དོན་རྒྱན།

གཉིས་པ་ཐུན་མོང་རྒྱན་དེ་ལ།།
དབྱེ་ན་དོན་རྒྱན་སྒྲ་རྒྱན་དང་།།
གབ་ཚིག་རྒྱན་ཏེ་རྣམ་པ་གསུམ།།
ཐོག་མར་དོན་རྒྱན་བཤད་པར་བྱ།།
སྙན་ངག་གི་རྒྱན་གྱི་ནང་གསེས་གཉིས་པ་ཤར་ལྷོ་གཉིས་ཀས་ཐུན་མོང་དུ་འདོད་པའི་རྒྱན་དེ་ལ་དབྱེ་ན། དོན་རྒྱན་དང་། སྒྲ་རྒྱན། གབ་ཚིག་གི་རྒྱན་ཏེ་རྣམ་པ་གསུམ་ཡོད་པའི་ནང་ནས། ཐོག་མར་དོན་རྒྱན་གྱི་རྣམ་བཞག་བཤད་པར་བྱའོ།།
དོན་རྒྱན་གྱི་ངོ་བོ་ནི། རྗོད་བྱེད་ཀྱི་ཚིག་སྙན་ཞིང་མཛེས་པའི་ཉམས་སྣ་ཚོགས་ཀྱི་སྒོ་ནས་གཙོ་བོ་བརྗོད་དོན་གྱི་ངོ་བོ་མི་འདྲ་བ་སྣ་ཚོགས་གསལ་བར་སྟོན་པའི་དོན་གྱི་རོ་ཉམས་ཕུན་སུམ་ཚོགས་པའི་ཚིག་སྦྱོར་གྱི་ངག་དོན་ལ་ཟེར།
རང་བཞིན་བརྗོད་དང་དཔེ་དང་ནི།།
གཟུགས་ཅན་གསལ་བྱེད་བསྐོར་བ་དང་།།
འགོག་དང་དོན་གཞན་བཀོད་པ་དང་།།
ལྡོག་པ་ཅན་དང་སྲིད་པ་ཅན།།
བསྡུས་དང་ཕུལ་བྱུང་རབ་རྟོག་དང་།།
རྒྱུ་དང་ཕྲ་མོ་ཆ་དང་རིམ།།
དགའ་དང་ཉམས་ལྡན་གཟི་བརྗིད་ཅན།།
རྣམ་གྲངས་བརྗོད་དང་ཀུན་ཏུ་ཕན།།
རྒྱ་ཆེ་བསྙོན་དོར་སྦྱར་བ་དང་།།
ཁྱད་པར་མཚུངས་པར་སྦྱོར་བ་དང་།།
འགལ་དང་སྐབས་མིན་བསྟོད་པ་དང་།།
ཟོལ་བསྟོད་ངེས་བསྟན་ལྷན་ཅིག་བརྗོད།།
ཡོངས་བརྗེས་ཤིས་བརྗོད་རབ་སྤེལ་དང་།།
དགོངས་པ་ཅན་ཏེ་སོ་ལྔའོ།།
དོན་རྒྱན་དེ་ལ་སྦྱོར་ཚུལ་གྱི་སྒོ་ནས་དབྱེ་ན། རང་བཞིན་བརྗོད་པའི་རྒྱན་དང་། དཔེ་རྒྱན། གཟུགས་ཅན་གྱི་རྒྱན། གསལ་བྱེད་ཀྱི་རྒྱན། བསྐོར་བའི་རྒྱན། འགོག་པའི་རྒྱན། དོན་གཞན་བཀོད་པའི་རྒྱན།ལྡོག་པ་ཅན་གྱི་རྒྱན། སྲིད་པ་ཅན་གྱི་རྒྱན། བསྡུས་བརྗོད་ཀྱི་རྒྱན། ཕུལ་བྱུང་གི་རྒྱན། རབ་རྟོག་གི་རྒྱན། རྒྱུའི་རྒྱན། ཕྲ་མོའི་རྒྱན། ཆའི་རྒྱན། རིམ་པ་ཅན་གྱི་རྒྱན། དགའ་བའི་རྒྱན། ཉམས་ལྡན་གྱི་རྒྱན། གཟི་བརྗིད་ཅན་གྱི་རྒྱན། རྣམ་གྲངས་བརྗོད་པའི་རྒྱན། ཀུན་ཕན་གྱི་རྒྱན། རྒྱ་ཆེ་བའི་རྒྱན། བསྙོན་དོར་གྱི་རྒྱན། སྦྱར་བའི་རྒྱན། ཁྱད་པར་བརྗོད་པའི་རྒྱན། མཚུངས་སྦྱོར་གྱི་རྒྱན། འགལ་བའི་རྒྱན། སྐབས་མིན་བསྟོད་པའི་རྒྱན། ཟོལ་བསྟོད་ཀྱི་རྒྱན། ངེས་བསྟན་གྱི་རྒྱན། ལྷན་ཅིག་བརྗོད་པའི་རྒྱན། ཡོངས་བརྗེས་ཀྱི་རྒྱན། ཤིས་བརྗོད་ཀྱི་རྒྱན། རབ་སྤེལ་གྱི་རྒྱན། དགོངས་པ་ཅན་གྱི་རྒྱན་བཅས་སུམ་ཅུ་སོ་ལྔ་ཡོད་དོ།།
