ཁྲོ་ཐུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲོ་ཐུང་།
གླིང་མ་བཞིའི་དཔོན་པོ་ཁྲོ་ཐུང་ནི་ལྕགས་སྤྲེལ་ལོར་ས་གླིང་དཀར་སྟོད་དུ་ཡུམ་ཆོས་སྒྲོན་མ་ལས་འཁྲུངས་ཤིང་། གླིང་ལ་ཆེ་རྒྱུད་དང་ཆུང་རྒྱུད། འབྲིང་རྒྱུད་ཅེས་ཚོ་ཤོག་གསུམ་ཡོད་པའི་ནང་ཚན་ཆེ་རྒྱུ་ཚང་གི་འགོ་དཔོན་ཡིན། ལོ་བཅུ་བཞི་མེ་ལུག་ལོར་འདན་ཁ་རག་བཟའ་ཡི་གསེར་མཚོ་ཞེས་པ་འདན་ལྷུན་གྲུབ་རྡོ་རྗེའི་སྲས་མོ་གཟུགས་མཛེས་ཡིད་འོང་མ་དེ་ཆུང་མར་བསུས་ནས། རོང་སྲས་ལྷ་རྒོད་འབུམ་ལུ་དང་སྟག་རོང་ཨ་ནུ་གཟུག་འཕེན་གཙོས་བུ་དགུ་འཁྲུངས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
晁同
ཁོངས་གཏོགས།
གླིང་གི་དཔའ་བརྟུལ་སུམ་ཅུའི་ཡ་གྱལ།
མཚན་གཞན།
སྟག་རོང་དཔོན་པོ་ཁྲོ་ཐུང་།
མཚན་ཧྲིལ་བོ།
གླིང་མ་བཞིའི་དཔོན་པོ་ཁྲོ་ཐུང་།
རྫོང་མཁར།
ཕོ་རོག་སྙིང་རྫོང་།
1 ​ལོ་རྒྱུས་བསྡུས་པ།

གླིང་མ་བཞིའི་དཔོན་པོ་ཁྲོ་ཐུང་ནི་ལྕགས་སྤྲེལ་ལོར་ས་གླིང་དཀར་སྟོད་དུ་ཡུམ་ཆོས་སྒྲོན་མ་ལས་ཁྱེའུ་གཞན་དང་མི་མཚུངས་པ་ཞིག་འཁྲུངས། ཁྱེའུ་དེ་འཁྲུངས་མ་ཐག་ཏུ་དྲིན་ཅན་ཨ་མའི་འོ་མས་མ་སོས་འབྲི་མོར་བསྣུན། འབྲི་མོས་མ་སོས་རྒོད་མར་བསྣུན། རྒོད་མས་མ་སོས་ཁྱི་མོར་བསྣུན། ཁྱི་མོར་བསྣུན་ཏེ་ནར་སོན་པ་ན་མཚན་ལ་མ་བཞིའི་དཔོན་པོ་ཁྲོ་ཐུང་བཏགས། 

