེལ་རིམ་གསར་བཟོའི་དོན་རྐྱེན་གྱི་འབྱུང་རྐྱེན།

ལམ་མང་བྱ་རིམ་ཁོར་ཡུག་ཏུ། འཕེལ་རིམ་ཁོ་ན་ནི་ད་གཟོད་རྒྱུད་ཁོངས་སུ་འཁོར་སྐྱོད་བྱེད་པ་ཡིན། དེ་བས། བྱ་རིམ་འཁོར་སྐྱོད་བྱེད་དུ་འཇུག་དགོས་ན། དེར་འཕེལ་རིམ་ཞིག་གསར་བཟོ་བྱེད་དགོས་པ་ཡིན། འཕེལ་རིམ་ཞིག་གིས་འཕེལ་རིམ་གཞན་ཞིག་གསར་བཟོ་བྱེད་པའི་དཔེར་མཚོན་ལྡན་པའི་དོན་རྐྱེན་ལ་གཤམ་གྱི་རིགས་བཞི་ཡོད་དེ།

(1)སྤྱོད་མཁན་ཐོ་འགོད།

(2)ལས་བྱ་བཀོད་གཏོང་།

(3)ཞབས་ཞུ་མཁོ་སྤྲོད།

(4)ཉེར་སྤྱོད་རེ་ཞུ།

2_1_3 འཕེལ་རིམ་གྱི་གསར་བཟོ།

བཀོལ་སྤྱོད་རྒྱུད་ཁོངས་ཀྱིས་འཕེལ་རིམ་གསར་བཟོའི་རེ་ཞུ་མཐོང་མ་ཐག འཕེལ་རིམ་གསར་བཟོའི་གཉག་སྐདGreat()འདོན་སྤྱོད་བྱས་ཏེ་གཤམ་གྱི་གོ་རིམ་ལྟར་འཕེལ་རིམ་གསར་བཟོ་བྱེད་པ་ཡིན།

(1)PBCསྟོང་བ་ཞིག་རེ་ཞུ་བྱེད་པ།

(2)འཕེལ་རིམ་གསར་པར་ཐོན་ཁུངས་བགོ་བཤའ་བྱེད་པ།

(3)འགོ་སྒྲིག་འཕེལ་རིམ་ཚོད་འཛིན་སྡེ།

2_2 འཕེལ་རིམ་གྱི་མཇུག་སྒྲིལ་བ།

1.འཕེལ་རིམ་མཇུག་སྒྲིལ་གྱི་དོན་རྐྱེན་འབྱུང་རྐྱེན།

(1)ལུགས་འབྱུང་མཇུག་སྒྲིལ།  

(2)ལུགས་ལྡོག་མཇུག་སྒྲིལ།

2.འཕེལ་རིམ་མཇུག་སྒྲིལ་བའི་བརྒྱུད་རིམ།

གལ་ཏེ་རྒྱུད་ཁོངས་སུ་གོང་གི་རེ་བ་ལྟར་འཕེལ་རིམ་མཇུག་སྒྲིལ་བའི་དོན་རྐྱེན་བྱུང་ཚེ། OSཡིས་འཕེལ་རིམ་མཇུག་སྒྲིལ་བྱེད་ཀྱི་གཉུག་སྐད་འདོན་སྤྱོད་བྱེད་པ་ཡིན། གཤམ་གྱི་གོ་རིམ་ལྟར་ངེས་གཏན་བྱས་པའི་འཕེལ་རིམ་མཇུག་སྒྲིལ་བ་ལ།

(1)མཇུག་སྒྲིལ་བའི་འཕེལ་རིམ་གྱི་ངོ་རྟགས་ལ་གཞིགས་ནས། PBCཚོགས་སྤྱིའི་ནང་དུ་འཕེལ་རིམ་དེ་ཉིད་ཀྱིPBCའཚོལ་ལེན་བྱེད་པ་དང་། དེ་ནས་འཕེལ་རིམ་གང་དེའི་རྣམ་པ་ཀློག་པ།

(2)མཇུག་སྒྲིལ་བའི་འཕེལ་རིམ་དེ་ལག་བསྟར་རྣམ་པར་གནས་དུས། འཕྲལ་མར་འཕེལ་རིམ་གང་དེ་མཇུག་སྒྲིལ་དགོས་ཤིང་། བཀོལ་གཏོང་མཚོན་རྟགས་དེ་དངོས་ལ་སྒྲིག་འགོད་བྱས་ཏེ། འཕེལ་རིམ་གང་དེ་མཇུག་སྒྲིལ་རྗེས་ཡང་བསྐྱར་བཀོད་གཏོང་བྱེད་པའོ།།

(3)གལ་ཏེ་འཕེལ་རིམ་གང་དེར་བུ་ཚའི་འཕེལ་རིམ་ཡོད་ཚེ། དེ་དག་ནི་ཚོད་འཛིན་བྱེད་མི་ཐུབ་པའི་འཕེལ་རིམ་དུ་འགྱུར་བར་སྔོན་འགོག་བྱེད་ཆེད། བུ་ཚའི་འཕེལ་རིམ་ཡོད་ཚད་མཇུག་སྒྲིལ་དགོས།

(4)འཕེལ་རིམ་ལ་དབང་བའི་ཐོན་ཁུངས་ཡོད་ཚད་མཇུག་སྒྲིལ་ན། ཐོན་ཁུངས་དེ་དག་འཕེལ་རིམ་གང་དེའི་ཕའི་འཕེལ་རིམ་ལ་སྤྲོད་པའམ། ཡང་ན་རྒྱུད་ཁོངས་ལ་སྤྲོད་དགོས།

(5)མཇུག་སྒྲིལ་བའི་འཕེལ་རིམ་དེ་གནས་སའི་རུ་སྟར་ལས་སྤོ་དགོས་ན། བྱ་རིམ་གཞན་དག་གིས་ཆ་འཕྲིན་བསྡུ་སྒྲིག་བྱེད་པར་ངང་སྒུག་བྱེད་དགོས།

2_3 ཁེགས་པ་དང་སད་པ།
2_3_1 འཕེལ་རིམ་ཁེགས་པ་དང་སད་པའི་དོན་རྐྱེན།

གཤམ་གྱི་འདི་དག་གིས་འཕེལ་རིམ་ཁེགས་པ་དང་སད་པའི་དོན་རྐྱེན་འབྱུང་དུ་འཇུག་པ་ཡིན།

(1)རྒྱུད་ཁོངས་ལ་ཞབས་ཞུའི་རེ་ཞུ་བྱེད་པ།

ལག་བསྟར་བྱེད་ཀྱིན་པའི་འཕེལ་རིམ་གྱིས་བཀོལ་སྤྱོད་རྒྱུད་ཁོངས་ལ་ཞབས་ཞུ་མཁོ་སྤྲོད་བྱེད་དགོས་པའི་རེ་ཞུ་བྱེད་སྐབས། རྒྱུ་རྐྱེན་ག་གེ་མོའི་དབང་གིས་བཀོལ་སྤྱོད་རྒྱུད་ཁོངས་ཀྱིས་དེ་མུར་འཕེལ་རིམ་དེའི་རེ་བ་སྐོང་མ་ཐུབ་ན། འཕེལ་རིམ་དེ་ཉིད་ཁེགས་པའི་རྣམ་པར་བརྗེ་ནས་ངང་སྒུག་བྱེད་དགོས་པ་ཡིན།

(2)བཀོལ་སྤྱོད་ག་གེ་མོའི་འགོ་སློང་པ།

འཕེལ་རིམ་གྱིས་བཀོལ་སྤྱོད་ག་གེ་མོའི་འགོ་བསླངས་རྗེས། གལ་ཏེ་འཕེལ་རིམ་དེ་ཉིད་བཀོལ་སྤྱོད་ཞིག་རྫོགས་ཚར་རྗེས་ད་གཟོད་ལག་ཏུ་བསྟར་བ་ཡིན་ན། ཐོག་མར་འཕེལ་རིམ་དེ་ཉིད་ཁེགས་རྣམ་ལ་གནས་ཏེ་བཀོལ་སྤྱོད་དེ་ཉིད་མཇུག་རྫོགས་པར་ངང་སྒུག་བྱེད་དགོས།

(3)གཞི་གྲངས་གསར་བ་འབྱོར་མེད་པ།

ཕན་ཚུན་མཉམ་འབྲེལ་བྱེད་པའི་འཕེལ་རིམ་ལ་མཚོན་ན། གལ་ཏེ་དེའི་ནང་གི་འཕེལ་རིམ་གཅིག་ལ་འཕེལ་རིམ་གཞན་ཞིག་གིས་མཁོ་སྤྲོད་བྱས་པའི་གཞི་གྲངས་ཐོབ་པ་ན་ད་གཟོད་གཞི་གྲངས་སྒྲིག་གཅོད་བྱེད་ཐུབ་པ་ཡིན། དགོས་ངེས་ཀྱི་གཞི་གྲངས་འཕེལ་རིམ་དུ་འབྱོར་མེད་ཚེ། འཕེལ་རིམ་དེ་ཉིད་ངང་སྒུག་གམ་ཁེགས་རྣམ་ལ་གནས་དགོས་པ་ཡིན།

(4)ལས་ཀ་གསར་པ་ཞིག་བསྒྲུབ་རྒྱུ་མེད་པ།

རྒྱུད་ཁོངས་ཀྱིས་རྟག་ཏུ་དམིགས་བསལ་བྱེད་ནུས་ཡོད་པའི་འཕེལ་རིམ་ཁག་ཅིག་སྒྲིག་འགོད་བྱས་ཡོད། འཕེལ་རིམ་དེ་དག་གིས་ལས་འགན་ལེགས་འགྲུབ་བྱུང་རྗེས། རང་ཉིད་ཁེགས་རྣམ་ལ་གནས་ཏེ་ལས་ཀ་གསར་པ་ཞིག་བསྒྲུབ་པར་ངང་སྒུག་བྱེད་ཀྱིན་ཡོད།

