དགེ་བསྙེན་ཕྱིང་དཀར་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དགེ་བསྙེན་ཕྱིང་དཀར་བས་ཕྱིང་ཞྭ་མནབས་པ་དང་རྟ་མཆོག་དཀར་པོ་ཆིབས་སུ་བཅིབས། བོད་ལྭ་མནབས་ནས་སངས་རྒྱས་ཀྱི་བསྟན་པ་སྤེལ་ཕྱིར་གནས་འདིར་ཕེབས་པ་དང་། སྔོན་ཆད་མི་ཐམས་ཅད་ཀྱི་མཐོང་ལམ་དུ་འོང་བ་མ་ཟད་ཧོར་རན་སྐེ་ཐལ་མ་ནས་བླ་མ་བར་བཀག་པའི་དུས་དེར་དགེ་བསྙེན་ཆེན་པོ་སླེབས་ནས་བསྐོར་བརྒྱབ་པ་དང་། དེ་ནས་ཟོག་རྫི་ཀུན་གྱིས་མཐོང་བའི་བཤད་ཚུལ་མཆིས།
1 འབྲེལ་ཡོད་ངག་རྒྱུན།
1_1 ངག་རྒྱུན་ཁག་དང་པོ།

དགེ་བསྙེན་ཕྱིང་དཀར་བས་ཕྱིང་ཞྭ་མནབས་པ་དང་རྟ་མཆོག་དཀར་པོ་ཆིབས་སུ་བཅིབས།  བོད་ལྭ་མནབས་ནས་སངས་རྒྱས་ཀྱི་བསྟན་པ་སྤེལ་ཕྱིར་གནས་འདིར་ཕེབས་པ་དང་།  སྔོན་ཆད་མི་ཐམས་ཅད་ཀྱི་མཐོང་ལམ་དུ་འོང་བ་མ་ཟད་ཧོར་རན་སྐེ་ཐལ་མ་ནས་བླ་མ་བར་བཀག་པའི་དུས་དེར་དགེ་བསྙེན་ཆེན་པོ་སླེབས་ནས་བསྐོར་བརྒྱབ་པ་དང་།  དེ་ནས་ཟོག་རྫི་ཀུན་གྱིས་མཐོང་བའི་བཤད་ཚུལ་ནི།  དབུ་ལ་ཕྱིང་ཞྭ་དང་ལུས་སུ་ཕྱིང་བ་མནབས་ནས་སྐེད་རགས་ཤོབ་ཏུ་བཅིངས་བ་མ་ཟད་རྟ་དཀར་པོ་ཞིག་འཁྲིད་བཞིན་འགྲོ་བ་མཐོང་།  གྲོག་ར་ཞོལ་མའི་ལམ་སྣེར་ཐོན་མ་ཐག་སྤྲིན་དཀར་པོ་ཞིག་གི་ནང་འཕུར་སོང་བ་མངོན་སུམ་ཡིན།  ཁོང་གིས་སྟོད་རྒྱ་གར་དང་སྨད་རྒྱ་ནག་་སོགས་སུ་སྐོར་བ་ལན་རེ་མཛད་བཞིན་མཆིས།  དཔའ་རིས་བླ་མས་དགོན་པ་ཁྲ་སྒར་སེ་འགྲོ་རིག་བར་གྱང་ཆག་སྲུང་བཞིན་བཞུགས་པར་བཤད་པ་དང་དགོན་པ་སླར་གསོ་བྱས་རྗེས་སྟེང་ལྷ་ཡུལ་དུ་སླེབས་པ་དང་རྫུ་འཕྲུལ་མང་པོ་བསྟན་མཐར་སྐུ་བཀྲོངས་སོང་ངོ་། །

