བཅུད་པར་རྫ་རྒན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཅུད་པར་རྫ་རྒན་ནི་དབུ་ལ་གསེར་ཞྭ་དང་ཆིབས་པ་རྟ་མཆོག་ངང་བ་རྔོག་མ་སྔོན་པོ། སྐབས་འགར་སྟག་མོ་རུ་ཆིབས་དུས་ཡང་ཡོད། ཁོང་ནི་དཀར་ཕྱོགས་སྐྱོང་བའི་ལྷ་མཐུ་བོ་ཆེ་ཡིན་པ་དང་ས་བརྒྱད་པ་ཐོབ་པའི་གཞི་བདག་ཅིག་ཡིན།
1 འབྲེལ་ཡོད་ངག་རྒྱུན།
1_1 ངག་རྒྱུན་ཁག་དང་པོ།

སྔོན་ཆད་ཞིག་ལ་བཅུད་པར་རྫ་རྒན་ལ་གངས་ཡོད་པར་བཤད་པ་དང་།  བླ་མ་དམ་པ་རྣམས་ཀྱི་གསུང་ལས་རྫ་རྒན་ཁོང་ལ་ཕྱི་མའི་སྐྱབས་གནས་ཡོད་གསུངས།  ཁ་དཔེར། བཅུད་པར་རྫ་རྒན་ཡ་འགང་ནས། །འབྲུ་ཡར་མོ་གཅིག་གིས་བཟའ་དགུ་སོས། །བཅུད་པར་སྒོ་མོའི་མ་འགང་ནས། །ཁྱི་ལྡ་ལི་གཅིག་གིས་འཕྲང་དགུ་ཆོད། །བཅུད་པར་ལ་རྫོང་ལྔ་ཡོད།  དགའ་ལྡན་ཆོས་རི་ཆོས་ཀྱི་རྫོང་།  ཨ་མ་སྨན་རི་སྨན་གྱི་རྫོང་།  ཕོ་ལྷའི་རྒྱ་སྟག་སྟག་གི་རྫོང་།  བྱ་ཟོར་རི་ནི་བྱ་ཡི་རྫོང་།  རིན་ཆེན་ཕྱུག་མོ་ཕྱུགས་ཀྱི་རྫོང་ངོ་། །བཅུད་པར་ལ་རྫོང་དྲུག་ཡོད་ཟེར་བའི་བཤད་སྲོལ་ཡང་ཡོད་ལ།  བཅུད་པར་རྫ་རྒན་ནི་བླ་མ་ཡིན་ཟེར་བ་དང་གསེར་ཞྭ་མནབས་པ་ཞིག་རེད།  ལབ་ཙེ་ནི་རྙེ་རིན་པོ་ཡིས་བསྟད།  བཅུད་པར་ལ་སྤུན་གསུམ་ཡོད་པ་ནི།  ཕུ་བོའི་རྫ་རི་མཐོན་པོ་དང་ནུ་བོའི་བསང་རི་མཐོན་པོ་རྫ་རྒན་ཁོང་དང་གསུམ་མོ། །

བཅུད་པར་རྫ་རྒན་ད་དུང་ཨ་མྱེས་རྨ་ཆེན་གྱི་སྲས་ཡིན་པར་བཤད་པ་དང་ས་ནི་བརྒྱད་པ་ཐོབ་ཡོད།  སྔོན་ཆད་ཞིག་ལ་བཅུད་པར་རྫ་རྒན་གྱི་གོང་ན་ཆུ་ཀྱཱ་དཔའ་འཁོར་ཟེར་བའི་ལབ་ཙེ་ཞིག་གི་ཤུལ་ཡོད་པ་ནི།  སྔོན་ཆད་ཁོང་གི་གོང་ནས་ལབ་ཙེ་བརྩིགས་པ་གཞི་བདག་ཡིད་མ་རེངས་པར་ནང་དམེ་བྱས་ཟེར་བའང་ཡོད།

མཆན།  མང་རྫོང་ཐར་ཤུལ་གྱི་ཟླ་ཚང་ཚེ་རིང་ནས་གསུངས་པ་ཞིག་ཡིན།

1_2 ངག་རྒྱུན་ཁག་གཉིས་པ།

བཅུད་པར་རྫ་རྒན་གྱི་བཅིབ་པ་རྟ་མཆོག་ངང་བ་རྔོག་མ་སྔོན་པོ།  སྐབས་འགར་སྟག་མོ་རུ་ཆིབས་དུས་ཡང་ཡོད།  རྫ་རྒན་ཁོང་ལ་སྤུན་གསུམ་ཡོད་ཟེར་ཞིང་།  སྔོན་ཆད་གནས་དེ་ན་གནའ་བ་དང་རྒོ་བ་ཤ་འབྲོང་སོགས་ཡོད་རུང་དུས་འགྱུར་ལོ་ནས་བཟུང་གཅིག་ཀྱང་མ་ལུས་པར་མེད་པར་གྱུར་ཏོ། །

མཆན།  མང་རྫོང་ཐར་ཤུལ་རྫ་རྒན་གྱི་གནམ་ལྷ་བྱམས་དང་སྐལ་བཟང་ཐར་གཉིས་ནས་གསུངས་པ་ཞིག་ཡིན།