སྟག་རོང་དཔོན་པོ་ཁྲོ་ཐུང་གིས་ལོ་བཅུ་བཞི་མེ་ལུག་ལོར་འདན་ཁ་རག་བཟའ་ཡི་གསེར་མཚོ་ཞེས་པ་འདན་ལྷུན་གྲུབ་རྡོ་རྗེའི་སྲས་མོ་གཟུགས་མཛེས་ཡིད་འོང་མ་དེ་ཆུང་མར་བསུས། ས་བྱ་ལོར་ཕོ་བྲང་ཕོ་རོག་སྙིང་རྫོང་ཁོ་མདོ་སྲིབ་མདའ་ཟེར་བ། རྨ་ཆུ་གཡས་ནས་རྒྱུག་ས། ཁོ་ཆུ་གཡོན་ནས་བཞུར་ས། བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ལ་མཁར་ཐོག་བརྩེགས་དགུ་བཞེངས་ཏེ། ཕྱི་ར་བ་ཕྱུགས་ཀྱིས་བཀང་། ནང་མཛོད་ཁང་རྒྱུ་ཡིས་ཚིམས་པར་བྱས། སྟག་རོང་དཔོན་པོ་ལོ་ན་ཆུང་དུས་དཔའ་ཁེར་རྒྱུག་གིས་སྲིན་པོ་ཁེ་ཚེ་རུ་ཟེར་བ་དེ་བསྒྲལ། ཡུམ་ཆོས་སྒྲོན་མའི་བསམ་པར་ངའི་བུ་འདི་རྟུལ་ཕོད་ཆེ་བས་དགྲ་ལ་འཆོར་ཉེན་ཆེ་དགོངས་ནས་ཝ་མོ་བརྒྱ་ཡི་སྙིང་ཁྲག་གསོལ་དཀར་གྱི་ནང་ལ་ཆང་དང་བསྲེས་ཏེ་བླུད་པས་ཁྲོ་ཐུང་ནི་སྡར་མ་ཝ་དང་འདྲ་ལེ། ལུས་འདར་ལྕང་ལོ་འདྲ་ལེ། བློ་སྣ་མང་བ། ང་རྒྱལ་དང་ཕྲག་དོག་གིས་གཟིར་བ། འདོད་ཆགས་ཆུ་ལྟར་ཁོལ་བ། ཕྱི་དགྲ་ནང་འདྲེན་དང་ནང་མི་གྱོད་གཏུགས་བྱེད་པ། ཕ་ཇུས་རླུང་ལ་སྐུར་བའི་མི་སྐྱེས་ཐ་ཤལ་པ་ཞིག་ཏུ་གྱུར། གླིང་སྟག་རོང་དཔོན་པོ་ཁྲོ་ཐུང་ལ་རོང་སྲས་ལྷ་རྒོད་འབུམ་ལུ་དང་སྟག་རོང་ཨ་ནུ་གཟུག་འཕེན་གཙོས་བུ་དགུ་འཁྲུངས་པ་དང་། ཕྱིས་སུ་མང་ཤོས་ཤིག་གཡུལ་འཁྲུགས་ལས་བཀྲོངས་པར་གྲགས་སྐད་དོ། ། 

2 མིང་གི་ཐོགས་ལུགས།

ཁྲོ་ཐུང་གི་མིང་ཆ་ཚང་ལ་གླིང་མ་བཞིའི་དཔོན་པོ་ཁྲོ་ཐུང་ཟེར་ཞིང་། མ་བཞི་ཟེར་དོན་ནི་ཁྲོ་ཐུང་འཁྲུངས་ནས་ཨ་མའི་འོ་མས་གསོས་པས་མ་སོས་པར་འབྲི་མོར་བསྣུན།འབྲི་མོས་མ་སོས་པར་རྒོད་མར་བསྣུན།རྒོད་མས་ཀྱང་མ་སོས་པར་ཁྱི་མོར་བསྣུན་ནས་ནར་སོན་པས་ན་ཨ་མ་བཞིས་གསོས་པར་བཤད་པས་མ་བཞི་ཞེས་དང་། ཁྲོ་ཐུང་ཞེས་ཐོགས་དོན་ནི་ཁྲོ་བ་ལྷ་སྡེའི་ནང་དུ་ཁྲོ། ཐུང་བ་ཕུ་ནུའི་སྟེང་དུ་ཐུང་ཞེས་རང་གི་ལྷ་སྡེ་སྟེ་གླིང་གི་ཕུ་ནུའི་ནང་དུ་ཁྲོ་བ་སྟག་ལས་ཐུ་ཞིང་བློ་སྣ་མཐོ་ལས་ཐུང་བས་མ་བཞིའི་དཔོན་པོ་ཁྲོ་ཐུང་ཞེས་ཐོགས།