2_3_2 འཕེལ་རིམ་ཁེགས་པའི་བརྒྱུད་རིམ།

ལག་བསྟར་བྱེད་ཀྱིན་པའི་འཕེལ་རིམ་གྱིས་གོང་དུ་གླེང་བའི་དོན་རྐྱེན་ག་གེ་མོ་མཐོང་ཚེ། ལག་བསྟར་མུ་མཐུད་དུ་བྱེད་ཐབས་བྲལ་བ་ཡིན། དུས་དེར་འཕེལ་རིམ་གྱིས་ཁེགས་པའི་གཉུག་སྐདblockའདོན་སྤྱོད་བྱས་ནས་རང་ཉིད་ཁེགས་པར་བྱེད་དོ།། འདི་ལས་འཕེལ་རིམ་ཁེགས་པ་ནི་འཕེལ་རིམ་རང་སྟེང་གི་རང་རྟོག་བྱ་སྤྱོད་ཅིག་ཡིན་པ་ཤེས་ཐུབ་བོ།།

2_3_3 འཕེལ་རིམ་སད་པའི་བརྒྱུད་རིམ།

ཁེགས་པའི་འཕེལ་རིམ་གྱིས་རེ་སྒུག་བྱེད་པའི་དོན་རྐྱེན་མངོན་དུ་ཕྱུང་སྐབས། གལ་ཏེI/Oཡིས་ལས་ལེགས་འགྲུབ་བྱུང་བའམ་རེ་སྒུག་བྱེད་པའི་གཞིག་གྲངས་འབྱོར་ཚེ། འབྲེལ་ཡོད་འཕེལ་རིམ་གྱིས་སད་པའི་གཉུག་སྐདwakeup()འདོན་སྤྱོད་བྱས་ཏེ། དོན་རྐྱེན་ལ་ངང་སྒུག་བྱེད་པའི་འཕེལ་རིམ་སད་དུ་འཇུག་གོ།  

2_4 འཕེལ་རིམ་སྐབས་འཇོག

འཕེལ་རིམ་སྐབས་འཇོག་གི་དོན་རྐྱེན་འབྱུང་བ་དཔེར་ན། སྤྱོད་མཁན་འཕེལ་རིམ་གྱིས་རང་ཉིད་སྐབས་འཇོག་བྱེད་པའི་རེ་བ་ཞུ་བའམ། ཡང་ན་ཕའི་འཕེལ་རིམ་གྱིས་རང་གི་བུའི་འཕེལ་རིམ་སྐབས་འཇོག་བྱེད་པའི་རེ་ཞུ་བྱེད་དུས། རྒྱུད་ཁོངས་ཀྱིས་སྐབས་འཇོག་གཉུག་སྐདsuspend()སྤྱད་ནས་ངེས་གཏན་བྱས་པའི་འཕེལ་རིམ་མམ་ཁེགས་རྣམ་ལ་གནས་པའི་འཕེལ་རིམ་སྐབས་འཇོག་བྱེད་དོ།།

3 འཕེལ་རིམ་མཉམ་བགྲོད།

OSརུ་འཕེལ་རིམ་འདྲེན་འཇུག་བྱས་རྗེས། ཐོན་ཁུངས་ཀྱི་སྤྱོད་ཕྱོད་དང་འདོན་འཇུག་ཚད་མཐོར་འདེགས་བྱུང་ན་ཡང་། འཕེལ་རིམ་གྱི་གོམ་འགལ་རང་བཞིན་གྱིས་རྒྱུད་ཁོངས་ལ་གཉོག་དྲ་བཟོས་ཡོད། ལྷག་པར་དུ་དེ་ཚོས་སྐབས་སྦྲེལ་ཐོན་ཁུངས་འཕྲོག་སྤྱོད་བྱེད་དུས་ཚབས་ཧ་ཅང་ཆེ་བ་ཡིན། དཔེར་ན། འཕེལ་རིམ་དུ་མས་པར་འཁོར་ཞིག་འཕྲོག་སྤྱོད་བྱེད་དུས། འཕེལ་རིམ་དུ་མས་ཕྱིར་འདོན་བྱས་པའི་འབྲས་བུ་ཆབས་ཅིག་ཏུ་བསྲེས་ངེས་པར་དབྱེ་བ་འབྱེད་དཀའ་བའོ།། འཕེལ་རིམ་དུ་མས་མཉམ་སྤྱོད་འགྱུར་ཚད་དང་། རེའུ་མིག སྦྲེལ་མཐུད་རེའུ་མིག་སོགས་འཕྲོག་སྤྱོད་བྱེད་དུས་གཞི་གྲངས་སྒྲིག་གཅོད་ལ་ནོར་འཁྲུལ་འབྱུང་སྲིད་དོ།། འཕེལ་རིམ་གོམ་འགལ་གྱི་ལས་འགན་གཙོ་བོ་ནི་འཕེལ་རིམ་དུ་མས་ལག་ཏུ་བསྟར་པའི་གོ་རིམ་ལ་མཐུན་སྦྱོར་བྱེད་པ་དང་། མཉམ་བསྟར་བྱེད་པའི་འཕེལ་རིམ་བར་ཐོན་ཁུངས་མཉམ་སྤྱོད་དང་ཕན་ཚུན་མཉམ་འབྲེལ་ལེགས་པོ་དབྱུང་དུ་བཅུག་ཏེ། བྱ་རིམ་གྱི་ལག་བསྟར་ལ་བསྐྱར་མཚོན་རུང་བའི་རང་བཞིན་ལྡན་པར་བྱེད་པ་དེའོ།།

3_1 འཕེལ་རིམ་མཉམ་བགྲོད་ཀྱི་རྩ་བའི་གོ་དོན།

1.རྣམ་པ་རིགས་གཉིས་ཀྱི་འཆིང་གཅུན་འབྲེལ་བ།

ལམ་མང་བྱ་རིམ་གྱི་ཁོར་ཡུག་ཏུ། བྱ་རིམ་མཉམ་བསྟར་བྱེད་དུས། ཐོན་ཁུངས་མཉམ་སྤྱོད་དང་འཕེལ་རིམ་མཉམ་འབྲེལ་གྱི་དབང་གིས་རྒྱུད་ཁོངས་གཅིག་གི་ནང་གི་འཕེལ་རིམ་མང་པོའི་བར་དུ་གཤམ་གྱི་རྣམ་པ་རིགས་གཉིས་ཀྱི་འཆིང་གཅུན་འབྲེལ་བ་གྲུབ་ཡོད་དེ།

(1)ཕན་ཚུན་བརྒྱུད་ནས་གཅུན་པ།

རྒྱུད་ཁོངས་གཅིག་ཏུ་ཡོད་པའི་འཕེལ་རིམ་ཚང་མར་རྒྱུན་པར་རྒྱུད་ཁོངས་ཀྱི་ཐོན་ཁུངས་ག་གེ་མོ་ཞིག་མཉམ་སྤྱོད་བྱེད་དུ་བཅུག་ཡོད། དཔེར་ན། CPUདངI/Oསྒྲིག་ཆས་མཉམ་སྤྱོད་བྱེད་དུ་འཇུག་པ་སོགས་སོ།། ཕན་ཚུན་བརྒྱུད་ནས་གཅུན་པ་ཞེས་པ་ནི་འདི་ལྟའི་ཐོན་ཁུངས་མཉམ་སྤྱོད་ལས་བྱུང་བ་ཡིན།

(2)ཕན་ཚུན་ཐད་ཀར་དུ་གཅུན་པ།

འདི་ལྟ་བུའི་འཆིང་གཅུན་ནི་འཕེལ་རིམ་གྱི་མཉམ་འབྲེལ་ལས་བྱུང་བ་ཡིན། དཔེར་ན། ནང་འཇུག་འཕེལ་རིམAཡིས་ལྷོད་གཏོང་རྐྱང་མ་བརྒྱུད་ནས་འཕེལ་རིམBལ་གཞི་གྲངས་མཁོ་སྤྲོད་བྱེད་པ་ཡིན། ལྷོད་གཏོང་ཁུལ་དེ་ཉིད་སྟོང་པ་ཡིན་དུས། རྩིས་རྒྱག་འཕེལ་རིམ་ལ་དགོས་ངེས་ཀྱི་གཞི་གྲངས་ཐོབ་མི་ཐུབ་པས་ཁེགས་པའི་རྣམ་པར་གནས་ངེས། གལ་སྲིད་འཕེལ་རིམAཡིས་གཞི་གྲངས་ལྷོད་གཏོང་ཁུལ་དུ་ནང་འཇུག་བྱས་རྗེས། འཕེལ་རིམBདེ་སད་དུ་འཇུག་པའོ།། 

2.སྐབས་སྦྲེལ་ཐོན་ཁུངས།

སྲ་ཆས་ཐོན་ཁུངས་མང་ཆེ་བ་སྟེ་དཔེར་ན། པར་འཁོར། སྡུད་ཐག་འཕྲུལ་ཆས་སོགས་ནི་སྐབས་སྦྲེལ་ཐོན་ཁུངས་སུ་གཏོགས་ཤིང་། འཕེལ་རིམ་མང་པོའི་བར་དུ་ཕན་ཚུན་འབུད་རེས་བྱེད་སྟངས་སྤྱད་དེ་ཐོན་ཁུངས་འདིའི་རིགས་མཉམ་དུ་སྤྱོད་པ་མངོན་འགྱུར་བྱེད་དོ།།

3.སྐབས་སྦྲེལ་ཁུལ།

སྲ་ཆས་ཐོན་ཁུངས་ཡིན་ནའང་འདྲ། མཉེན་ཆས་ཐོན་ཁུངས་ཡིན་ནའང་འདྲ། འཕེལ་རིམ་མང་པོས་ཕན་ཚུན་འབུད་རེས་བྱས་ཏེ་དེར་བཅར་འདྲི་བྱེད་པ་ཡིན། འཕེལ་རིམ་རེ་རེའི་ནང་དུ་བཅར་འདྲི་བྱེད་པའི་སྐབས་སྦྲེལ་ཐོན་ཁུངས་ཀྱི་ཚབ་ཨང་དུམ་བུ་དེ་ལ་མི་རྣམས་ཀྱིས་སྐབས་སྦྲེལ་ཁུལ་ཟེར།

