གྱེས་བྲལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྱེས་བྲལ།
《གྱེས་བྲལ》ནི་ཨ་སི་ཧཱར•ཧྥར་ཧཱ་ཏི་ཡིས་འཁྲབ་ཁྲིད་བྱས་ཤིང་། གློག་བརྙན་ཁྲོད་བཟའ་འཐོར་བྱ་གྲབས་ཡོད་པའི་བཟའ་ཟླ་གཉིས་ཀྱིས་སྙུང་གཞི་བྱུང་ནས་ཉལ་སར་ལྷུང་བའི་ཨ་ཕ་དང་མངལ་ཤོར་བའི་ནད་གཡོག་མ་སོགས་གནད་དོན་གང་མང་ཞིག་ལ་གདོང་གཏུག་དུས། ཀུན་སྤྱོད་དང་ཁྲིམས་ལུགས་ཀྱི་རྙོག་གྲའི་ཁྲོད་འཕག་འཚག་བྱེད་པའི་གཏམ་རྒྱུད་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
གྱེས་བྲལ།
མ་བརྙན་མིང་།
A Separation
རྒྱ་འགྱུར་མིང་།
一次别离
རྒྱལ་ཁབ།
དབྱི་ལང་།
སྐད་རིགས།
པར་ཟིག་སྐད།
འཁྲབ་ཁྲིད་པ།
ཨ་སི་ཧཱར•ཧྥར་ཧཱ་ཏི།(Asghar Farhadi)
གཙོ་འཁྲབ་པ།
ལེ་ལཱ•ཧཱ་ཐཱ་མི།(Leila Hatami) ཕེད་མཱན•མོ་ཏི(Peyman Moadi)སོགས།
འགྲེམ་དུས།
2011ལོའི་ཟླ2པའི་ཚེས15ཉིན།
ཡུན་ཚད།
སྐར་མ123།
བརྙན་རིགས།
གཏམ་རྒྱུད།
བྱ་དགའ་གཙོ་བོ།
2011ལོར་པེར་ལིན་རྒྱལ་སྤྱིའི་གློག་དུས་ཆེན་སྟེང་གསེར་དོམ་རྟགས་མའི་བྱ་དགའ་ཐོབ། 2012ལོར་ཨའོ་ཟི་ཁཱའི་ཕྱི་སྐད་གློག་བརྙན་མཆོག་གྱུར་གྱི་བྱ་དགའ་ཐོབ། 2012ལོར་ཨ་རིའི་གསེར་གྱི་གོང་བུ་རྟགས་མའི་ཕྱི་སྐད་གློག་བརྙན་མཆོག་གྱུར་གྱི་བྱ་དགའ་ཐོབ།
1 བྱུང་རིམ།

ན་དྷི(Peyman Moadi ནས་འཁྲབ)དང་སི་མིན(Leila Hatamiནས་འཁྲབ)གཉིས་ནི་ཕན་ཚུན་བཟའ་ཟླ་ཡིན་ཞིང་ཁོ་གཉིས་ཀྱི་བུ་མོའི་མིང་ལ་ཐི་མེག(Sarina Farhadiནས་འཁྲབ)ཟེར་གྱི་ཡོད། སི་མིན་ནས་ཁོ་ཚོ་ནང་མི་གསུམ་ཕྱི་རྒྱལ་དུ་གནས་སྡོད་བྱེད་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་མོད།  དེ་ལ་ན་དྷིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། རྒྱུ་མཚན་ནི་ཁོའི་ཨ་ཕར་ན་ཚ་ཆེན་པོ་ཡོད་པས་ཡིན། དེས་རྐྱེན་པས་ཁོ་གཉིས་བཟའ་འཐོར་བྱས་ཏེ་ཁ་ཁ་བྱེད་བསམ་བཞིན་ཡོད་ནའང་།  ཁྲིམས་ཁང་གིས་ཁོ་གཉིས་ཀྱི་རེ་བ་དང་ལེན་བྱས་མེད། སི་མིན་གྱིས་མཇུག་འབྲས་དེ་མ་འདོད་པའི་རྐྱེན་གྱིས་ཨ་མའི་སར་ལོག སི་མིན་ལོག་རྗེས།  ན་དྷི་གཅིག་པོས་མི་ཡོང་བས། ཁོས་ཨ་ཕར་ནད་གཡོག་བྱེད་མཁན་རཱ་ཟི(Sareh Bayat  ནས་འཁྲབ)ཟེར་བ་ཞིག་བོས།2014052303360930949.jpg