3 གནའ་ཤུལ།

དགའ་བདེ་རྫོང་གི་ཁོངས་གཏོགས་ཁོ་ཆུ་ནུབ་མའི་ཆུ་བོ་ཆེན་པོ་དེ་བྱང་ནས་ལྷོར་བབས་ནས་རྨ་ཆུ་དང་འདྲེས།ས་ཆ་འདིའི་ས་བབ་ཧ་ཅང་རྩུབ་ཅིང་རྨ་ཆུའི་ལྷོ་བྱང་གཉིས་ཀའི་འགྲམ་གྱི་རི་ངོས་གཡང་གཟར་ཡིན་པ།རྨ་ཀླུང་དྲག་ཏུ་འབབ་པའི་རྦ་རླབས་དགུང་ལ་འཕྱུར་ཞིང་།ས་འདིའི་མིང་ལ་ཁོབ་མདའ་ཞེས་པར་གྲགས།ཁོབ་མདོ་ཞེས་པའི་ལུང་པ་གསུམ་མདོ་འདི་ན་རྒྱུ་རྡོ་ལས་བརྩིགས་པའི་མཁར་གྲུ་བཞི་མ་ཞིག་རལ་དུ་གྱུར་པ་ཞིག་ཡོད་པའི་ཁ་ཞེང་ལ་ཧ་ལམ་གོམ་པ་གྲུ་བཞི་མ་སུམ་བརྒྱ་ཙམ་ཞིག་མ་གཏོགས་མེད་པས་མཁར་ཤུལ་ཆེན་པོ་ཞིག་མིན།རྡོ་མཁར་འདིའི་མཁར་སྒོ་རྨ་ཆུའི་ཕྱོགས་སུ་འཁོད་ཡོད།མཁར་འདི་བརྩིགས་ནས་ལོ་ཧ་ཅང་མང་པོ་འགོར་སྟབས།མཁར་གྱི་བར་མཚམས་རེ་ན་རྡོ་མཁར་དུམ་བུ་རེ་བརྡིབས་ཡོད་པ་དང་།རྩིག་ངོས་ན་རྡོ་དྲེག་སེར་བོ་མཐུག་པོ་ཞིག་ཆགས་ཡོད།ས་ འདིའི་མི་དམངས་ཀྱི་ངག་རྒྱུན་ལས་གླིང་རྗེ་གེ་སར་རྒྱལ་པོའི་ཨ་ཁུ་ཁྲོ་ཐུང་ངམ་ཨ་ཁུ་ཁྲོ་བ་རྒྱལ་པོའི་སྐུ་མཁར་རམ་ཕོ་བྲང་གི་མཁར་ཤུལ་ཡིན་ནོ་ཞེས་ཟེར།ཨ་ཁུ་ཁྲོ་ཐུང་གི་སྐུ་མཁར་འདིའི་མིང་ལ་ཕོ་རོག་སྙིང་རྫོང་ཞེས་པར་གྲགས།ད་ལྟའི་དུས་ན་མཁར་འདིའི་མིང་ལ་ཨ་ཁུ་ཁྲོ་ཐུང་གི་སྐུ་མཁར་རམ་ཁོབ་མདའི་རྡོ་མཁར་ཞེས་ཤོད་སྲོལ་ཡོད་པ་རེད།

4 བྱས་ཉེས།

ཨ་ཁུ་ཁྲོ་ཐུང་གིས་གེ་སར་ལ་ཕྲག་དོག་བྱས་པར་མ་ཟད། གདུག་རྩུབ་ཀྱི་བསམ་པ་འཆང་ནས་འཛམ་གླིང་གེ་སར་རྒྱལ་པོར་ངོ་རྒོལ་བྱེད་པའི་ངན་ལས་མང་པོ་བསྒྲུབས་ཤིང་།ཐ་ན་ཕྱིའི་དགྲ་ལའང་ངན་འབྲེལ་བྱས་ནས་རྒྱལ་བཙོངས་ཁེ་གཉེར་བྱས་ནས། མི་དམངས་ལ་སྡུག་བསྔལ་ཚབས་ཆེན་མྱོང་དུ་བཅུག་པ་དང་།རྒྱལ་ཁབ་ལ་གྱང་གུན་ཆེན་པོ་བཟོས། གླིང་ལ་ཆེ་རྒྱུད་དང་ཆུང་རྒྱུད། འབྲིང་རྒྱུད་ཅེས་ཚོ་ཤོག་གསུམ་ཡོད་པའི་ནང་ཚན་ཆེ་རྒྱུ་ཚང་གི་འགོ་དཔོན་ཁྲོ་ཐུང་ཡིན། དེའི་དུས་ཁྲོ་ཐུང་གི་ང་རྒྱལ་གྱིས་ནམ་མཁའ་སྒྲིབ་ཐུབ་པ་ལྟ་བུ་ཞིག་ཡིན་ཕྱིར།ཁོས་སེམས་ལ་ང་མིན་སུ་ཡིན་སྙམ་གྱི་ཡོད།ཨ་ཁུ་ཁྲོ་ཐུང་ནི་རང་གཤིས་ངན་ཞིང་གདུག་རྩུབ་ཆེ་བའི་མི་ཞིག་ཡིན་སྟབས།ཡོང་ཁུངས་མི་གཙང་བའི་རྒྱུ་ནོར་མང་པོ་བསགས་ཤིང་།བྲན་གཡོག་གྲངས་མེད་པས་ཕྱི་ནང་གཉིས་ཀ་བཀང་བའི་སྟོབས་འབྱོར་མངའ་ཐང་ཅན་ཞིག་ཡིན།ཨ་ཁུ་ཁྲོ་ཐུང་གིས་མི་དམངས་མང་ཚོགས་ལ་གཉའ་གནོན་དང་བཤུ་གཞོག་ཚད་མེད་བཏང་སྟབས།བྲན་གཡོག་རྣམས་ཀྱིས་ཁོའི་རྗེས་སུ་མ་འབྲངས་པར་འཛམ་གླིང་སེང་ཆེན་རྒྱལ་པོར་མགོ་བཏགས།ཨ་ཁུ་ཁྲོ་ཐུང་གི་མཁར་འདི་ལ་ཕྱིའི་དགྲ་བོ་རྣམས་ཀྱིས་ངོ་རྒོལ་ཅི་འདྲ་བྱས་ཀྱང་གཏོར་བརླག་མ་སོང་རུང་།མཁར་ནང་གི་བྲན་གཡོག་དང་རང་གི་མངའ་འོག་གི་མི་སེར་རྣམས་ཀྱིས་ངོ་རྒོལ་བྱས་སྟབས།མཁར་འདི་ཡང་རང་ཤུགས་ཀྱིས་སྟོང་བར་གྱུར་ནས་ད་ལྟའི་བར་དུ་བདག་པོ་རྒྱག་མཁན་ཞིག་བྱུང་མེད་པ་རེད།