དགེ་བསྙེན་ཕྱིང་དཀར་བ་སྤྱན་འདྲེན་སྐབས་ཐར་ཤུལ་དགོན་པའི་འདུ་ཁང་ནང་ཟླ་གཅིག་གི་རིང་བསྒྲུབ་པ་ཉམས་ལེན་བྱས་ཏེ་སྤྱན་འདྲེན་མང་དུ་བྱས།  ཇོ་བོ་རྒྱལ་མཚན་འབག་སྐུ་དང་དགེ་བསྙེན་ཕྱིང་དཀར་བ་རི་རྩེར་བཀོད་དེ་ལབ་ཙེ་ལ་གནས་བར་བྱས།  སྔོན་ཆད་བླ་མ་ཡོངས་འཛིན་རིན་པོ་ཆེ་ཡིས་གསུང་རྒྱུར།  རྒྱ་ཡར་ལོག་དང་སོག་པོ་མར་ལོག་དུས་ལྷ་ཐམས་ཅད་བཙོན་ལ་བཟུང་སོང་།  ད་ནི་ང་ཚོས་ཡོད་ཚད་བཤད་ན་ཆོག་པ་མ་ཟད་དགེ་བསྙེན་ཕྱིང་དཀར་བས་ལབ་ཙེ་བསྟོད་དགོས་ཞེས་གསུང་གི་ཡོད་ཅེས་ལྷ་བ་ཁོང་གི་གསུང་ངོ་མ་ཡིན།

མཆན།  མང་རྫོང་ཐར་ཤུལ་ཡུལ་ཚོའི་རྒྱ་སེའི་ལྷ་བ་ནས་གསུངས་པ་ཞིག་ཡིན།

1_2 ངག་རྒྱུན་ཁག་གཉིས་པ།

དང་ཐོག་སྲིན་པོའི་སྒོ་སྲུང་ཞིག་ཡིན།  རྒྱལ་པོ་དད་པ་བརྟན་པོ་སྲིན་པོའི་ཡུལ་དུ་ཕེབས།  ལྷ་མོ་ཨུ་མ་གདན་དྲངས་དུ་སོང་བ་ཡིན་པས་སྲིན་པོའི་སྒོ་སྲུང་གི་རོགས་རམ་མང་པོ་བྱས་སྟབས་དུས་དེ་ནས་བཟུང་སངས་རྒྱས་བསྟན་པའི་ཆོས་སྒོར་ཞུགས།  རྒྱལ་པོ་དད་པ་བརྟན་པོས་བུམ་པ་སྤྱི་བོར་བཞག་ནས་སངས་རྒྱས་ཀྱི་བསྟན་པའི་ཆོས་སྒོར་དེ་ནས་བཟུང་ཞུགས་པ་ཡིན་ལ།  རིམ་པ་བཞིན་དུ་རྒྱུན་མ་ཆད་པར་བཀའ་གདམས་དམ་པའི་སྲུང་མ་ཡིན་པ་དང་ཇོ་བོ་རྗེ་བོད་དུ་ཕེབས་དུས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་སྲུང་མ་ཡིན།  དེ་ནས་རྒྱལ་བ་དགེ་འདུན་རྒྱ་མཚོའི་རིང་གཙང་བཀྲ་ཤིས་ལྷུན་པོའི་རི་རྩེར་བཀོད་དེ་བསྟན་པའི་སྲུང་མར་བཀོད་པ་ཡིན།

