ཨ་མྱེས་བལ་བོ་སྤུན་གསུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་མྱེས་བལ་བོ་སྤུན་གསུམ་ནི་ཤར་བལ་བོའི་ཡུལ་ནས་འོང་བར་གྲགས་ལ། ཟི་ཁྲོན་བལ་བོའི་ས་ཆའི་ཡིན་པ་དང་ང་ཚོའི་མཚོ་སྔོན་གྱི་མི་ཡང་ལྷ་ས་ནས་ཁམས་དང་ཟི་ཁྲོན་བརྒྱུད་ནས་དར་རོ། །བལ་བོ་གསེར་མདོག་ཅན་ཆེ་བ་དགེ་བསྙེན་ཚུལ་བཟུང་བླ་མ་དང་འབྲིང་བ་རིག་འཛིན་ཆེན་པོ། ཆུང་བ་སྐྱེ་གཟི་སྐྱེམས་ཀྱི་དགྲ་ལྷ་ཅན། ཆེ་བ་དབུ་ལ་གསེར་ཞྭ་དང་ཕྱག་ཏུ་བུམ་པ་རྡོ་རྗེ་འཆི་འཕོ་བའི་སེམས་པས་རྟ་ངང་བ་དང་འབྲིང་འབྲོང་གཡག་ཆིབས་པ་ཕྱག་ཏུ་ཕུར་བུ་དང་ཐོད་པ་འཛིན་པ། ཆུང་བ་རྟ་སྔོན་ཆིབས་པ་གསེར་ཁྲབ་མནབས་པ་ཞིག་ཡིན།
1 འབྲེལ་ཡོད་ངག་རྒྱུན།
1_1 ངག་རྒྱུན་ཁག་དང་པོ།

ཨ་མྱེས་བལ་བོའི་ངག་རྒྱུན་ཞིག་བཤད་ན་དགེ་འདུན་བསྟན་པ་རབ་རྒྱས་ཚང་གིས་བལ་བོའི་ལབ་ཙེ་བསྟད།  རྡོ་སྟག་རིས་གཟུགས་རིས་ནི་རྡོ་རིལ་ཡིན་པ་དང་།  ཞིང་སྐྱ་མདའ་སྔོན་མདའ་ནི་ཞིང་འདེབས་སའི་ས་མིང་དང་།  མཛོ་གྭ་བ་གྭ་དམར་ནི་མཛོ་གཉིས་ཡིན།  ས་མིང་མི་ལ་ཐོགས་པ་དང་མི་མིང་ས་ལ་ཐོགས་ཟེར་བའི་དཔེ་ལྟར་མང་རྫོང་མགོ་མང་ཀབ་རོན་གསེར་མོ་ལྗོངས་ཀྱི་ས་ཆར་ཡོད་ལ།   མཁར་རྡོ་ལུང་དང་སྟག་སིལ་ལུང་ཡིན་པ་དང་།  མཁར་རྡོ་ལུང་ནི་སྔོན་རྒྱལ་པོ་ཆུ་བུར་མིག་གིས་སྔོན་མོ་རྩོང་གི་མདོར་རྡོ་མཁར་བཞེངས་པས་དེ་ལྟར་ཐོགས།

བལ་བོའི་ལབ་ཙེ་རྙེ་དགེ་འདུན་བསྟན་པ་རབ་རྒྱས་ཚང་གིས་བསྟད།  འདིའི་རྒྱབ་རི་བློན་པོ་གསེར་ཆེན་དང་མདུན་ཨ་མྱེས་བྲག་དཀར་བྱས་ཡོད་པས་བླ་མ་དཔོན་པོ་དཔའ་བོ་སོགས་འཁྲུངས་པར་བཤད་པ་དེ་དོན་ཡིན་པ་དང་།  རྗེས་སུ་ཨ་ལགས་ཁོ་ཚེ་ཚང་གིས་ཡང་དཔལ་ཁ་བྲག་དཀར་ལ་བསྐོར།  བལ་བོ་གསེར་ཏོག་སྒང་ལ་བསྐོར་ན་ནང་དམེ་ཡོད་པས་ཡར་བསྐོར་ན་བཟང་གསུངས།  དེང་སང་དཔལ་ཁ་གང་ལ་བསྐོར་ཡོད་མེད་མི་ཤེས་པས་ད་དུང་འདི་ལ་ཀུན་གྱིས་བསམ་བློ་བཏང་ན་འགྲིག