5 མི་སྣའི་གཤིས་ཀ

1.ཁྲོ་ཐུང་གི་གླུ་ཚིག་དང་ངག་རྟ་ལས་ཐོན་པའི་མི་གཤིས།

ཁྲོ་ཐུང་གིས་འབྲུག་མོའི་རྨི་ལྟས་དང་ཉིན་རྟགས་ལ་མགོ་གཡོགས་ཀྱི་གླུ་སྟག་མོའི་ངར་གླུར་དྲངས་པ། ང་དང་ང་ངོ་མ་ཤེས་ན། སྲིབ་པ་ཁོག་མོའི་རོག་རྫོང་ན། མ་བཞིའི་དཔོན་པོ་ཁྲོ་རྒྱལ་ཡིན། ཆུ་དཀར་བསྐོལ་ཕུད་འཐུང་མི་ཡིན། ལུག་མགོའི་ཡ་ཐོད་ཟ་མི་ཡིན། གོ་ཁའི་གཡས་གྲལ་གནོན་མཁན་ཡིན། རྨ་ཁ་མཐེབ་གནོན་བྱེད་མི་ཡིན། སྐྲངས་མགོ་སེན་མོས་རྟོལ་མི་ཡིན། ང་ལ་དོ་བའི་དཔོན་པོ་མེད། ཅེས་པ་ལྟ་བུའི་རྗོད་བྱེད་བར་གྱི་གསེང་རེ་རེ་ན་རང་ཆེ་རང་མཐོའི་ཁེངས་སེམས་ཤིག་ཧུར་གྱིས་བརྡོལ་ཡོད་ལ། ཁོའི་གཏམ་གཏམ་སའང་ཏག་ཏག་ལ་གླིང་གི་འཁོར་ཚོགས་ནང་ཡིན་པ་ལས་དགྲ་ཕྱོགས་མ་ཡིན་པས། ཁྲོ་བ་ལྷ་སྡེའི་ནང་དུ་ཁྲོ། ཐུང་བ་ཕུ་ནུའི་སྟེང་དུ་ཐུང་། ཞེས་སྤྱི་དཔོན་གྱིས་སྤྱི་སྡོམ་མཛད་པ་དང་ཤིན་ཏུ་ཁ་འཕྲོད། མི་མཁས་མཁས་མདོག་དང་མི་དཔའ་དཔའ་མདོག་གི་གཏམ་གྱིས་ཡོངས་སུ་བཅིངས་པའི་གླུ་ཚིག་དེ་ལྟ་བུར་ངག་རྟ་སྟག་མོའི་ངར་གླུས་རམ་འདེགས་མཛད་ཕྱིན། ཨ་ཁུ་ཁྲོ་ཐུང་གིས་སྐྲག་མི་དགོས་སའི་ནང་མིའི་སྟེང་དུ་རྫིག་རྫིག་རྔམ་རྔམ་གྱི་ཉམས་ཇི་འདྲ་ཞིག་འདོན་གྱིན་ཡོད་པ་རང་ཅག་གི་མིག་མདུན་དུ་གསལ་ལེར་འཆར་ཡོང་ངེས། ད་དུང་ཁྲོ་ཐུང་གིས་དཔའ་ཚོད་མ་ཟིན་པའམ། རང་ཚོད་མ་ཟིན་པར་ཧོར་སྒར་གྱི་འགྲམ་དུ་ཡང་བསྐྱར་བཅར་ཏེ་གེ་སར་ཡིན་ཁུལ་གྱིས་མེ་ཁྱེར་ཉི་མའི་འོད་ལ་རྫུ་བའི་གླུ་དགྲ་ཕར་རྒྱག་དཔའ་གླུ་ཐུང་ཐུང་ལེན་སྐབས་དང་། ཁྲོ་ཐུང་འཕྱི་ཁུང་ནས་ཐོན་ཏེ། ལུས་ལྕང་ལོ་བསིགས་པ་ལྟར་འདར་བའི་སྐད་ངན་གྱིས་རྗེ་དཔོན་ལ་བཅར་ན་འཕྲལ་ཕུགས་སྐྱིད། ཁྱི་ནག