4.མཉམ་བགྲོད་གྲུབ་ལུགས་ཀྱིས་བརྩི་སྲུང་བྱེད་དགོས་པའི་རྩ་དོན།

འཕེལ་རིམ་ཕན་ཚུན་འབུད་རེས་ཀྱིས་རང་གི་སྐབས་སྦྲེལ་ཁུལ་དུ་འཛུལ་བ་མངོན་འགྱུར་བྱེད་ན། མཉེན་ཆས་ཀྱི་ཐབས་སྤྱད་ཀྱང་ཆོག་མོད། མང་ཆེ་ཤོས་ནི་རྒྱུད་ཁོངས་སུ་ཆེད་སྤྱོད་ཀྱི་མཉམ་བགྲོད་གྲུབ་ལུགས་ཤིག་སྒྲིག་འགོད་བྱས་ཡོད་ཅིང་། དེ་ཡིས་འཕེལ་རིམ་སོ་སོའི་བར་གྱི་འཁོར་སྐྱོད་མཐུན་སྦྱོར་བྱེད་པའོ།། མཉམ་བགྲོད་གྲུབ་ལུགས་ཀྱིས་གཤམ་གྱི་རྩ་དོན་བཞི་བརྩི་སྲུང་བྱེ་དགོས་ཏེ།

(1)ཁོམ་ཡོད་འཇུག་རུང་།

(2)ཁོམ་མེད་ངང་སྒུག  

(3)ཡོད་ཚད་ངང་སྒུག  

(4)དབང་སྤྲོད་ངང་སྒུག  

3_2 བརྡ་རྟགས་ཚད་གྲུབ་ལུགས།

1965ལོར། བརྡ་རྟགས་ཚད་གྲུབ་ལུགས(Semaphores)ཞེས་པ་ནི་ཧོ་ལན་རྒྱལ་ཁབ་ཀྱི་མཁས་པDijkstraཡིས་བཏོན་ཞིང་། དེ་ནི་ཕན་ནུས་མངོན་གསལ་ལྡན་པའི་འཕེལ་རིམ་མཉམ་བགྲོད་ཀྱི་ཡོ་བྱད་ཅིག་གོ། བཀོལ་སྤྱོད་རྒྱ་ཁྱབ་བྱས་པའི་དུས་ཡུན་རིང་མོའི་ཁྲོད་དུ་བརྡ་རྟགས་ཚད་གྲུབ་ལུགས་ནི་སྔར་ལས་འཕེལ་རྒྱས་བྱུང་ཡོད་པ་སྟེ། ཧྲིལ་དབྱིབས་བརྡ་རྟགས་ཚད་དུ་འཕེལ་བ་དང་། དེ་ནས་བརྡ་རྟགས་ཚད་སྤྱི་རུ་འཕེལ་བ་ལྟ་བུའོ།། ད་ལྟ་བརྡ་རྟགས་ཚད་གྲུབ་ལུགས་ནི་སྒྲིག་འཁོར་རྐྱང་མ་དང་སྒྲིག་འཁོར་མང་པོའི་རྒྱུད་ཁོངས་དང་རྩིས་འཁོར་དྲ་བར་རྒྱ་ཁྱབ་ཏུ་སྤྱོད་ཀྱི་ཡོད་དོ།།

3_2_1 ཧྲིལ་རྣམ་བརྡ་རྟགས་ཚད།

དང་ཐོགDijkstraཡིས་ཧྲིལ་རྣམ་བརྡ་རྟགས་ཚད་ནི་ཐོན་ཁུངས་ཀྱི་ཁ་གྲངས་མཚོན་པའི་ཧྲིལ་རྣམ་ཚདSརུ་གཏན་འཁེལ་བྱས་ཡོད། དེ་དང་སྤྱིར་བཏང་གི་ཧྲིལ་དབྱིབས་ཚད་མི་འདྲ་སྟེ། འགོ་སྒྲིག་རྣམ་པ་ཕུད་པའི་ཚད་གཞི་གཉིས་ཀྱི་མ་རྡུལ་བཀོལ་སྤྱོད(Atomic Operation)wait(S)དངsignal(S)ཁོ་ནས་བཅར་འདྲི་བྱེད་དོ།། དུས་ཡུན་རིང་མོའི་ནང་དུ། བཀོལ་སྤྱོད་འདི་གཉིས་ལPདངVཡི་བཀོལ་སྤྱོད་ཅེས་སོ་སོ་བཀར་ཡོད། wait(S)དངsignal(S)ཡི་བཀོལ་སྤྱོད་ནི་གཤམ་ལྟར་ཞིབ་བརྗོད་བྱས་ཆོག་སྟེ།

wait(S):   while   S<=0 do no-op;

S:=S-1

signal(S): S:=S+1;

wait(S)དངsignal(S)གཉིས་ནི་མ་རྡུལ་བཀོལ་སྤྱོད་ཡིན་པས། དེ་དག་ལག་བསྟར་བྱེད་དུས་དུས་མཚམས་གཅོད་མི་རུང་། ཡང་གཅིག་བཤད་ན། འཕེལ་རིམ་གཅིག་གིས་བརྡ་རྟགས་ཚད་ག་གེ་མོ་བཟོ་བཅོས་བྱེད་སྐབས། དེ་དང་མཉམ་དུ་བརྡ་རྟགས་ཚད་དེ་ཉིད་ལ་བཟོ་བཅོས་བྱེད་པའི་འཕེལ་རིམ་གཞན་ནི་ཡོད་པ་མིན། དེ་ལས་གཞནwaitབཀོལ་སྤྱོད་ཁྲོད་དུSབྲིན་གྱི་ཚོད་ལེན་དངS:=S-1ཏུ་བསྒྲུབ་པའི་བཀོལ་སྤྱོད་ཀྱང་མཚམས་གཅོད་མི་རུང་།

3_2_2 ཟིན་ཐོ་རྣམ་པའི་བརྡ་རྟགས་ཚད།

ཧྲིལ་རྣམ་བརྡ་རྟགས་ཚད་གྲུབ་ལུགས་ཁྲོདwaitབཀོལ་སྤྱོད་ནི། བརྡ་རྟགས་ཚདS≤0 ཡིན་སྐབས། མུ་མཐུད་དུ་ཚོད་ལེན་བྱེད་པ་ཡིན། དེ་བས། གྲུབ་ལུགས་འདི་ཡིས་དབང་སྤྲོད་ངང་སྒུག་གི་རྩ་དོན་བརྩི་སྲུང་མ་བྱས་སྟབས། འཕེལ་རིམ་ནི་བྲེལ་སྒུག་གི་རྣམ་པར་གནས་སོ།། ཟིན་ཐོ་རྣམ་པའི་བརྡ་རྟགས་ཚད་གྲུབ་ལུགས་ནི་བྲེལ་སྒུག་སྣང་ཚུལ་མེད་པའི་འཕེལ་རིམ་མཉམ་བགྲོད་གྲུབ་ལུགས་ཀྱི་རིགས་ཤིག་ཡིན། འོན་ཀྱང་། དབང་སྤྲོད་ངང་སྒུག་གི་ཐབས་ཇུས་སྤྱད་རྗེས། འཕེལ་རིམ་དུ་མ་ཞིག་གིས་སྐབས་སྦྲེལ་ཐོན་ཁུངས་རིགས་གཅིག་ལ་བཅར་འདྲི་བྱེད་པར་ངང་སྒུག་བགྱིད་པའི་གནས་ཚུལ་བྱུང་། དེར་བརྟེན། བརྡ་རྟགས་ཚད་གྲུབ་ལུགས་ཁྲོད་དུ། ཐོན་ཁུངས་ཁ་གྲངས་མཚོན་བྱེད་ཀྱི་ཧྲིལ་རྣམ་འགྱུར་ཚདvalueཕུད། ད་དུང་འཕེལ་རིམ་སྦྲེལ་རིས་སྟོན་ཁབLཁ་སྣོན་བྱས་ཡོད་ཅིང་། སྦྲེལ་རིས་ནི་གོང་དུ་གླེང་བའི་ངང་སྒུག་འཕེལ་རིམ་ཡོད་ཚད་ལ་སྤྱོད་དོ།། ཟིན་ཐོ་རྣམ་པའི་བརྡ་རྟགས་ཚད་ཅེས་པ་ནི་དེས་སྤྱད་པའི་ཟིན་ཐོ་རྣམ་པའི་གཞི་གྲངས་ཀྱི་གྲུབ་ཚུལ་ལ་གཞིགས་ནས་མིང་ཀྱང་དེ་ལྟར་ཐོགས་པ་ཡིན། དེར་ཚུད་པའི་གཞི་གྲངས་རིགས་གཉིས་ནི་གཤམ་ལྟར་ཞིབ་བརྗོད་བྱས་ཆོག་སྟེ།

type semaphore=record

value:integer:

L:list of process;

end

གོང་དང་འབྲེལ་ནསwait(S)དངsignal(S)བཀོལ་སྤྱོད་ནི་གཤམ་ལྟར་ཞིབ་བརྗོད་བྱས་ན་འདི་ལྟ་སྟེ།

procedure wait(S)

var S: semaphore;

begin

S.value:= S.value-1;

if S.value<0 then block(S.L);

end

procedure signal(S)

var S:semaphore;

begin

S.value:= S.value+1;

if S.value<=0 then wakeup(S.L);

end

ཟིན་ཐོ་རྣམ་པའི་བརྡ་རྟགས་ཚད་གྲུབ་ལུགས་ཁྲོད་དུ། S.valueཡི་འགོ་སྒྲིག་བྲིན་གྱིས་རྒྱུད་ཁོངས་ནང་གི་ཐོན་ཁུངས་ག་གེ་མོའི་ཁ་གྲངས་མཚོན་པས་ན་དེར་ཐོན་ཁུངས་བརྡ་རྟགས་ཅེས་ཀྱང་ཟེར་རོ།།