བལ་བོའི་ལབ་ཙེ་ཐོག་མར་རྙེ་ཐམས་ཅད་མཁྱེན་པས་བསྟད་པར་གསུངས་པ་ལ་འདྲ་མིན་ཡོད་པས་རིག་པས་དཔྱོད།

མཆན།  མང་རྫོང་མགོ་མང་བྲག་དཀར་སྡེ་བའི་ཨ་ཁུ་ཏ་ནས་གསུངས་པ་ཞིག་ཡིན།

1_2 ངག་རྒྱུན་ཁག་གཉིས་པ།

ཨ་མྱེས་བལ་བོའི་རྔ་ནི་བལ་བོའི་སར་ཧོར་ཚང་ཟེར་བའི་ལམ་སྐེད་ན་རྡོ་ཕ་བོང་གོར་མོ་ཟླ་བ་འདྲ་ཞིག་ཡོད་པ་ནི་ཨ་མྱེས་བལ་བོའི་རྔ་ཡིན་ཞིང་དེའི་དཀྱིལ་ན་སྐྱ་ཐིག་ཡོད་པ་ནི་རྔ་བརྡུང་ཤུལ་ཡིན་ཟེར་ལ་དེའི་དྲང་ཐད་ནས་ཡར་བལྟས་ན་རྡོ་དཀར་པོ་ཐུ་གུ་འཐེན་འདྲ་ཡོད་པ་ཡང་རྔ་ཐག་ཡིན་པའི་བཤད་ཚུལ་འདུག

བལ་བོ་བར་མའི་ས་ན་ཆུ་ཁོལ་མ་ཞིག་ཡོད་ཅིང་དགུན་དུས་ཁ་རླངས་ཡོད་པའི་ཆུ་མགོ་ཕུལ་བྱུང་ཅན་ཞིག་ཡིན།  བལ་བོའི་ལག་རྡོ་ཡང་གཡེར་བའི་ཆུ་ཁུག་ཏུ་ཡོད་ཅིང་དབྱིབས་ནི་འཇོང་འཇོང་ཞིག་ཡིན་ལ་རྡོ་དེའི་འོག་ཏུ་སྲིན་མོ་ཞིག་མནན་ནས་ཡོད་ཅིང་རྡོ་སྟེང་དུ་ཨ་མྱེས་བལ་བོའི་ཕྱག་མཛུབ་ཀྱི་ཤུལ་ཡང་ཡོད།

