དགྲ་འདུལ་པདྨ་དབང་ལྡན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དགྲ་འདུལ་པདྨ་དབང་ལྡན་ནི་བཅུད་པར་རྫ་རྒན་གྱི་འཁོར་ཞིག་གདན་དྲངས་པར་བཤད་ཅིང་། ཁོང་གི་བཅིབ་པ་རྟ་རག་རག་ཡིན།
1 འབྲེལ་ཡོད་ངག་རྒྱུན།
1_1 ངག་རྒྱུན་ཁག་དང་པོ།

བན་སེར་ལ་ལབ་ཙེ་ཞིག་ཡོད་ཅིང་མཚན་ལ་དགྲ་འདུལ་པདྨ་དབང་ཕྱུག་ཟེར་ཞིང་།  བཀྲ་ཤིས་འདུས་རི་ནི་མེར་གན་དགོན་གྱི་གཤོང་བ་རྡོ་རྗེས་མཚན་བཏགས་པ་ཡིན་པ་དང་།  ཨ་ལགས་མ་ཎི་ཚང་གིས་དགྲ་འདུལ་པདྨ་དབང་ལྡན་གྱི་ཉེ་འཁོར་ཞིག་ནས་མིང་བཏགས་པ་ནི་ལབ་ཙེ་འདིའི་བློན་པོ་མཆོག་གྱུར་ཞིག་ཡིན་ཚོད་འདུག་ཀྱང་མཚན་མ་ངེས།  བསྟོད་པ་བྱས་ན་ས་གླང་ཆེན་དཀར་མོ་རྩེ་དྲུག་ཞེས་བཤད་ཚུལ་འདུག

མཆན།  མང་རྫོང་མགོ་མང་བན་ཚུར་སྡེ་བའི་དམར་པོ་ནས་གསུངས་པ་ཞིག་ཡིན།

1_2 ངག་རྒྱུན་ཁག་གཉིས་པ།

གླང་ཆེན་སྟག་གདོང་གཉན་པོ།  གོང་རིགས་དཔའ་འཁོར་མཐོན་པོ།  དགྲ་འདུལ་པདྨ་དབང་འདུལ་སོགས་ནི་ཨ་མྱེས་རྨ་ཆེན་གྱི་འཁོར་ཡིན།  རྨ་ཆེན་གངས་བསྐོར་དུ་སོང་ན་དགྲ་འདུལ་པདྨ་དབང་ལྡན་གྱི་ལབ་ཙེ་ཡོད་ལ་ང་ཚོའི་བན་སེར་སྡེ་བས་བསྟོད་པའང་འདི་ཡིན།  གཞི་བདག་འདི་ནི་སྐུ་ཕྱོགས་ཀ་རིང་ཚང་གིས་བཀའ་བསྒོས་པ་ཞིག་ཡིན།

སྐུ་ཕྱོགས་ཀ་རིང་ཚང་དང་ཨ་ལགས་བན་སེར་ཚང་གཉིས་སྤུན་དུ་སྐུ་རབས་ཤིག་ལ་འཁྲུངས།  བན་སེར་ནི་སྐུ་འབུམ་པཎ་སེར་ནས་ཚུར་འོང་སྟེ་སྟོང་ཆེ་ནས་བསྡད་པ་དང་སྟོང་ཆེ་མེར་གན་ན་ལོ་རྒྱུས་ཡོད་ལ་བན་སེར་མགོན་པོ་རྒྱལ་གྱིར་ནག་ལྡང་གི་ཤུལ་ཡང་ཡོད།  དེ་ཡིས་སྟོང་ཆེ་དཔོན་པོ་ལ་ས་བསླངས་པས་ཅི་ཙམ་དགོས་ཞེས་དྲིས།  རྒོད་མ་ཞིག་གི་རྒྱུགས་ཚད་དགོས་ཞེས་བཤད་པ་ན་ཡ་གསུང་ནས་རྒྱུགས་པས་རྒོད་མ་ཆད་པས་སྲབ་མདའི་རིང་ཚད་ལ་ཁོ་རང་རྒྱུགས་པ་དང་དེ་ནས་ཞྭ་མོ་ཡར་འཕངས་པའི་བར་ས་གནང་བར་བཤད།  དེ་ནས་ཁོ་ལ་སྐལ་བགོས་ནས་ས་དེར་བསྡད་པས་བན་སེར་བ་ཁ་ཁྲ་རིལ་དང་རྒོད་མའི་རྒྱུགས་ཞང་སོགས་མིང་ཐོབ་ཡོད་པའི་ས་ནི་ཀབ་རོན་གྱི་ས་ཆ་ཡིན།  དེ་ནས་བཟུང་འབྲོག་རུའི་དཔོན་པོ་མདོ་རྩེ་ལ་འོང་ནས་བསྡད།