3_2_3 བརྡ་རྟགས་ཚད་སྤྱི།

ཟིན་ཐོ་རྣམ་པའི་བརྡ་རྟགས་ཚད་སྤྱིའི་གྲུབ་ལུགས་ཁྲོད་དུ། wait(S)དངsignal(S) ཡིས་བརྡ་རྟགས་ཚད་དུ1སྣོན་པའམ་ཡང་ན1འཕྲི་བའི་བཀོལ་སྤྱོད་བྱེད། དེ་ཡིས་ཐེངས་རེར་སྡེ་ཚན་གཅིག་གི་སྐབས་སྦྲེལ་ཐོན་ཁུངས་ཐོབ་པའམ་གློད་གཏོང་བྱེད་པ་མཚོན། ཐེངས་གཅིག་ལNཡི་སྐབས་སྦྲེལ་ཐོན་ཁུངས་ཀྱི་རིགས་ག་གེ་མོ་ཞིག་དགོས་ཚེ། wait(S) བཀོལ་ཐེངསNལ་བྱེད་དགོས་ཤིང་། དེའི་ཕྱོད་ནུས་ནི་ཧ་ཅང་དམའ་བའོ།། གཞན་ཡང་སྐབས་ལ་ལར་ཐོན་ཁུངས་ཀྱི་གྲངས་ཚད་ནི་དམའ་བྲིན་ག་གེ་མོ་ལས་དམའ་ན། ཐོན་ཁུངས་བགོ་བཤའ་མི་བྱེད། དེ་བས། ཐེངས་རེར་བགོ་བཤའ་བྱེད་དུས་ངེས་པར་དུ་ཐོན་ཁུངས་ཀྱི་གྲངས་ལ་ཚོན་ལེན་བྱས་ཏེ། དེ་ནི་དམའ་བྲིན་ལས་ཆེ་མིན་ལ་བལྟ་དགོས། གོང་དུ་གླེང་བའི་གནད་གཉིས་ལ་གཞིགས་ནསDNAབརྡ་རྟགས་གྲུབ་ཚད་ཀྱི་གྲུབ་ལུགས་རྒྱ་སྐྱེད་དེ་བརྡ་རྟགས་ཚད་སྤྱི་སྤྱིར་བཏང་བ་ཞིག་གྲུབ་པར་བྱེད་ཆོག་གོ།

3_3 དོ་དམ་གྲུབ་ལུགས།

བརྡ་རྟགས་ཚད་གྲུབ་ལུགས་ནི་སྟབས་བདེ་ཞིང་ཕན་ནུས་ཡོད་པའི་འཕེལ་རིམ་མཉམ་བགྲོད་ཀྱི་གྲུབ་ལུགས་ཤིག་ཡིན་ཀྱང་། སྐབས་སྦྲེལ་ཐོན་ཁུངས་རེ་རེར་བཅར་འདྲི་བྱེད་དགོས་པའི་འཕེལ་རིམ་ཚང་མར་ངེས་པར་དུ་མཉམ་བགྲོད་བཀོལ་སྤྱོདwait(S)དང signal(S)རང་གཤོམ་དུ་ཡོད་པས། དེ་ཡིས་མཉམ་བགྲོད་བཀོལ་སྤྱོད་གཏོས་ཆེ་བ་དག་འཕེལ་རིམ་སོ་སོའི་ནང་དུ་ཐོར་འགྲེམ་བྱས་ཏེ། རྒྱུད་ཁོངས་ཀྱི་དོ་དམ་ལ་ཉོག་དྲ་བཟོས་པ་མ་ཟད། མཉམ་བགྲོད་བཀོལ་སྤྱོད་འོས་འཚམ་མིན་པས་རྒྱུད་ཁོངས་འཁོར་འགག་ཀྱང་བྱུང་བ་རེད། གོང་གི་གནད་དོན་དེ་དག་ཐག་གཅོད་པའི་བརྒྱུད་རིམ་ཁྲོད་དུ་འཕེལ་རིམ་མཉམ་བགྲོད་ཀྱི་ལག་ཆ་གསར་བ་ཞིག་སྟེ་དོ་དམ(Monitors)ཞེས་པ་བྱུང་བ་རེད།

4 ཚད་ལྡན་འཕེལ་རིམ་མཉམ་བགྲོད་ཀྱི་གནད་དོན།

ལམ་མང་བྱ་རིམ་གྱི་ཁོར་ཡུག་ཏུ། འཕེལ་རིམ་མཉམ་བགྲོད་ཀྱི་གནད་དོན་ནི་ཧ་ཅང་གལ་ཆེ་ཞིང་སྤྲོ་སྣང་ཡོད་པའི་གནད་དོན་ཡིན་སྟབས། མཁས་པ་མི་ཉུང་བ་ཞིག་དེ་ལ་ཞིབ་འཇུག་བྱེད་པར་ངང་གིས་ཞུགས་ཤིང་། ཚད་ལྡན་འཕེལ་རིམ་མཉམ་བགྲོད་ཀྱི་གནད་དོན་ཡང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་རེད། དེ་ལས་ཆེས་ཚབ་མཚོན་རང་བཞིན་ལྡན་པ་ཞིག་ནི“ཐོན་སྐྱེད་པ-འཛད་སྤྱོད་པ”འི་གནད་དོན། “ཀློག་མཁན-འབྲི་མཁན”གྱི་གནད་དོན། “མཚན་ཉིད་རིག་པ་མཁན་གྱིས་གསོལ་ཚིགས་བཞེས་པ”འི་གནད་དོན་སོགས་སོ།། གནད་དོན་འདི་དག་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་པ་བརྒྱུད་ནས། ང་ཚོས་འཕེལ་རིམ་མཉམ་བགྲོད་ཀྱི་མཚན་ཉིད་དང་མངོན་འགྱུར་བྱེད་པའི་ཐབས་ལམ་ལ་ངེས་ཤེས་རྙེད་པར་རོགས་རམ་ལེགས་པོ་ཐོབ་ཐུབ་པའོ།།

4_1 ཐོན་སྐྱེད་པ-འཛད་སྤྱོད་པ།

1.ཟིན་ཐོ་རིགས་ཀྱི་བརྡ་རྟགས་ཚད་སྤྱད་ནས་ཐོན་སྐྱེད་པ—འཛད་སྤྱོད་པའི་གནད་དོན་ཐག་གཅོད་པ།

ཐོན་སྐྱེད་པ་དང་འཛད་སྤྱོད་པའི་བར་གྱི་སྤྱི་སྤྱོད་ལྷོད་གཏོང་གཤོང་བུའི་ནང་དུ་ལྷོད་གཏོང་ཁུལnཡོད་པར་ཆ་བཞག་ན། འདིའི་སྐབས་སུ་འབུད་རེས་བརྡ་རྟགས་ཚདmutexསྤྱད་ནས་འཕེལ་རིམ་རྣམས་ཀྱིས་ལྷོད་གཏོང་གཤོང་བུ་འབུད་རེས་ཀྱིས་སྤྱོད་པ་མངོན་འགྱུར་བྱེད་ཆོག བརྡ་རྟགས་ཚདemptyདངfullཡིས་སོ་སོར་ལྷོད་གཏོང་ཁུལ་ནང་གི་ལྷོད་གཏོང་ཁུལ་སྟོང་བ་དང་ལྷོད་གཏོང་ཁུལ་གང་བའི་གྲངས་ཚད་མཚོན་པ་ཡིན། ཡང་ཐོན་སྐྱེད་པ་དང་འཛད་སྤྱོད་པ་འདི་དག་ཕན་ཚུན་མཚུངས་མཉམ་ཡིན་པར་ཆ་བཞག་ན། གལ་སྲིད་ལྷོད་གཏོང་གཤོང་བུ་གང་མེད་ཚེ། ཐོན་སྐྱེད་པས་བརྡ་འཕྲིན་ལྷོད་དེ་མུར་གཏོང་ཁུལ་དུ་སྐྱེལ་བ་དང་། གལ་སྲིད་ལྷོད་གཏོང་གཤོང་བུ་སྟོང་བ་མིན་ཚེ། འཛད་སྤྱོད་པའི་ལྷོད་གཏོང་གཤོང་བུ་རུ་བརྡ་འཕྲིན་གཅིག་ལེན་པ་ཡིན། ཐོན་སྐྱེད—འཛད་སྤྱོད་པའི་གནད་དོན་ཞིབ་བརྗོད་བྱས་པ་གཤམ་ལྟར།

Var mutex,empty,full:semaphore:=1,n,0;

buffer:array[0,..., n-1] of item;

in,out:         integer:=0,0;

begin

parbegin

procedure:     begin

repeat 

producer an item nextp;

wait(empty);

wait(mutex);

buffer(in):=nextp;

in:=(in+1) mod n;

signal(mutex);

signal(full);

until false;

end

consumer:   begin

repeat

wait(full);

wait(mutex);

nextc:=buffer(out);

out:=(out+1) mod n;

signal(mutex);

signal(empty);

consumer the item in nextc;

until false;

end

parend

end

ཐོན་སྐྱེད་པ—འཛད་སྤྱོད་པའི་གནད་དོན་ཁྲོད་ཡིད་གཟབ་བྱ་དགོས་པ་ནི།

གཅིག བྱ་རིམ་སོ་སོའི་ནང་དུ་ངེས་པར་དུ་འབུད་རེས་མངོན་པར་བྱེད་པའིwait(mutex)དངsignal(mutex)ཆ་འགྲིག་ཡིན་དགོས།

གཉིས། ཐོན་སྐྱེད་བརྡ་རྟགས་ཚད་ཀྱིemptyདངfullཡི་བཀོལ་སྤྱོདwaitདངsignal ཡང་ཆ་འགྲིག་ཏུ་མངོན་དགོས། ཡིན་ན་ཡང་། དེ་དག་བྱ་རིམ་མི་གཅིག་པའི་ནང་དུ་སོ་སོར་གནས་པ་སྟེ། དཔེར་ན། wait(empty)ནི་རྩིས་རྒྱག་འཕེལ་རིམ་དུ་གནས་པ་དང་། signal(empty)ནི་པར་འདེབས་འཕེལ་རིམ་དུ་གནས་པ་ལྟ་བུ། གལ་སྲིད་རྩིག་རྒྱག་འཕེལ་རིམ་གྱིསwait(empty)ལག་བསྟར་བྱས་པས་འཕེལ་རིམ་ཁེགས་པར་གྱུར་ཚེ། ཕྱིས་སུ་པར་འདེབས་འཕེལ་རིམ་གྱིས་དེ་ཉིད་སད་པར་བྱེད་པ་ཡིན།

གསུམ། བྱ་རིམ་སོ་སོའི་ནང་གིwaitཡི་བཀོལ་སྤྱོད་དུ་མའི་གོ་རིམ་ནི་ལྡོག་མི་རུང་སྟེ། ཐོག་མར་ཐོན་ཁུངས་བརྡ་རྟགས་ཚད་ཀྱིwaitབཀོལ་སྤྱོད་བྱེད་པ་དང་། དེ་ནས་ཐོན་ཁུངས་བརྡ་རྟགས་ཚད་ལག་བསྟར་བྱེད་པའིwaitབཀོལ་སྤྱོད་བྱེད་དགོས། དེ་ལས་ལྡོག་ན་འཕེལ་རིམ་འཁོར་འགག་འབྱུང་བ་ཡིན།