འོན་ཏེ་ན་དྷིའི་ཨ་ཕ་གསང་སྤྱོད་ལ་འགྲོ་བ་སོགས་དཀའ་ངལ་ཡོད་པའི་གནད་དོན་གྱིས་རཱ་ཟི་ལ་སྟབས་མི་བདེ་བ་མང་པོ་ཞིག་ཕྲད་ཅིང་།   ཡང<ཁུ་རན་གྱི་གསུང་རབ>ཀྱི་བཀའི་དབང་གིས་ཁོ་མོ་འཛེམ་བྱ་མང་པོ་ཞིག་དང་ཕྲད།  དེར་མ་ཟད་མོའི་བུ་མོ་རྟག་ཏུ་ཁོ་མོའི་གཡས་གཡོན་དུ་བསྡད་པའི་དབང་གིས་ཁོ་མོས་ལས་ཀ་བྱེད་པའི་སྐབས་བློ་རྩེ་གཅིག་ཏུ་སྒྲིམ་ཐུབ་ཀྱི་མེད།

སྐབས་ཤིག་ན་དྷིས་རང་གི་ཨ་ཕ་ཉལ་ཁྲིའི་སྟེང་བཀྱིགས་ཡོད་པ་མཐོང་བས། ཁོང་ཁྲོ་དང་བཅས་ཁོ་མོར་ཕུད་རྒྱག་བཏང་བས་ས་ལ་བསྒྱེལ། བསམ་ཡུལ་ལས་འདས་པ་ཞིག་ལ་བསྒྱེལ་ཐེངས་དེར་རཱ་ཟིའི་མངལ་ཤོར། དེའི་སྐབས་རཱ་ཟིའི་བཟའ་ཟླས་ཁོ་ཁྲིམས་ཁང་ལ་གཏུགས་ཤིང་། ཁོ་ཚོ་གཅིག་གིས་གཅིག་ལ་རྒྱུ་མཚན་བཤད་བཞིན་མཆིས། འོན་ཏེ་གནས་ཚུལ་གྱི་དོན་ངོ་མ་ནི་དེ་བས་ཀྱང་བློ་ཡུལ་ལས་འདས་པ་ཞིག་གོ།

2 དཔྱད་གཏམ།

འདི་ནི་ཁ་ཆེའི་ཆོས་ལུགས་དང་འབྲེལ་བ་ཡོད་པའི་གློག་བརྙན་ཞིག་ཡིན། དེའི་ནང་ནད་གཡོག་བྱེད་མཁན་རཱ་ཟིས་ཁ་པར་བརྒྱབ་སྟེ་ཁོ་མོས་རྒན་པོ་ན་ཚ་ཡོད་པ་ཞིག་ལ་གྱོན་པ་བརྗེས་པ་དང་གཟུགས་པོ་འཁྲུ་བ་སོགས་བྱས་པ་དེ་ཆོས་ལུགས་ཀྱི་འཛེམ་བྱ་དང་འགལ་ཡོད་མེད་ནས་མགོ་བརྩམས་པ་སྟེ།  ན་དྷིས་ཁོ་མོས་དངུལ་བརྐུས་མེད་མདོག་བྱས་པས་དམ་པའི་མདུན་རོལ་དུ་མནའ་སྐྱེལ་བར་བྱས་པ། ཐི་མེག་གིས་ཨ་ཕའི་ཆེད་དུ་དཔང་པོ་རྫུན་མ་བྱས་པ་སོགས་རིམ་པར་བྱུང་།  དུས་ཡུན་ཆུ་ཚོད་གཉིས་ལྷག་གི་གློག་བརྙན་འདིས་ཨི་རན་རྒྱལ་ཁབ་ཀྱི་མི་སེར་ཕལ་པ་ཚོའི་ཁ་ཆེའི་ཆོས་ལུགས་ཀྱི་དད་མོས་སྣང་ཚུལ་ཅིག་མཚོན་གྱི་ཡོད། ཆོས་ལུགས་ཀྱིས་གློག་བརྙན་ཁྲོད་ཀྱི་མི་སྣ་གཙོ་བོའི་གདམ་ག་ལ་ཤུགས་སྣོན་ཆེན་པོ་ཐེབས་ཀྱི་ཡོད་པས། ཁོ་ཚོའི་སེམས་བསམ་པའི་གཏིང་དུ་འཇིགས་སྣང་སྐྱེ་བཞིན་ཡོད་ལ། འགྱོད་སེམས་དང་སྙིང་རྗེ་སོགས་ཀྱང་སྐྱེས་ནས་ཡོད། 601118.jpg