ལྷ་ཕབ་པའི་དུས་སུའང་བཀའ་གདམས་པའི་སྲུང་མ་དང་དགེ་ལྡན་བསྟན་པའི་སྲུང་མར་བཞུགས་སྲོལ་སོགས་བཤད་པ་ཡིན།  ཁོང་གི་བསང་མཆོད་ནི།  བཀའ་གདམས་དམ་པའི་སྲུང་མ་མཛད་པའི་ཚེ། །རྭ་སྒྲེང་སྤྲུལ་བའི་གཙུག་ལག་ཁང་ནས་གཤེགས། །དགེ་ལྡན་བསྟན་པའི་སྲུང་མ་མཛད་པའི་ཚེ། །བཀྲ་ཤིས་ལྷུན་གྱིས་གྲུབ་པའི་གནས་ནས་གཤེགས་ཟེར་བ་ཡིན་ཏེ།  ཐར་ཤུལ་དགོན་བཏབ་ནས་ལོ་བཅུ་གཅིག་རྗེས་སུ་ས་ཆ་འདིར་ནད་པ་ཞིག་ལ་ཁྲུས་བྱས་ནས་བསྡད།  དགོང་མོ་ཞིག་ལ་ལྷ་བབས་པས་བདག་ལ་དར་ཅིག་བྱིན་ཟེར་བའི་བརྡ་བསྟན་པ་ན།  མདའ་དར་ལག་ཏུ་བཞག་མ་ཐག་རྟ་ལ་བཅིབས་ཡོད་པས་ཚུལ་བཟུང་ནས་ང་ནི་དགེ་བསྙེན་ཕྱིང་དཀར་བ་ཡིན་ཟེར་ནས་བསྟན་པ་སྤེལ་ཕྱིར་གནས་འདིར་ཁྱེད་ལ་རོགས་བྱེད་དུ་འོང་བ་ཡིན་པས་ཁྱེད་ཀྱིས་བདག་བརྟེན་རྒྱུ་ཡིན་ནམ།  ངས་ཁས་ལེན་བྱེད་རྒྱུ་དཀའ་བས་བདག་ལ་ཞུ་ས་ཞིག་ཡོད།  དོན་བྱ་འདི་ཨ་ལགས་བླ་ཁོ་རིན་པོ་ཆེ་ཚང་ལ་ཞུས་རྗེས་ང་ཚོས་ཅི་བྱེད་དགོས་བལྟ་གསུངས།  ཁྱེད་དགེ་བསྙེན་ཕྱིང་དཀར་བ་ཡིན་ན་ལོ་རྒྱུས་ཅི་འདྲ་ཡོད།  སྔོན་གྱི་ལོ་རྒྱུས་རྣམས་ཇི་བཞིན་གསུངས།  སྐབས་ཤིག་ལ་ཨ་ལགས་བླ་ཁོ་རིན་པོ་ཆེ་ཚང་སྐུ་འབུམ་ལ་སླེབས་དུས་སྔོན་གྱི་ལོ་རྒྱུས་རྣམས་ཞིབ་ཏུ་ཞུས་ཚེ།  ངས་ཕྱག་མོ་ཞིག་གཟིགས་ཟེར་ནས་རྗེས་སུ་ཁྱེད་ཀྱིས་འདི་བསྟེན་དགོས་པར་འདུག  དུས་དེ་ནས་བཟུང་རྒྱབ་རིའི་སྒང་དུ་ལབ་ཙེ་བསྟད་པ་ཡིན་ལ།  ཁོའི་ན་བཟའ་ནི་འབྲོག་པའི་ཕྱིང་བ་མནབས་ཡོད་པ་ཞིག་དང་དབུ་ལ་ཕྱིང་ཞྭ།  ཕྱག་གཡས་པར་མདའ་དར་དང་རྟ་དཀར་ཆིབས་པ།  ཁྱེད་ཀྱི་དགོན་པའི་རྒྱབ་རིའི་སྒང་ནས་དགོན་པའི་ནང་ཨེ་མཐོང་།  མཐོང་ཐུབ་ཟེར།  འོ་ན་གཙང་བཀྲ་ཤིས་ལྷུན་པོའི་རྒྱབ་རི་ནས་དགོན་པ་མཐོང་ངམ་ཁྱེད་ཀྱི་དྲི་བར་བྱོས།  དེ་ནས་ཁྱེད་ཚོ་ལ་དགེ་བསྙེན་ཕྱིང་དཀར་བ་ཟེར་བ་ཞིག་ཡོད་དམ།  དེ་ནི་མི་ཤེས་ཟེར།  འོ་ཡོད་པ་རེད།  དེའི་མིང་ལ་དགེ་བསྙེན་ཕྱིང་དཀར་བ་མི་ཟེར།  ཇོ་བོ་ནེ་སེར་བ་ཟེར་བ་ཡིན།  ཇོ་བོ་ནེ་སེར་བ་དང་ཇོ་བོ་རྒྱལ་མཚན་པ།  ཕྱིང་དཀར་བ་རྣམས་སྤུན་གསུམ་དུ་སྐྱེས་པའི་ལོ་རྒྱུས་མང་པོ་འདུག་གོ །