གོང་གི་ངག་རྒྱུན་འདི་གཉིས་ལས་གཞན་ད་དུང་མང་པོ་ཞིག་ཡོད་པས་འདིར་མ་འཁོད་པ་ཡིན།

2 བསང་ཡིག་གི་སྐོར།
2_1 བསང་ཡིག་ཁག་དང་པོ།

བཅུད་པར་རྫ་རྒན་གྱི་བསང་དཔེ་བཞུགས་སོ། །

ཀྱེ།  རབ་བརྟན་ལྷུན་སྡུག་རྫ་རི་སྤང་མཐོ་ལ། །གནས་པའི་ལྷ་མཆོག་བཅུད་པར་རྫ་རྒན་ཞེས། །འཁོར་གྱི་འདིར་བཞུགས་བསང་མཆོད་འདི་བཞེས་ལ། །རྣལ་འབྱོར་བསམ་པའི་དོན་རྣམས་མྱུར་ཏུ་སྒྲུབས། །ལྷག་བསམ××སྐྱེས་ལྷ་རྫ་རྒན་ལ་སོགས×   མཁོ་སྤྲོད་པ་མང་རྫོང་ཐར་ཤུལ་ཏིང་རྒན།

2_2 བསང་ཡིག་ཁག་གཉིས་པ།

བཅུད་པར་རྫ་རྒན་གྱི་གསོལ་མཆོད་བཞུགས་སོ། །

ཀྱེ།  རབ་བརྟན་ས་འཛིན་རྩེ་མོ་གཡུ་སྔོན་བཀྲ། །སྐེད་པ་གཡུ་ཡི་མདངས་འཛིན་སྤང་ལྗོངས་མཛེས། །རྩ་བར་སྨན་སྤོས་ཐང་ཤིང་ལྗོན་པ་མཁྲུགས། །མཐོང་ན་ཡིད་དབང་འཕྲོག་པའི་རི་བོ་ལ། །བསྟེན་ཅིང་ལྷ་གཉན་བཅུད་པར་རྫ་རྒན་ཞེས། །མཚན་སྙན་དབྱར་སྐྱེས་རྔ་གསང་འབུམ་ལྡིར་བ། །བདག་ཅག་རྩེ་གཅིག་མེས་པོའི་སྤྱན་འདྲེན་ན། །མ་ཐོག་དམ་ཚིག་དབང་གི་གནས་སུ་བཤེགས། །གཞན་དབང་ཁྱོད་ཀྱི་འཁོར་དུ་ལ་གནས་པའི། །ཡིད་འོང་ལྷུན་ཆགས་རི་བྲག་དུ་མ་ལ། །གནས་པའི་དགྲ་ལྷ་གཉན་པོ་བཅུ་གསུམ་སོགས། །ལྷ་ཀླུ་སྨན་སྤོས་ཚོགས་ཀྱིས་གནས་འདིར་བྱོན། །  ཀྱེ།  ལྷ་སྔགས་ཏིང་འཛིན་འདྲེན་པའི་རྣམ་སྤྲུལ་ལས། །བྱང་བའི་ཕྱི་ནང་མཆོད་པ་བྱེ་བྲག་དང་། །རྟ་གཡག་ར་ལུག་ཤ་འབྲོང་འདབ་ཆགས་བྱ། །འཇིགས་རུང་གཟུགས་ལྡན་སྟག་གཟིག་དོམ་དང་དྲེད། །རབ་འབར་ཚངས་པའི་འཇིག་རྟེན་རེག་པ་དེ། །གཟིག་པགས་རབ་འབར་གོ་ཁྲབ་མཚོན་ཆ་སོགས། །ལྷ་ཆེན་གཟུགས་མོ་བྱེད་པའི་རྟེན་དུ་འབུལ། །ལྷ་ཤིང་སྨན་སྤོས་བསྲེག་པའི་སྤྲུལ་བའི་ཚོགས། །དབྱར་སྐྱེས་གཞོན་ནུའི་དཔལ་ལ་འགྲན་པ་འདིའི། །ལྷ་ཆེན་ཡུལ་ལྷའི་རྒྱལ་པོ་འཁོར་བཅས་བསངས། །བདག་ཅག་མ་རིག་རྨོངས་པའི་དབང་གྱུར་བའི། །ལྷ་ཁྱོད་ཐུགས་དང་འགལ་བའི་ལས་བཅས་རྣམས། །དམིགས་མེད་དྭངས་པའི་ཡིད་ཀྱིས་བཤགས་བྱེད་ན། །ཁྲོ་མེད་བཟོད་པ་ཆེན་པོའི་ངང་དུ་བཤགས། །  ཀྱེ།  རླུང་གི་ཤུགས་ལྡན་རག་ཀ་གདོང་སྔོན་བཅིབས། །དར་དམར་བེར་གསོལ་མདུང་དར་མེ་ལོང་མནབས། །ཁྲོ་ཆགས་ཉམས་ལྡན་གསོ་རིག་དགྲ་ལ་ཆས། །ཚེ་ཡི་རིག་འཛིན་མྱོས་པ་ཁྱོད་ལ་བསྟོད། །ལྷ་ཁྱོད་དགྱེས་པའི་མཐུན་རྫས་ལེགས་ཡོན་འདིའི། །བདག་ཅག་དཔོན་སློབ་མོ་ནོར་འཁོར་བཅས་ཀྱི××  འདོན་སྤྲོད་པ་མང་རྫོང་ཐར་ཤུལ་ཚེ་རིང་ཐར་དང་ཏིང་རྒན།

གོང་གི་བསང་ཡིག་འདི་གཉིས་ལས་གཞན་ད་དུང་མང་པོ་ཞིག་ཡོད་པས་འདིར་མ་འཁོད་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-18

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།