2.DNAབརྡ་རྟགས་ཚད་སྤྱད་ནས་ཐོན་སྐྱེད་པ—འཛད་སྤྱོད་པའི་གནད་དོན་ཐག་གཅོད་པ།

ཐོན་སྐྱེད་པ—འཛད་སྤྱོད་པའི་གནད་དོན་ལ་མཚོན་ན། DNAབརྡ་རྟགས་སྤྱད་ནས་ཀྱང་ཐག་གཅོད་བྱས་ཆོག་པ་སྟེ། Swait(empty,mutex)ཡིསwait(empty)དང wait(mutex)ཚབ་བྱེད་པ་དང་། Ssignal(mutex,full)ཡིསsignal(mutex)དང signal(full)ཡི་ཚབ་བྱེད་པ། Swait(full,mutex)ཡིསwait(full)དངwait(mutex)

ཚབ་བྱེད་པ། Ssignal(mutex,empty)ཡིསsignal(mutex)དངsignal(empty)ཡི་ཚབ་བྱེད་པའོ།། བརྡ་རྟགས་ཚད་སྤྱད་ནས་ཐོན་སྐྱེད་པ—འཛད་སྤྱོད་པའི་གནད་དོན་གྱི་བརྩི་ཐབས་གཤམ་ལྟར་ཞིབ་བརྗོད་བྱས་ཆོག་པ་སྟེ།

Var mutex, empty,full:  semaphore:=1, n, 0;

buffer:array[0,…,n-1] of item;

in out:  integer:=0, 0;

begin

parbegin

producer: begin

repeat

produce an item in nextp’

Swait(empty,mutex);

buffer(in):=nextp;

in:=(in+1)mod n;

Ssignal(mutex,full);

until false;

end

consumer:begin

repeat

Swait(full,mutex);

Nextc:=buffer(out);

Out:=(out+1)mod n;

Ssignal(mutex,empty);

consumer the item in nextc;

until false;

end

parend

end

4_2 ཀློག་མཁན-འབྲི་མཁན་གྱི་གནད་དོན།

གཞི་གྲངས་གཅིག་གི་ཡིག་ཆའམ་ཟིན་ཐོའི་ནང་དུ། འཕེལ་རིམ་མང་པོ་ཞིག་མཉམ་སྤྱོད་བྱས་ཆོག་པ་ཡིན། ང་ཚོས་ཡིག་ཆ་དེ་ཉིད་ཀློག་པའི་འཕེལ་རིམ་ལ“Readerའཕེལ་རིམ”ཟེར་ཞིང་། འཕེལ་རིམ་གཞན་དག་ལ“Writerའཕེལ་རིམ”ཟེར། འཕེལ་རིམ་མང་པོས་མཉམ་སྤྱོད་བྱ་ཡུལ་གཅིག་དུས་མཉམ་དུ་ཀློག་ཆོག་པས། ཀློག་པོའི་བཀོལ་སྤྱོད་ཀྱིས་གཞི་གྲངས་ཡིག་ཆ་རྙོག་འཛིང་དུ་མི་གཏོང་མོད། འོན་ཀྱང་། Writerའཕེལ་རིམ་གཅིག་དངReaderའཕེལ་རིམ་གཞན་དག་གམ། ཡང་ནWriterའཕེལ་རིམ་གྱིས་དུས་མཉམ་དུ་མཉམ་སྤྱོད་བྱ་ཡུལ་ལ་བཅར་འདྲི་བྱས་མི་ཆོག རྒྱུ་མཚན་ནི་བཅར་འདྲི་བྱེད་སྟངས་འདི་ལྟ་བུས་རྙོག་དྲ་བཟོ་སྲིད་པའོ།། ཀློག་མཁན—འབྲི་མཁན་གྱི་གནད་དོན་ནིWriterའཕེལ་རིམ་ཞིག་གིས་ངེས་པར་དུ་འཕེལ་རིམ་གཞན་པ་ཕན་རེས་ཀྱིས་མཉམ་སྤྱོད་བྱ་ཡུལ་ལ་བཅར་འདྲི་བྱེད་པའི་མཉམ་བགྲོད་གནད་དོན་ཡིན། ཀློག་མཁན—འབྲི་མཁན་གྱི་གནད་དོན་ནི་རྒྱུན་པར་མཉམ་བགྲོད་གཉུག་སྐད་གསར་བ་ཚོད་ལེན་བྱེད་པར་སྤྱོད་པའོ།།

1.ཟིན་ཐོ་རིགས་ཀྱི་བརྡ་རྟགས་ཚད་སྤྱད་ནས་ཀློག་མཁན—འབྲི་མཁན་གྱི་གནད་དོན་ཐག་གཅོད་པ།

ReaderདངWriterའཕེལ་རིམ་བར་དུ་ཀློག་པའམ་འབྲི་བའི་དུས་ཀྱི་འབུད་རེས་མངོན་འགྱུར་བྱ་ཆེད་འབུད་རེས་བརྡ་རྟགས་ཚདWmutexསྒྲིག་འགོད་བྱས་ཡོད་པ་ལས་གཞན། ཧྲིལ་རྣམ་འགྱུར་ཚདReadcountཡང་སྒྲིག་འགོད་བྱས་ཡོད་ཅིང་། དེ་ཡིས་ཀློག་བཞིན་པའི་འཕེལ་རིམ་གྲངས་མཚོན་པ་ཡིན། གལ་སྲིདReaderའཕེལ་རིམ་གྱིས་ཀློག་པའི་དུས་སུ། Writerའཕེལ་རིམ་གྱིས་འབྲི་མི་རུང་བ་ཡིན། དེ་བསReadcount=0ཡིན་དུས། Readerའཕེལ་རིམ་གྱིས་ད་དུང་ཀློག་གིན་མེད་པ་མཚོན། དེ་དུསReaderའཕེལ་རིམ་གྱིསWait(Wmutex)བཀོལ་སྤྱོད་ལག་བསྟར་བྱེད་དགོས་ཤིང་། Wait(Wmutex)བཀོལ་སྤྱོད་ལེགས་འགྲུབ་བྱུང་རྗེས། Readerའཕེལ་རིམ་གྱིས་ཀློག་ཆོག་པ་དང་། Readcountལ1སྣོན་པའི་བཀོལ་སྤྱོད་ལག་ཏུའང་བསྟར་བར་བྱའོ།། དེ་བཞིན་དུ། Readའཕེལ་རིམ་གྱིསReadcountལས1འཕྲི་བའི་བཀོལ་སྤྱོད་ལག་ཏུ་བསྟར་ནས་དེའི་བྲིན་ནི0ཡིན་སྐབས། ད་གཟོདsignal(Wmutex)ཡི་བཀོལ་སྤྱོད་ལག་ཏུ་བསྟར་བ་དང་། Writerའཕེལ་རིམ་གྱིས་འབྲི་བ་ལ་སྟབས་བདེ་བཟོ་བའོ།། དེའི་རྐྱེན་གྱིསReadcountནིReaderའཕེལ་རིམ་དུ་མས་བཅར་འདྲི་བྱེད་ཆོག་པའི་སྐབས་སྦྲེལ་ཐོན་ཁུངས་ཤིག་ཡིན་སྟབས། དེ་ལ་འབུད་རེས་ཆ་འཕྲིན་ཚདrmutexསྒྲིག་འགོད་བྱེད་དགོས་པའོ།།

ཀློག་མཁན—འབྲི་མཁན་གྱི་གནད་དོན་གཤམ་ལྟར་ཞིབ་བརྗོད་བྱས་ན།

Var rmutex, wmutex:  semaphore:=1,1;

Readcount:  integer:=0;

begin

parbegin

Reader:  begin

repeat

wait(rmutex);

if readcount=0 then wait(wmutex);

Readcount:= Readcount+1;

signal(rmutex);

perform read operation;

wait(rmutex);

readcount:= readcount-1;

if readcount=0 then signal(wmutex);

signal(rmutex);

until false;

end

writer:  begin

repeat

wait(wmutex);

perform write operation;

signal(wmutex);

until false;

end

parend

end

2.བརྡ་རྟགས་ཚད་སྤྱི་སྤྱད་ནས་ཀློག་མཁན—འབྲི་མཁན་གྱི་གནད་དོན་ཐག་གཅོད་པ།

འདིའི་སྐབས་ཀྱི་ཀློག་མཁན—འབྲི་མཁན་གྱི་གནད་དོན་ནི་སྔོན་དང་ཅུང་མི་འདྲ། འདིའི་སྐབས་སུ་དེ་ལ་ཚད་བཀག་ཅིག་ཁ་སྣོན་བྱས་པ་སྟེ། དེ་ནི་ཆེས་མང་ན་ཡང་ཀློག་མཁནRNཡིས་དུས་གཅིག་ཏུ་ཀློག་ཆོག་པ་དེའོ།། དེ་ལས་གཞན། བརྡ་རྟགས་ཚདLནང་འདྲེན་བྱས་ཤིང་། དེར་འགོ་སྒྲིག་བྲིནRNབྱིན་ཡོད་པ་དང་། wait(L,1,1)ཡི་བཀོལ་སྤྱོད་ལག་བསྟར་བྱས་པ་ལ་བརྟེན་ནས་ཀློག་མཁན་གྱི་གྲངས་ཚོད་འཛིན་བྱེད་པའོ།། གལ་ཏེ་ཀློག་མཁན་གཅིག་ཐེངས་རེར་འཕེལ་རིམ་དུ་འཛུལ་དུས། wait(L,1,1)ཡི་བཀོལ་སྤྱོད་ལག་བསྟར་བྱས་ཏེ། Lཡི་བྲིན་ལས1འཕྲི་དགོས། གལ་ཏེRNཡི་ཀློག་པ་པོ་འཕེལ་རིམ་དུ་འཛུལ་ནས་བཀླགས་རྗེས། Lཡི་བྲིན0རུ་གྱུར་བའོ།། གལ་ཏེRN+1ཡི་ཀློག་མཁན་འཛུལ་ནས་ཀློག་པའི་ཚེ། wait(L,1,1)ཡི་བཀོལ་སྤྱོད་ནི་ལེགས་འགྲུབ་མི་བྱུང་ཞིང་ཁེགས་པར་འགྱུར་བ་ཡིན། བརྡ་རྟགས་ཚད་སྤྱི་སྤྱད་ནས་ཀློག་མཁན—འབྲི་མཁན་གྱི་གནད་དོན་ཐག་གཅོད་པའི་ཞིབ་བརྗོད་གཤམ་ལྟར་རོ།།