མཆན།  མང་རྫོང་མགོ་མང་བན་ཚུར་སྤྲུལ་སྐུ་དགེ་འདུན་བསྟན་པའི་རྒྱལ་མཚན་ཚང་ནས་གསུངས་པ་ཞིག་ཡིན།

2 བསང་ཡིག་གི་སྐོར།

ཡུལ་ལྷའི་རྒྱལ་པོ་དགྲ་འདུལ་པད་མ་དབང་ལྡན་གྱི་བསང་མཆོད་དགེ་མཚན་བཀྲ་ཤིས་ཆར་འབེབས་བཞུགས་སོ། །

༄༅།།  ཀྱེ།  དགེ་མཚན་ལྷུན་སྡུག་ས་འཛིན་སྦོ་མཐོ་རི། །དགེ་བཅུ་མཚན་སྡུག་སྒེགས་པས་ལང་ཚོ་བར། །དགེ་མཚན་ཡིད་འཕྲོག་ལྷ་ཡི་ཕོ་བྲང་ན། །དགེ་ལྡན་བསྟན་པ་སྲུང་བའི་མཐུ་པོ་ཆེ། །སྐུ་མདོག་ཀ་ལ་ཤ་ཡི་ལྷུན་པོ་ལ། །ཉིན་བྱེད་འོད་ཀྱི་བཀྲ་བའི་འཁྱུད་པ་བཞིན། །དཔྲལ་བར་དར་གྱི་ཐོད་བུ་དམར་པོ་བཅིང་། །སྐུ་ལ་ཟ་འོག་གོས་ཆེན་དཀར་པོ་གསོལ། །ཞབས་ལ་སག་ཆེན་འཇའ་རིས་ཡུ་རིང་གྱོན། །སྟག་གདོང་གཟིག་ཤུབ་དགྲ་འཇོམས་སྐེད་ལ་བཏག །ཕྱག་གཡས་མ་དྲངས་དར་དམར་མཁའ་ལ་འཕྱར། །དམ་ཉམས་དགྲ་བོའི་སྲོག་རྩ་གཅོད་པར་བྱེད། །གཡོན་པ་ནོར་གྱི་བཀང་པའི་ཞོང་པ་འཛིན། །སྐྱེས་འགྲོ་རྣམས་ཀྱི་དབུལ་བ་སེལ་བར་མཛད། །ཅིབས་སུ་རྟ་མཆོག་རག་པ་རྡོག་སྡོན་ཅིབས། །རིན་ཆེན་གསེར་གཡུས་སྒ་སྲབ་ཁྲ་ལ་ལ། །དུང་གི་ཡོབ་ཆེན་པདྨ་དབང་ལྡན་རྩལ། །ཁྱོད་ཀྱི་གཡས་ཀྱི་གསང་བའི་ཡུཾ་ཆེན་ནི། །དབུ་ལ་རིན་ཆེན་སྣ་ལྔའི་པྲོག་ཞུ་གསོལ། །སྐུ་ལ་དར་གྱི་ཆུ་བེར་སྔོན་པོ་གྱོན། །ཕྱག་གཡས་དུང་གི་མདའ་མོ་རང་འགྲུབ་ལ། །རིན་ཆེན་གསེར་གཡུ་ལ་སོགས་སྒྲོ་ཡིས་བརྒྱན། །རྦད་སྲས་ཟ་འོག་དར་ཟབ་མགུལ་དུ་བཅིངས། །སྤྲ་རྒྱལ་བོད་ཀྱི་མི་ནོར་ཕྱུགས་གཡང་འགུགས། །སྒྲོ་ཡིས་གཡོན་ན་སྣང་སྲིད་གསལ་བའི་མེ་ལོང་འཛིན། །མ་འགག་ཅི་ཡང་འཆར་བའི་རྫུ་འཕྲུལ་ཅན། །