་པོར་བཅར་ན་ཉྭ་ཡུ་འཆོར། ཟེར་བ་སྒང་པའི་གཏམ་ལ་གདའ་ང་དེ་རིང་ཉི་མ་ཕན་ཆད་ནས། མགོ་སྤྱི་འབུལ་གུར་དཀར་དཔོན་ལ་འབུལ། ལུས་སྒེར་འབུལ་ཤན་པ་ཁྱོད་ལ་འབུལ། ཞེས་པ་སོགས་ཀྱི་སྟེང་ནས་ཁྲོ་ཐུང་ལ་ཚུགས་ཐུབ་ཀྱི་སྒེར་གཤིས་དང་དཔའ་ཉམས་ཀྱིས་སྟོང་བ་རྦད་དེ་མཚོན་པས། སྤྱི་དཔོན་ཁྲ་རྒན་ལགས་ཀྱིས་ཁྲོ་ཐུང་ལ་སྡང་དགྲ་བོ་མཐོང་ན་སྡར་མ་ཝ། མར་ཁུག་ཕད་པུ་སྣུམ་ཐུང་ལ། རྩམ་ཁུག་ཕད་པུ་སྐྱ་ཐུང་ཡིན། ཞེས་པའི་སྡོམ་ཚིག་བཀོད་པ་ཤིན་ཏུ་དོན་ལ་གནས་སོ།།

2.ཁྲོ་ཐུང་ནི་གླིང་གི་གསེར་ཁྲི་ལ་འདོད་རྔམ་མེ་ལྟར་འབར་ཞིང་གེ་སར་རྒྱལ་པོ་ལ་འཁོན་སེམས་དུག་ལྟར་བཅངས་མཁན་ཞིག་རེད།  

འཁྲུངས་གླིང་ལས།   མ་འགོག་བཟའ་ལྷ་མོར་མངལ་སྦྲུམ་སྐབས།  འགོག་མོར་བདུད་ཕྲུག་སྐྱེས་ལེ་གདའ་ཞེས་བརྙས་བཏགས་ནས་ས་མ་སྨད་གཡུ་ལུང་སུམ་མདོར་ཕུད་པ་དང་།  ཇོ་རུ་འཁྲུངས་རྗེས་ཁྲོ་ཐུང་གིས་ལྷ་ཕྲུག་དང་བདུད་ཕྲུག་ཅི་ཡིན་ཀྱང་ཆུང་དུས་ནས་རྩ་མེད་བཟོས་པ་དགའ་སྙམ་སྟེ།  མཛེ་བོ་བརྒྱ་ཡི་ཨ་བྲ་བརྒྱ།  སྨད་ཚོང་མ་བརྒྱ་ཡི་སྨད་གཡོགས་བརྒྱ།  མི་རྟ་ཁྱི་གསུམ་གྱི་རུས་པ་བཅས་བཙོག་པ་ཡོད་རྒུ་བཏུས་ནས་སྒྱེ་མོ་གཅིག་གི་ནང་དུ་བཅུག   ལྕགས་ཀྱི་ཕུར་བ་ལྔ་དང་ཐོ་བ་ཆེ་ཆུང་གཉིས་རྟ་སྒྲོ་ཡ་གཅིག་གི་ནང་དུ་བཅུག   ཡ་གཅིག་གི་ནང་དུ་ཁོ་པའི་རྒྱག་ཕྱེ་ཤ་མར་ཐུད་གསུམ་བརྫངས།   ལྷག་པར་དུ་མ་འགོག་བཟའ་ལ་མགོ་བསྐོར་གཏོང་བའི་དར་གཟབ་དང་།   ཚ་རུའི་ལྤགས་ཚགས་གཅིག་བསྡོགས་ནས་སྲིན་རྟ་གུ་གུ་རོག་ཙོག་གི་སྟེང་དུ་བུད་ནས་མ་སྨད་གཡུ་ལུང་སུམ་མདོར་བཤར།   ལྟ་བུ་ལས།   ཁྲོ་ཐུང་གིས་ཇོ་རུ་བརླག་རྒྱུའི་གླགས་ཇི་འདྲ་འཚོལ་བ་རྟོགས་ཐུབ།