Var RN integer;

L, mx: semaphore:=RN,1;

begin

parbegin

reader:begin

repeat

Swait(L,1,1);

Swait(mx,1,0);

perform read operation;

Ssignal(L,1);

until false;

end

writer: begin

repeat

Swait(mx,1,1; L,RN,0);

perform write operation;

Ssignal(mx,1);

until false

end

parend

end

འདིའི་ནང་དུ་རྗོད་ཚིགSwait(mx,1,0)ཡིས་བསད་སྦར་གྱི་ནུས་པ་ཐོན་ཡོད། writerའཕེལ་རིམ་འབྲི་བ་ལ་འཛུལ་མེད་དུས། mx=1ཡིན་ཞིང་། readerའཕེལ་རིམ་ཚང་མ་འཛུལ་ནས་ཀློག་ཆོག་པ་ཡིན། ཡིན་ན་ཡང་། writerའཕེལ་རིམ་འབྲི་བ་ལ་འཛུལ་ཡོད་དུས། mx=0ཡིན་ཞིང་། readerའཕེལ་རིམ་གང་ཡང་ཀློག་པ་ལ་འཛུལ་ཐབས་བྲལ། རྗོད་ཚིགSwait(mx,1,1; L,RN,0)ཡིསWriterའཕེལ་རིམ་གྱིས(mx=1)འབྲི་བའམ། readerའཕེལ་རིམ་གྱིས(L=RN)ཀློག་གི་མེད་པ་མཚོན་དུས། writerའཕེལ་རིམ་ནི་ད་གཟོད་སྐབས་སྦྲེལ་དུ་འཛུལ་ནས་འབྲི་ཆོག་པ་ཡིན།

5 འཕེལ་རིམ་འཕྲིན་གཏོང་།

འཕེལ་རིམ་འཕྲིན་གཏོང་ནི་འཕེལ་རིམ་བར་དུ་ཆ་འཕྲིན་བརྗེ་རེས་བྱེད་པའོ།། དེ་ཡིས་བརྗེ་རེས་བྱས་པའི་ཆ་འཕྲིན་ནི་ཉུང་མཐར་རྣམ་པ་གཅིག་གམ་གྲངས་བྲིན་གཅིག་དང་། མང་མཐར་ཡིག་ཚིགས་ཁྲི་ཕྲག་ལས་བརྒལ་བ་ཞིག་གོ། འཕེལ་རིམ་འཕྲིན་གཏོང་གིས་བརྗེ་རེས་བྱས་པའི་ཆ་འཕྲིན་ཚད་ཉུང་བས་རྐྱེན་གྱིས་འཕེལ་རིམ་བར་གྱི་འབུད་རེས་དང་མཉམ་བགྲོད་ནི་དམའ་རིམ་འཕྲིན་གཏོང་དུ་བསྡུས་ཡོད།

འཕེལ་རིམ་འབུད་རེས་ཁྲོད་དུ། འཕེལ་རིམ་གྱིས་བརྡ་རྟགས་ཚད་བཟོ་བཅོས་བྱས་པ་ཁོ་ནར་བརྟེན་ནས་འཕེལ་རིམ་གཞན་ལ་སྐབས་སྦྲེལ་ཐོན་ཁུངས་སྤྱོད་ཆོག་མིན་གསལ་སྟོན་བྱེད་པ་དང་། ཐོན་སྐྱེད་པ་དང་འཛད་སྤྱོད་པའི་གནད་དོན་ཁྲོད་དུ། ཐོན་སྐྱེད་པས་ལྷོད་གཏོང་གཤོང་བུ་བརྒྱུད་ནས་ཐོན་སྐྱེད་བྱས་པའི་ཐོན་རྫས་འཛད་སྤྱོད་པར་སྐྱེལ་བར་བྱེད་པའོ།།

འདི་ལས་ཤེས་ཐུབ་པ་ནི་བརྡ་རྟགས་ཚད་གྲུབ་ལུགས་ནི་མཉམ་བགྲོད་ལག་ཆ་ཞིག་ཏུ་བྱས་ན་ཕན་ནུས་མངོན་གསལ་ལྡན་མོད། འོན་ཀྱང་། འཕྲིན་གཏོང་ལག་ཆ་ཞིག་ཏུ་བྱས་ན་དེ་འདྲའི་ཡིད་ཚིམ་པ་ཞིག་མ་རེད། གཤམ་གྱི་ཕྱོགས་གཉིས་ཀྱིས་མངོན་པར་མཚོན་པ་སྟེ།

(1)ལས་ཕྱོད་དམའ་བ།

ཐོན་སྐྱེད་པས་ཐེངས་རེར་ལྷོད་གཏོང་གཤོང་བུ་རུ་ཐོན་རྫས་གཅིག་གམ་བརྡ་འཕྲིན་གཅིག་ཁོ་ན་འཇོག་པ་དང་། འཛད་སྤྱོད་པས་ལྷོད་གཏོང་ཁུལ་དུ་ཐོན་རྫས་གཅིག་གམ་བརྡ་འཕྲིན་གཅིག་ཁོ་ན་ལེན་པ།

(2)འཕྲིན་གཏོང་བརྒྱུད་རིམ་ནི་སྤྱོད་མཁན་ལ་གསལ་སྟོན་མི་བྱེད་པ།

སྤྱོད་མཁན་གྱིས་དམའ་རིམ་འཕྲིན་གཏོང་ལག་ཆ་སྤྱད་ནས་འཕེལ་རིམ་འཕྲིན་གཏོང་མངོན་འགྱུར་བྱེད་པ་ནི་ཧ་ཅང་སྟབས་བདེ་ཞིག་མིན་པས། མཉམ་སྤྱོད་གཞི་གྲངས་གྲུབ་ཚུལ་གྱི་སྒྲིག་འགོད་དང་། གཞི་གྲངས་སྐྱེལ་བ། འཕེལ་རིམ་གྱི་འབུད་རེས་དང་མཉམ་བགྲོད་ཚང་མ་ནི་བྱ་རིམ་པས་མངོན་འགྱུར་བྱེད་དགོས་པ་ལས། བཀོལ་སྤྱོད་རྒྱུད་ཁོངས་ཀྱིས་མཉམ་སྤྱོད་གསོག་ཆས་ཁོ་ན་ཙམ་ལས་མཁོ་འདོན་མི་བྱེད་དོ།།

མཐོ་རིམ་འཕེལ་རིམ་འཕྲིན་གཏོང་ཞེས་པ་ནི་སྤྱོད་མཁན་གྱིས་ཐད་ཀར་དུ་བཀོལ་སྤྱོད་རྒྱུད་ཁོངས་ཀྱིས་མཁོ་འདོན་བྱས་པའི་འཕྲིན་གཏོང་བཀའ་བརྡ་ཚོ་གཅིག་སྤྱད་ནས་ཕྱོད་ནུས་ཆེན་པོས་གཞི་གྲངས་གཏོས་ཆེ་བ་སྐྱེལ་བར་བྱེད་པའི་འཕྲིན་གཏོང་བྱེད་སྟངས་ཤིག་ལ་ཟེར། བཀོལ་སྤྱོད་རྒྱུད་ཁོངས་ཀྱིས་འཕེལ་རིམ་འཕྲིན་གཏོང་གི་མངོན་འགྱུར་ཕྲ་ཞིབ་དག་ཡིབ་ཡོད་པའམ། ཡང་ན་འཕྲིན་གཏོང་བརྒྱུད་རིམ་ནི་སྤྱོད་མཁན་ལ་གསལ་སྟོན་མི་བྱེད་པས། འཕྲིན་གཏོང་བྱ་རིམ་སྒྲིག་བཟོའི་རྙོག་དྲ་ཉུང་དུ་བཏང་ཡོད་དོ།།

OSའཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། འཕེལ་རིམ་བར་དུ་འཕྲིན་གཏོང་མངོན་འགྱུར་བྱེད་པའི་གྲུབ་ལུགས་ཀྱང་གོང་དུ་འཕེལ་བཞིན་ཡོད་ཅིང་། སྔ་དུས་ཀྱི་དམའ་རིམ་གྱི་འཕྲིན་གཏོང་གྲུབ་ལུགས་དེ་གཞི་གྲངས་གཏོས་ཆེ་བ་སྐྱེལ་ཐུབ་པའི་མཐོ་རིམ་འཕེལ་རིམ་གྱི་འཕྲིན་གཏོང་གྲུབ་ལུགས་སུ་འཕེལ་རྒྱས་བྱུང་། མིག་སྔར། མཐོ་རིམ་འཕེལ་རིམ་གྱི་འཕྲིན་གཏོང་གྲུབ་ལུགས་ཕྱོགས་བསྡུས་བྱས་ན་རིགས་ཆེ་བ་གསུམ་དུ་འདུ་སྟེ། དེ་ནི་མཉམ་སྤྱོད་གསོག་ཆས་རྒྱུད་ཁོངས་དང་། བརྡ་འཕྲིན་བརྒྱུད་སྤྲོད་རྒྱུད་ཁོངས། སྦུག་ལམ་འཕྲིན་གཏོང་རྒྱུད་ཁོངས་བཅས་སོ།།