མཆན།  མང་རྫོང་མགོ་མང་བབས་རུ་སྡེ་བའི་གཅོད་པ་ནས་གསུངས་པ་ཞིག་ཡིན།

གོང་གི་ངག་རྒྱུན་འདི་གཉིས་ལས་གཞན་ད་དུང་མང་པོ་ཞིག་ཡོད་པས་འདིར་མ་འཁོད་པ་ཡིན།

2 བསང་ཡིག་གི་སྐོར།
2_1 བསང་ཡིག་ཁག་དང་པོ།

བལ་བོ་སྤུན་གསུམ་གྱི་བསང་ཡིག་བཞུགས་སོ། །

ཀྱེ།  དགེ་བཅུ་ལང་ཚོ་དར་བའི་ཡུལ་ཕྱོགས་འདིར། །རབ་བརྟན་ལྷུན་པོའི་སྤོ་ལ་གནས་བཅས་པའི། །གྲགས་པའི་སྡེ་དཔོན་བལ་བོ་མཆེད་གསུམ་གྱི། །བློན་འབངས་འཁོར་བཅས་འདིར་བྱོན་གདན་ལ་བཞུགས། །སྤྲིན་བྲལ་མཁའ་ལ་འཇའ་ཚོན་གསལ་བ་བཞིན། །རྣལ་འབྱོར་མི་ཡི་ཏིང་འཛིན་མཆོད་སྤྲིན་གྱིས། །དབང་བོ་དྲུག་ལ་རྒྱས་པ་སྐྱེ་གྱུར་ཅིག །རྟ་ནོར་ར་ལུག་འདབ་ཆགས་རི་དྭགས་དང་། །གསེར་དངུལ་དར་ཟབ་གོ་མཚོན་འབྲུ་སྣ་སོགས། །བཟང་བོའི་སྨན་དང་ཤིང་སྣ་བསྲེགས་པའི་འབྲས། །ཐུགས་རྒྱལ་ཟག་མེད་བདེ་བས་ཚིམ་གྱུར་ཅིག ། རྡོ་རྗེ་འཆང་སོགས་རྩ་རྒྱུད་བླ་མ་ཡིས། །བཀའ་རྟགས་རྡོ་རྗེ་རི་མོ་གཙུགས་བཀོད་ནས། །ཇི་ལྟར་ཁས་བླངས་རྒྱལ་བའི་བསྟན་པ་དང་། །བསྟན་འཛིན་ཚོགས་རྣམས་བུ་བཞིན་སྐྱོང་གྱུར་ཅིག །ཁྱད་པར་སྒྲུབ་སྡེ་བསམ་གཏན་གླིང་མཆོག་འདིར། །བླ་སློབ་དགེ་འདུན་ཐུགས་མཐུན་ཁྲིམས་གཙང་དངོས། །ཆོས་སྤྱོད་རྣམས་ཀྱི་མཛད་བཟང་བསླབ་ནས་སློབས། །དགེ་བའི་འཕྲིན་ལས་དབྱེར་མེད་ཚུལ་བཞིན་སྒྲུབས། །ཡུལ་ཕྱོགས་འདིས་མཚོན་ཡངས་པའི་རྒྱལ་ཁམས་ལ། །ཆར་ཆུ་དུས་བབས་ལོ་ཕྱུགས་ལེགས་པོ་སོགས། །ཕན་བདེ་ཉི་མ་དགུང་ནས་བསུ་བ་ཡིས། །དགའ་བའི་རྐང་དྲུག་གླུ་དབྱངས་ལེན་པར་ཤོག །  ཨ་ལགས་ཁོ་ཚེ་ཡིས་གསུངས་སོ། །ཅོ་སེར་ཚེ་དབང་རྒྱས་འདོན་སྤྲོད་བྱས།

2_2 བསང་ཡིག་ཁག་གཉིས་པ།

བལ་བོ་སྤུན་གསུམ་གྱི་གསོལ་མཆོད་བཞུགས་སོ། །

༄༅། ། ཀྱེ།  རབ་བརྗིད་ས་འཛིན་རི་བོ་ལ་གནས་པའི། །དཀར་ཕྱོགས་སྐྱོང་བའི་མཐུ་རྩལ་ཆེ་ལྡན་པ། །ལྷ་ཆེན་བལ་བོ་མཆེད་གསུམ་འཁོར་དང་བཅས། །མ་ཐོགས་འདིར་བྱོན་དགྱེས་པའི་གདན་ལ་བཞུགས། །འཁན་ཤུག་སྤོས་སྣ་བསྲེགས་པའི་དུད་སྤྲིན་འཚོར། །དཀར་གསུམ་མངར་གསུམ་ཤ་ཁྲག་ཇ་ཆང་ཕུད། །རྟ་གཡག་ནོར་ལུག་གོ་མཚོན་རོལ་མོའི་སྒྲ། །འདོན་ཡོན་ལྔ་ལྡན་བསོད་ནམས་རྒྱ་ཆེན་འདིས། །བསང་ངོ་ལྷ་ཆེན་བལ་བོ་འཁོར་བཅས་བསང་། །མཆོད་དོ་ལྷ་ཆེན་བལ་བོ་འཁོར་བཅས་མཆོད། །བརྔན་ནོ་ལྷ་ཆེན་བལ་བོ་འཁོར་བཅས་བརྔན། །གསོལ་ལོ་མཆོད་དོ་མཉེས་ཤིང་ཚིམ་གྱུར་ནས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །ནད་གནོད་འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །མཐུན་རྐྱེན་ཚེ་བསོད་མངའ་ཐང་རིགས་རྒྱུད་སྤེལ། །མི་བསྲུན་དགྲ་དང་བགེགས་རྣམས་ཚར་ཆོད་ཅིག །བདག་ཅག་བསྲུང་བྱ་མི་ནོར་འཁོར་བཅས་ལ། །ཉིན་མོ་བྱ་ར་མཚན་མོ་མེལ་ཚེ་མཛོད། །དུས་རྣམས་ཀུན་ཏུ་མགོན་སྐྱོབ་གྲོགས་མཛོད་ལ། །ཆོས་སྲིད་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །ལྷག་བསམ///བལ་བོ་མཆེད་གསུམ་ལ་སོགས///གཡེལ་བ//  འདོན་སྤྲོད་པ་མང་རྫོང་མགོ་མང་བན་སེར་དགེ་འདུན།

གོང་གི་བསང་ཡིག་འདི་གཉིས་ལས་གཞན་ད་དུང་མང་པོ་ཞིག་ཡོད་པས་འདིར་མ་འཁོད་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-25

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།