གཙོ་བོ་རཱ་ཟི་མི་སྣ་གཙོ་བོ་བྱས་པ་ལ། ཁོ་མོས་རང་གི་བཟའ་ཟླའི་ལྐོག་དུ་ན་དྷིའི་ཁྱིམ་དུ་ནད་གཡོག་བྱེད་པའི་བརྒྱུད་རིམ་ཁྲོད།  ཆོས་ལུགས་ཀྱི་འཛེམ་བྱ་མང་པོ་དང་ཕྲད་པའི་སྐབས་མཐའ་མ་རྒན་པོ་ལ་གཟུགས་འཁྲུ་བ་དང་གྱོན་པ་བརྗེ་བ་ལ་སོགས་པ་འདི་གདམ་ག་བྱས། ཁོ་མོས་ན་དྷི་ཁྲིམས་ཁང་ལ་གཏུགས་དོན་ནི་རང་ཉིད་ཀྱིས་དངུལ་བརྐུས་མེད་པ་གསལ་བཤད་བྱེད་རྒྱུའི་ཆེད་དང་།  ན་དྷིའི་ཨ་ཕར་སྲུང་སྐྱོབ་བྱེད་ཆེད་རང་ཉིད་མངལ་ཤོར་བ་སོགས་མདོར་ན་ཁོ་མོས་མཚོན་པ་ནི་ཁ་ཆེའི་ཆོས་ལུགས་ཀྱི་ལྷག་བསམ་དང་། ནང་མིར་བཟུང་བའི་གཅེས་སེམས། ད་དུང་གཞན་གཅེས་ཀྱི་བསམ་པ་དེ་ཡིན། འོན་ཏེ་ན་དྷི་དང་སི་མིན་ལྟ་བུ་ལ་སྤྱི་ཚོགས་ཀྱི་གནས་བབ་མཐོ་པོ་ཡོད་རུང་། ཁོ་ཚོའི་བསམ་པ་ནི་དུས་དང་བསྟུན་ནས་འགྱུར་བ་འགྲོ་གི་ཡོད་པ་དང་སྒེར་སེམས་རིང་ལུགས་ཀྱི་བསམ་པ་ཤུགས་ཆེན་པོ་ལྡན་ཡོད། དཔེར་ན།  ན་དྷིས་ཁྲིམས་དཔོན་གྱི་མདུན་དུ་རཱ་ཟི་ལ་མངལ་ཡོད་པ་ཤེས་བཞིན་དུ་ཁས་ལེན་མི་བྱེད་པ་ལྟ་བུ།

དོན་དངོས་ཀྱི་སྤྱི་ཚོགས་དང་ཆོས་ལུགས་དད་མོས་བར་འགལ་ཟླ་ཡོང་བའི་སྐབས། ན་དྷི་དང་རཱ་ཟི་གཉིས་ནས་རྒྱུ་མཚན་གང་ཞིག་གིས་གདམ་ག་མི་འདྲ་བ་བྱས་པ་རེད།  རཱ་ཟིས་ནི་དད་པ་མཐའ་གཅིག་ཏུ་བྱེད་ཅིང་སྡིག་ཉེས་རང་གི་བུ་ཕྲུག་སྟེང་དུ་འབབ་དོགས་ཀྱིས་ཞེད།  འོན་ཏེ་རང་ཉིད་ཀྱི་བུ་མོ་ལ་དགའ་བའི་ན་དྷི་ཆོས་ལུགས་ལ་དད་པ་ཡོད་རུང་ཁྲིམས་ཁང་གི་མདུན་དུ་དད་པ་གཡུགས་དགོས་དོན་གང་ཡིན་ནམ། ཁོའི་གདམ་ག་དེ་ལ་ཡང་སྙིང་དཔྱད་པ་གང་འདྲ་ཞིག་བྱ་དགོས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-22

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།