6 ཐིག་རིམ།

དུས་རབས20པའི་ལོ་རབས60པའི་ནང་མི་རྣམས་ཀྱིས་འཕེལ་རིམ་གྱི་དོན་སྤྱི་ཐོག་མར་བཏོན་པ་ནས་བཟུང་། OSཡི་ནང་དུ་འཕེལ་རིམ་ནི་ཐོན་ཁུངས་དབང་བ་དང་ཁེར་ཚུགས་སུ་འཁོར་སྐྱོད་བྱེད་ཐུབ་པའི་རྨང་གཞིའི་སྡེ་ཚན་དུ་བྱས་པ་རེད། དེ་ནས་དུས་རབས20པའི་ལོ་རབས80པའི་དུས་དཀྱིལ་དུ་སླེབས་ན། མི་རྣམས་ཀྱིས་ཡང་བསྐྱར་འཕེལ་རིམ་ལས་ཆུང་ཞིང་ཁེར་ཚུགས་སུ་འཁོར་སྐྱོད་བྱེད་པའི་རྨང་གཞིའི་སྡེ་ཚན་སྟེ་ཐིག་རིམ་ཞེས་པ་བཏོན་ཞིང་། དེ་ཉིད་སྤྱད་ནས་རྒྱུད་ཁོངས་སུ་བྱ་རིམ་མཉམ་བསྟར་གྱི་ཚད་མཐོ་རུ་བཏང་སྟེ། རྒྱུད་ཁོངས་ཀྱི་འདོན་འཇུག་ཚད་མཐོར་འདེགས་བྱེད་པའི་དམིགས་ཡུལ་འཆིང་བ་རེད། ལྷག་པར་དུ་དུས་རབས20པའི་ལོ་རབས90པའི་རྗེས་སུ། སྒྲིག་འཁོར་མང་བའི་རྒྱུད་ཁོངས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བ་ན། ཐིག་རིམ་གྱིས་འཕེལ་རིམ་ལས་ལྷག་པར་བྱ་རིམ་མཉམ་བསྟར་གྱི་ཚད་མཐོ་རུ་བཏང་ཞིང་། སྒྲིག་འཁོར་མང་བའི་རྒྱུད་ཁོངས་ཀྱི་ཁྱད་འཕགས་རང་བཞིན་མངོན་དུ་ཕྱུང་བས་ན། ཉེ་བའི་ལོ་འགའི་ནང་གསར་སྤེལ་བྱས་པའི་སྒྲིག་འཁོར་མང་བའིOSཚང་མ་རུ་ཐིག་རིམ་འདྲེན་འཇུག་བྱས་ཡོད་ཅིང་། དེ་ཡིསOSཡི་གཤིས་ནུས་ལ་ལེགས་བཅོས་བྱས་ཡོད།

6_1 ཐིག་རིམ་བར་གྱི་མཉམ་བགྲོད་དང་འཕྲིན་གཏོང་།

རྒྱུད་ཁོངས་ནང་གི་ཐིག་རིམ་མང་པོ་གོ་རིམ་མི་འཁྲུག་པར་འཁོར་སྐྱོད་བྱེད་དགོས་ན། རྒྱུད་ཁོངས་སུ་ངེས་པར་དུ་ཐིག་རིམ་བར་མཉམ་བགྲོད་དང་འཕྲིན་གཏོང་མངོན་འགྱུར་བྱེད་པར་སྤྱོད་པའི་གྲུབ་ལུགས་མཁོ་འདོན་བྱ་དགོས། ཟློས་ཕྱོད་མི་གཅིག་པའི་སྤེལ་རེས་བཀོལ་སྤྱོད་དང་ཚད་མི་གཅིག་པའི་མཉམ་བསྟར་ལ་རྒྱབ་སྐྱོར་བྱེད་ཐུབ་ཆེད། ཐིག་རིམ་མང་བའིOSརྒྱུན་པར་མཉམ་བགྲོད་གྲུབ་ལུགས་རིགས་མང་པོ་མཁོ་འདོན་བྱས་ཡོད། དཔེར་ན། འབུད་རེས་ཟྭ་དང་། ཆ་རྐྱེན་འགྱུར་ཚད། བགྲང་གྲངས་བརྡ་རྟགས་ཚད། མང་ཀློག་དང་རྐྱང་འབྲིའི་ཟྭ་སོགས་སོ།།

6_2 ཐིག་རིམ་གྱི་མངོན་འགྱུར་བྱེད་སྟངས།

ཐིག་རིམ་ནི་རྒྱུད་ཁོངས་མང་པོའི་ཁྲོད་དུ་མངོན་འགྱུར་བྱུང་ཡོད་ཀྱང་། རྒྱུད་ཁོངས་སོ་སོས་མངོན་འགྱུར་བྱེད་སྟངས་ནི་ཆ་ཡོངས་སུ་མཚུངས་བ་ཞིག་མ་ཡིན་སྟེ།རྒྱུད་ཁོངས་ཁ་ཤས་སམ་ལྷག་པར་དུ་གཞི་གྲངས་མཛོད་དོ་དམ་རྒྱུད་ཁོངས་ཏེ། དཔེར་ན། Infomixལྟ་བུ་ཡི་མངོན་འགྱུར་བྱེད་སྟངས་ནི་སྤྱོད་མཁན་རིམ་པའི་ཐིག་རིམ་ཡིན། རྒྱུད་ཁོངས་ཁ་ཅིག་གི་མངོན་འགྱུར་བྱེད་སྟངས་ནི་ལྟེ་སྙིང་གིས་རྒྱབ་སྐྱོར་ཡོད་པའི་ཐིག་རིམ་ཡིན་པ་དང་། ཡང་དེ་ལས་གཞན་པའི་རྒྱུད་ཁོངས་ཏེ་དཔེར་ན(Solaris)བཀོལ་སྤྱོད་རྒྱུད་ཁོངས་སུ་རིགས་གཉིས་ཀྱི་ཐིག་རིམ་དུས་མཚུངས་སུ་མངོན་འགྱུར་བྱེད་པ་ལྟ་བུའོ།།

6_2_1 ལྟེ་སྙིང་རྒྱབ་སྐྱོར་ཐིག་རིམ།

ནམ་རྒྱུན་གྱི་འཕེལ་རིམ་ལ་མཚོན་ན། རྒྱུད་ཁོངས་འཕེལ་རིམ་ཡིན་ནའང་འདྲ། སྤྱོད་མཁན་འཕེལ་རིམ་ཡིན་ནའང་འདྲ། འཕེལ་རིམ་གྱི་གསར་བཟོ་དང་། ཕྱིར་འཐེན། རྒྱུད་ཁོངས་སྒྲིག་ཆས་ཀྱིས་ལེགས་འགྲུབ་བྱེད་དགོས་པའིI/Oབཀོལ་སྤྱོད་ཚང་མ་ནི་རྒྱུད་ཁོངས་འདོན་སྤྱོད་ལ་བརྟེན་ནས་ལྟེ་སྙིང་དུ་འཛུལ་བ་དང་། དེ་ནས་ལྟེ་སྙིང་ནང་གི་འབྲེལ་ཡོད་སྒྲིག་ཆས་བྱ་རིམ་གྱིས་ལེགས་འགྲུབ་བྱས་པ་ཞིག་རེད། འཕེལ་རིམ་གྱི་བརྗེ་སྤོར་ཡང་དེ་དང་མཚུངས་པར་ལྟེ་སྙིང་གི་རྒྱབ་སྐྱོར་ཐོབ་པའི་འོག་མངོན་འགྱུར་བྱུང་བའོ།།

འདི་རུ་ལྟེ་སྙིང་རྒྱབ་སྐྱོར་ཐིག་རིམKSTཅེས་པ་ཡང་ལྟེ་སྙིང་གི་རྒྱབ་སྐྱོར་ལ་བརྟེན་ནས་འཁོར་སྐྱོད་བྱས་པ་ཞིག་ལ་ཟེར་བ་སྟེ། སྤྱོད་མཁན་འཕེལ་རིམ་ནང་གི་ཐིག་རིམ་ཡིན་ནའང་འདྲ། རྒྱུད་ཁོངས་འཕེལ་རིམ་ནང་གི་ཐིམ་རིམ་ཡིན་ནའང་འདྲ། དེ་དག་གི་གསར་བཟོ་དང་ཕྱིར་འཐེན། བརྗེ་སྤོར་ཚང་མ་ནི་ལྟེ་སྙིང་ལ་བརྟེན་ཞིང་ལྟེ་སྙིང་གི་བར་སྟོང་གིས་མངོན་འགྱུར་བྱས་པ་ཞིག་གོ། དེ་ལས་གཞན། ལྟེ་སྙིང་བར་སྟོང་གིས་ད་དུང་ལྟེ་སྙིང་རྒྱབ་སྐྱོར་ཐིག་རིམ་གྱི་ཚོད་འཛིན་སྡེ་ཞིག་ཀྱང་སྒྲིག་འགོད་བྱས་ཡོད་ཅིང་། ལྟེ་སྙིང་གིས་ཚོད་འཛིན་སྡེ་འདི་ལ་གཞིགས་ནས་ཐིག་རིམ་ག་གེ་མོ་གནས་པ་ཚོར་ཞིང་དེ་ལ་ཚོད་འཛིན་བྱེད་པའོ།།

6_2_2 སྤྱོད་མཁན་རིམ་པའི་ཐིག་རིམ།

སྤྱོད་མཁན་རིམ་པའི་ཐིག་རིམ་ནི་སྤྱོད་མཁན་བར་སྟོང་ཁོ་ནར་གནས་ཡོད་པས། ཐིག་རིམ་འདི་ལྟ་བུའི་གསར་བཟོ་དང་ཕྱིར་འཐེན། ཐིག་རིམ་བར་གྱི་མཉམ་བགྲོད་དང་འཕྲིན་གཏོང་སོགས་ཀྱི་བྱེད་ནུས་ཚང་མ་རྒྱུད་ཁོངས་འདོན་སྤྱོད་ལ་བརྟེན་ནས་མངོན་འགྱུར་བྱེད་མི་དགོས། དེ་དང་འདྲ་བར་སྤྱོད་མཁན་རིམ་པའི་ཐིག་རིམ་བརྗེ་སྤོར་ལ་མཚོན་ན། རྒྱུན་པར་ཉེར་སྤྱོད་འཕེལ་རིམ་གཅིག་གི་ཐིག་རིམ་མང་པོའི་བར་དུ་འབྱུང་བཞིན་ཡོད་པས་ན། ལྟེ་སྙིང་གིས་རྒྱབ་སྐྱོར་ཐོབ་དགོས་མི་དགོས། བརྗེ་སྤོར་གྱི་སྒྲིག་སྲོལ་ནི་འཕེལ་རིམ་བཀོད་གཏོང་དང་བསྡུར་ན་སྟབས་བདེ་ཡིན་པས། ཐིག་རིམ་གྱི་བརྗེ་སྤོར་མྱུར་ཚད་ཧ་ཅང་མགྱོགས། འདི་ལས་འདི་ལྟ་བུའི་ཐིག་རིམ་དང་ལྟེ་སྙིང་བར་ལ་འབྲེལ་བ་ཅི་ཡང་མེད་པ་ཤེས་ཐུབ་བོ།།