དོན་རྒྱན་སོ་སོའི་དབྱེ་བ་ལ།།
རང་བཞིན་བརྗོད་པའི་དཔེ་རྒྱན་ནི།།
སོ་གཉིས་གཟུགས་ཅན་ཉི་ཤུ་སྟེ།།
གསལ་བཤད་བཅུ་གཉིས་བསྐོར་རྒྱན་གསུམ།།
འགོག་རྒྱན་ཉེར་གསུམ་དོན་གཞན་བརྒྱད།།
ལྡོག་རྒྱན་བཅུ་དང་སྲིད་རྒྱན་གསུམ།།
བསྡུས་བརྗོད་བཞི་དང་ཕུལ་བྱུང་བཞི།།
རབ་རྟོག་གསུམ་དང་རྒྱུ་རྒྱན་ནི།།
བཅུ་དྲུག་ཕྲ་མོའི་རྒྱན་ལ་གཉིས།།
ཆ་རྒྱན་བཞི་དང་རིམ་རྒྱན་གཅིག།
དགའ་ལྡན་གཉིས་དང་ཉམས་ལྡན་བརྒྱད།།
གཟི་བརྗིད་རྣམ་གྲངས་ཀུན་ཕན་གསུམ།།
རེ་རེ་ཉིད་ཡིན་རྒྱ་ཆེ་གཉིས།།
བསྙོན་དོར་གསུམ་དང་སྦྱར་རྒྱན་དགུ།།
ཁྱད་པར་རྒྱན་ལྔ་མཚུངས་སྦྱོར་གཉིས།།
འགལ་བའི་རྒྱན་དྲུག་སྐབས་མིན་བསྟོད།།
གཅིག་དང་ཟོལ་བསྟོད་རྒྱན་ནི་གསུམ།།
ངེས་བསྟན་གཉིས་དང་ལྷན་ཅིག་བརྗོད།།
རྣམ་གསུམ་ཡོངས་བརྗེས་ཤིས་བརྗོད་རེ།།
རབ་སྤེལ་གཉིས་དང་དགོངས་རྒྱན་གཅིག།
དེ་ལྟར་མེ་ལོང་གཞུང་ཉིད་ལས།།
དཔེར་བརྗོད་དངོས་སུ་ཟིན་པ་དང་།།
ཤུགས་བསྟན་གཅིག་སྟེ་ཀུན་དྲིལ་ན།།
རྣམ་གྲངས་ཉིས་བརྒྱ་རྩ་གསུམ་ཡོད།།
དོན་རྒྱན་སོ་སོའི་ནང་གསེས་དབྱེ་བའི་སྡོམ་ཚིག་གོང་དུ་བཀོད་པ་འདི་རྐང་གྲངས་ཀྱི་སྡོམ་ཙམ་ངེས་པའི་ཕྱིར་དུ་བཀོད་པ་མ་གཏོགས་དབྱེ་བ་སོ་སོའི་རྣམ་གྲངས་ཞིབ་རྒྱས་རྒྱན་སོ་སོའི་སྐབས་སུ་འཆད་པར་འགྱུར་བས། ཉིས་ཟློས་ཀྱི་སྐྱོན་སྤང་བ་དང་། ཡིག་ཚོགས་ཉུང་བའི་ཕྱིར་དུ་ཞིབ་པར་མ་བྲིས་སོ།།
- 1 དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད 》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012-10པའི་པར་ཐེངས་བཅུ་བ། ཤོག་གྲངས130-132ན་གསལ།
- 2 བསེ་ཚང་བློ་བཟང་དཔལ་ལྡན་གྱིས་བརྩམས་པའི 《ཚངས་སྲས་བཞད་པའི་སྒྲ་དབྱངས》 ཀན་སུའུ་མི་རིགས་དཔེ་སྐུན་ཁང་། 1984-12པའི་པར་ཐེངས་དང་པོ།
- 3 ཀྲང་དབྱི་སུན་གྱིས་བསྒྲིགས་པའི 《བོད་རྒྱ་ཚིག་མཛོད་ཆེན་མོ》 མི་རིགས་དཔེ་སྐྲུན་ཁང་། 1993-2པའི་པར་གཞི།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:3 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2016-02-25
གསར་སྤེལ་མཁན། :བདེ་ཆེན་མཚོ།