འཁོར་བཅས་ཐོག་མེད་གནས་འདིར་ད་ཚུར་བྱོན། ཀྱེ། མདུན་དུ་དངོས་སུ་བཤམས་དང་ཡིལ་སྤྲུལ་བའི། །དཀར་ཟ་མངར་ཟ་ཕྱེ་མར་ཟས་འཕྲད་དང་། །དར་ཟབ་འབྲུ་སྣ་ཇ་ཆང་འོ་ཞོ་སོགས། །རབ་འབར་མེ་ལ་བསྲེག་པའི་དུད་ཚོགས་སྤྲིན། །སྔགས་རྒྱ་ཏིང་འཛིན་གྱིས་སྤེལ་རང་རང་གི །གང་འདོད་ཡིད་འོང་མཁའ་ཁྱབ་བསང་མཆོད་འདིས། །རྩ་བ་རྒྱུད་པའི་བླ་མ་ཐམས་ཅད་བསང་། །ཡི་དམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བསང་། །མ་དང་མཁའ་འགྲོ་སྲུང་མ་ཐམས་ཅད་བསང་། །ཡུད་སྐྱོང་དགྲ་ལྷའི་རྒྱལ་པོ་འཁོར་བཅས་བསང་། །གཞན་ཡང་ཁྱོད་ཀྱི་འཁོར་དུ་གཏོགས་པ་ཡི། །ལྷ་ཀླུ་བདུད་བཙན་མ་མོ་འཁོར་གྱི་ཚོགས། །བསང་ངོ་མཆོད་པ་རྒྱ་ཆེན་འདི་བཞེས་ལ། །རྒྱལ་བའི་བསྟན་བསྲུང་འགྲོ་བའི་བདེ་སྐྱིད་སྤེལ། །རྣལ་འབྱོར་བདག་ཅན་ཡོན་མཆོད་འཁོར་བཅས་ཀྱི། །མི་མཐུན་གནོད་པས་དགྲ་བགེགས་ཞི་བ་དང་། །ཚེ་སྲོག་རི་བོ་བཞིན་དུ་བརྟན་པོ་དང་། །སྙན་གྲགས་ནམ་མཁའ་བཞིན་དུ་ཁྱབ་པ་དང་། །རྒྱུད་འཛིན་ལྗོང་ཤིང་བཞིན་དུ་རྒྱས་པ་དང་། །ཕྱུགས་གཡང་རྒྱ་མཚོ་བཞིན་དུ་འཁྱིལ་བ་དང་། །བསམ་དོན་ལྷུན་གྱིས་འགྲུབ་པའི་དགེ་ལེགས་སྩོལ། །  ཡུལ་ལྷའི་རྒྱལ་པོ་དགྲ་འདུལ་པདྨ་དབང་ལྡན་རྩལ་གྱི་བསང་མཆོད་དགེ་མཚན་བཀྲ་ཤིས་ཆར་འབབ་འདི་ནི་བན་སེར་སེར་སྐྱ་ཐུན་མོང་ནས་བསྐུལ་བས་ཀ་རིང་སྤྲུལ་བའི་སྐུ་དགེ་འདུན་བསྟན་པ་ཡར་འཕེལ་གྱིས་སུག་བྲིས་སུ་བགྱིས་པའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-18

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།