མཆན།  མང་རྫོང་ཐར་ཤུལ་དགོན་པའི་དཔལ་ལྡན་ཚང་ནས་གསུངས་པ་ཞིག་ཡིན།

2 བསང་ཡིག་གི་སྐོར།
2_1 བསང་ཡིག་ཁག་དང་པོ།

དགེ་བསྙེན་ཕྱིང་དཀར་བའི་བསང་དཔེ།

༄༅།།  ཀྱེ།  གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དང་། །བསླུ་བ་མེད་པའི་སྐབས་གནས་དཀོན་མཆོག་གསུམ། །བཀའ་སྡོད་ལྷ་ཡི་དགེ་བསྙེན་ཕྱིང་དཀར་བ། །ཕྱག་གཡས་དར་མདུང་གཡོན་པས་ནོར་གཞུང་འཛིན། །རིན་ཆེན་སྒ་སྲབ་མཛེས་པའི་རྟ་ལ་བཅིབས། །འཁོར་བཅས་འདིར་བྱོན་མཐུན་པའི་དམ་ཟས་བཞེས། །དངོས་བཤམས་ཡུལ་གྱིས་སྤྲུལ་བའི་མཆོད་པའི་སྤྲིན། །གཏོར་ཚོགས་གསེར་སྐྱེམས་མཚོ་ལྟར་འཁྱིལ་བ་འདི། །བདུད་རྩི་བྱིན་རླབས་འཁོར་དང་བཅས་ལ་འབུལ། །གསེར་ཞུན་འབར་འདྲེས་ཡེ་ཤེས་མེ་ནང་དུ། །རྨད་བྱུང་སྤོས་སྣ་བསང་རྫས་བརྒྱ་ཕྲག་དང་། །བསགས་པའི་དུད་སྤྲིན་འཆི་མེད་ལམ་བཀངས་པའི། །གནས་བདག་དགེ་བསྙེན་ཆེན་པོ་འཁོར་བཅས་བསངས། །སྤྱན་རས་གཟིགས་དབང་ཐུགས་ཀྱི་ཕོ་ཉ་ནི། །སྣ་ཚོགས་སྒྲུབ་པའི་རྒྱན་གྱུར་རྣམ་རོལ་བ། །རྣལ་འབྱོར་དཔོན་སློབ་མི་ནོར་འཁོར་བཅས་བསངས། །སྡང་དགྲ་སྒྲོལ་ལ་བགེགས་རྣམས་ཆམ་ལ་ཕོབས། །ནད་ཡམས་ད་ཡམས་བཤད་ཕུར་ཁ་སྨྲས་བཟློག །ནག་ཕྱོགས་དགྲ་བོའི་བསམ་ངན་འཆང་བ་ཀུན། །བསྟན་ལ་ངན་སེམས་འཆང་བ་སྤར་སྐོང་ལ། །ཐམས་ཅད་དབང་འདུལ་དགེ་ལ་རབ་བརྟེན་ཅིང་། །ཡངས་པའི་རྒྱལ་ཁམས་བདེ་སྐྱིད་ལྡན་པ་དང་། །གང་བསམ་ལྷུན་གྱིས་གྲུབ་པའི་གྲོགས་མཛོད་ཅིག །

2_2 བསང་ཡིག་ཁག་གཉིས་པ།

དགེ་བསྙེན་ཕྱིང་དཀར་བའི་བསང་ཡིག

བཀའ་གདམས་དམ་པའི་སྲུང་མ་མཛད་པའི་ཚེ། །རྭ་སྒྲེང་སྤྲུལ་བའི་གཙུག་ལག་ཁང་ནས་གཤེགས། །དགེ་ལྡན་བསྟན་པའི་སྲུང་མ་མཛད་པའི་ཚེ། །བཀྲ་ཤིས་ལྷུན་གྱིས་གྲུབ་པའི་གནས་ནས་གཤེགས། །  མཁོ་སྤྲོད་པ་ཐར་ཤུལ་དགོན་པའི་དགེ་སློང་དཔལ་ལྡན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-18

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།