6_2_3 མཉམ་སྡེབ་བྱེད་སྟངས།

བཀོལ་སྤྱོད་རྒྱུད་ཁོངས་ཁ་ཤས་ཀྱིས་སྤྱོད་མཁན་རིམ་པའི་ཐིག་རིམ་དང་ལྟེ་སྙིང་རྒྱབ་སྐྱོར་ཐིག་རིམ་གཉིས་མཉམ་སྡེབ་བྱས་ཏེ། མཉམ་སྡེབ་ཐིག་རིམULT/KSTམཁོ་འདོན་བྱས་ཡོད། མཉམ་སྡེབ་ཐིག་རིམ་རྒྱུད་ཁོངས་སུ་ལྟེ་སྙིང་གིསKSTདུ་མ་གསར་བཟོ་དང་དོ་དམ་ལ་རྒྱབ་སྐྱོར་བྱེད་པ་དང་། དུས་མཚུངས་སུ་སྤྱོད་མཁན་ཉེར་སྤྱོད་བྱ་རིམ་གསར་བཟོ་དང་བཀོད་གཏོང་། སྤྱོད་མཁན་རིམ་པའི་ཐིག་རིམ་དོ་དམ་ལ་ཡང་རྒྱབ་སྐྱོར་ཐོབ་པ་ཡིན། ལྟེ་སྙིང་རྒྱབ་སྐྱོར་ཐིག་རིམ་ཁ་ཤས་ནི་སྤྱོད་མཁན་རིམ་པའི་ཐིག་རིམ་དུ་མ་དང་ལྟོས་ཟླར་ཡོད་པས། བྱ་རིམ་པས་ཉེར་སྤྱོད་ཀྱི་དགོས་མཁོ་དང་འཕྲུལ་ཆས་ཀྱིས་ལྟེ་སྙིང་རྒྱབ་སྐྱོར་ཐིག་རིམ་ལ་སྡེབ་སྒྲིག་བྱེད་པའི་གྲངས་ལ་གཞིགས་ནས་སྙོམས་སྒྲིག་བྱས་ཏེ། ཕན་ཕྱོད་ཅུང་ལེགས་པར་སླེབས་ཏུ་འཇུག་པའོ།། མཉམ་སྡེབ་ཐིག་རིམ་ཁྲོད་དུ་འཕེལ་རིམ་འདྲ་མཚུངས་ཤིག་གི་ནང་གི་ཐིག་རིམ་དུ་མ་དུས་གཅིག་ཏུ་སྒྲིག་འཁོར་མང་བའི་འཕྲུལ་ཆས་སུ་མཉམ་བསྟར་བྱེད་པ་དང་། ཐིག་རིམ་གཅིག་ཁེགས་ཡོད་པའི་དུས་སུ་འཕེལ་རིམ་ཧྲིལ་པོ་ཁེགས་དགོས་པའི་ངེས་པ་མེད་དོ། དེ་བས། མཉམ་སྡེབ་ཐིག་རིམ་གྲུབ་ལུགས་ཀྱིསKSTདངULTགཉིས་ཀྱི་ལེགས་ཆ་ཟུང་འབྲེལ་གྱིས་དེ་གཉིས་ཀྱི་མི་འདང་ས་ཁ་གསབ་བྱས་ཡོད་དོ།།

6_3 ཐིག་རིམ་མངོན་འགྱུར།

འཕེལ་རིམ་དང་ཐིག་རིམ་གང་ཡིན་ཡང་། ཚང་མས་ཐད་ཀར་རམ་བརྒྱུད་པའི་སྒོ་ནས་ལྟེ་སྙིང་གི་རོགས་སྐྱོར་འཐོབ་པར་བྱེད་པ་ཡིན། ལྟེ་སྙིང་རྒྱབ་སྐྱོར་ཐིག་རིམ་གྱིས་ཐད་ཀར་རྒྱུད་ཁོངས་འདོན་སྤྱོད་བཀོལ་ནས་དེ་ལ་ཞབས་ཞུ་བྱེད་པས། ཐིག་རིམ་གྱི་ཚོད་འཛིན་ཧ་ཅང་སྟབས་བདེ་བ་ཡིན། ཡིན་ན་ཡང་སྤྱོད་མཁན་རིམ་པའི་ཐིག་རིམ་ནི་ངེས་པར་དུ་རྣམ་པ་ག་གེ་མོའི་བར་གྱི་རྒྱུད་ཁོངས་ཤིག་གི་རོགས་རམ་ལ་བརྟེན་ན་ད་གཟོད་ལྟེ་སྙིང་གི་ཞབས་ཞུ་འཐོབ་ཐུབ་པས། ཐིག་རིམ་གྱི་ཚོད་འཛིན་ཡང་ཅུང་རྙོག་འཛིང་ལྡན་པ་ཡིན།

1.ལྟེ་སྙིང་རྒྱབ་སྐྱོར་ཐིག་རིམ་གྱི་མངོན་འགྱུར།

ལྟེ་སྙིང་རྒྱབ་སྐྱོར་ཐིག་རིམ་ཁོ་ན་སྒྲིག་འགོད་བྱས་ཡོད་པའིOSརུ། འོས་འཚམ་གྱི་ཚོད་འཛིན་བྱེད་ཐབས་རིགས་ཤིག་ནི། རྒྱུད་ཁོངས་ཀྱིས་འཕེལ་རིམ་གསར་བ་ཞིག་གསར་བཟོ་བྱེད་སྐབས། དེ་ལ་ལས་འགན་གཞི་གྲངས་ཁུལPTDAཞིག་བགོ་བཤའ་བྱེད་པ་དེའོ།། དེའི་ནང་དུ་ཐིག་རིམ་ཚོད་འཛིན་སྡེTCBབར་སྟོང་དུ་མ་ཚུད་ཡོད། TCBརེ་རེའི་ནང་དུ་ཐིག་རིམ་ངོ་རྟགས་དང་སྔོན་ཐོབ་རིམ་པ། ཐིག་རིམ་འཁོར་སྐྱོད་ཀྱིCPUརྣམ་པ་སོགས་ཀྱི་ཆ་འཕྲིན་གསོག་འཇོག་བྱས་ཆོག ཆ་འཕྲིན་འདི་དག་དང་སྤྱོད་མཁན་རིམ་པའི་ཐིག་རིམTCBནང་གི་ཆ་འཕྲིན་འདྲ་མཚུངས་ཡིན་ན་ཡང་། ད་ལྟ་དེ་དག་ལྟེ་སྙིང་བར་སྟོང་དུ་གསོག་འཇོག་བྱས་ཡོད་པ་རེད།

འཕེལ་རིམ་གྱིས་ཐིག་རིམ་ཞིག་གསར་བཟོ་བྱེད་པ་དང་། ཐིག་རིམ་གསར་པ་དེ་ལ TCBཞིག་བགོ་བཤའ་བྱེད་ན། འབྲེལ་ཡོད་ཀྱི་ཆ་འཕྲིནTCBའདིའི་ནང་དུ་བསྐང་དགོས་པ་མ་ཟད། དེ་ལ་དགོས་ངེས་ཀྱི་ཐོན་ཁུངས་ཀྱང་བགོ་བཤའ་བྱེད་དགོས། དཔེར་ན། ཐིག་རིམ་ལ་ཡིག་ཚིགས་བརྒྱ་ཕྲག་ནས་སྟོང་ཕྲག་ཡོད་པའི་དོས་ཁང་བར་སྟོང་དང་ཆ་ཤས་གསོག་ཁུལ་བགོ་བཤའ་བྱས་ན། གསར་བཟོ་བྱས་པའི་ཐིག་རིམ་ལ་མྱུར་དུ་ལག་བསྟར་བྱེད་པའི་ཆ་རྐྱེན་འཛོམ་པ་ཡིན།

2.སྤྱོད་མཁན་རིམ་པའི་ཐིག་རིམ་གྱི་མངོན་འགྱུར།

སྤྱོད་མཁན་རིམ་པའི་ཐིག་རིམ་གྱིས་སྤྱོད་མཁན་བར་སྟོང་མངོན་འགྱུར་བྱེད་ཅིང་། སྤྱོད་མཁན་རིམ་པའི་ཐིག་རིམ་ཚང་མར་འདྲ་མཚུངས་ཀྱི་གྲུབ་ཚུལ་ཞིག་ཡོད་ལ། དེ་དག་ཚང་མ་བར་གནས་རྒྱུད་ཁོངས་ཞིག་ཏུ་འཁོར་སྐྱོད་བྱེད་པ་ཡིན། མིག་སྔར་ཐབས་ལམ་གཉིས་ཀྱིས་མངོན་འགྱུར་བྱས་པའི་བར་གནས་རྒྱུད་ཁོངས་ནི་དུས་ཚོད་འཁོར་སྐྱོད་རྒྱུད་ཁོངས་དང་ལྟེ་སྙིང་ཚོད་འཛིན་ཐིག་རིམ་གཉིས་སོ།

3.སྤྱོད་མཁན་རིམ་པའི་ཐིག་རིམ་དང་ལྟེ་སྙིང་ཚོད་འཛིན་ཐིག་རིམ་གྱི་སྦྲེལ་མཐུད།

དོན་དངོས་སུ་བཀོལ་སྤྱོད་རྒྱུད་ཁོངས་མི་གཅིག་པའི་ནང་དུ། སྤྱོད་མཁན་རིམ་པའི་ཐིག་རིམ་དང་ལྟེ་སྙིང་ཚོད་འཛིན་ཐིག་རིམ་སྦྲེལ་བ་ལ་དཔེ་རྣམ་མི་གཅིག་པ་གསུམ་ལ་བརྟེན་ནས་མངོན་འགྱུར་བྱེད་ཆོག་པ་སྟེ། དེ་དག་ནི་གཅིག་དང་གཅིག་གི་དཔེ་རྣམ། དུ་མ་དང་གཅིག་གི་དཔེ་རྣམ། དུ་མ་དང་དུ་མའི་དཔེ་རྣམ་མོ།།


བརྡ་འགྲེལ་གདོང་འཛར།

ལག་རྩལ། མཉེན་ཆས། འཕེལ་རིམ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-29

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།