3.ཁྲོ་ཐུང་ནི་དཔའ་སྙིང་སྟོབས་ཤིག་བསྲོ་ཙམ་ལས་མེད་པར་གཏམ་ཁ་བོ་དབྱར་སྐྱེས་རྔ་བོ་ལས་ཀྱང་གྲགས་ཆེ་བ་ཞིག་ཡིན།

འཁྲུངས་གླིང་ལས།  སྟག་མོ་མགོ་དགུ་འདུལ་བར་བསྐྱོད་སྐབས་དགྲ་ལྷས་སྟག་མོར་སྤྲུལ་བ་དང་།   གེ་སར་གྱིས་རང་ཉིད་སྟག་མོའི་ཁ་ན་འཆའ་བཞིན་པའི་རྫུ་འཕྲུལ་བསྟན་པས།  སྟག་རོང་དཔོན་པོས།  བྲག་ལ་ཕུར་བ་འདེབས་མི་དེ།  ཨོ་རྒྱན་པད་མ་ངེད་གཉིས་ཡིན།   ངེད་གཉིས་ནང་ནས་ང་རང་ཡིན།  སྟག་དམར་པོར་འགྱུར་བཞོན་བྱེད་མི་ལ།  གླིང་སྟག་རོང་དཔོན་དང་ཇོ་རུ་ཟེར།   ཁོ་གཉིས་ནང་ནས་ང་རང་ཡིན།  ལ་སོགས་འུད་གཏམ་བཏང་རྗེས་གླུ་ལན་སྒུག་ལོངས་མེད་པར་འཚབ་ཚུབ་ཀྱིས་སྟག་དམར་གྱི་བསྒལ་བར་འཆིབས།  རྐང་དཀྱིལ་དཀྲུང་བྱས།  ལག་གཡོན་མ་སྐེད་པ་ལ་གཟེར།  གཡས་པས་ཨོག་ཚོམ་བྱིལ་བྱིལ་དང་།  གླུ་ཨ་ལ་ཆེས་སྟག་མོ་འགྱིང་གླུ་ལེན་པ་དང་།  དཔའ་ཉམས་ཅི་དགར་བྱེད་པའི་སྐབས།   གློ་བུར་དུ་སྟག་མོ་རབ་ཏུ་ཁྲོས་པ་ལྟ་བུར་མཆེ་བ་གཉེར།  སྡེར་མོ་བསྐྱངས།  ངར་སྐད་གྲགས་ནས་ས་མཆོངས་གནམ་མཆོངས་བྱེད་བཞིན་རྒྱུགས་པས།   དཔོན་པོ་ཁྲོ་ཐུང་འཇིགས་སྐྲག་གིས་སྐྱག་པ་ཤོར་གྲབས་བྱེད་པ་དང་།  ཨ་མ་མ།   ཨ་ཙི་ཙི།  ཞེས་སྐྱོ་ཤས་ལྷང་ལྷང་སྒྲག་ལྟ་བུ་ལས་ཁྲོ་ཐུང་ནི་ཐང་བདེ་མོ་མཐོང་ན་གླུ་ཨ་ལ་ཐ་ལ་དང་།  འགག་དོག་སར་ཐུག་ན་ལྷ་ཨོ་རྒྱན་པད་མ་ཞེས་པའི་རྣམ་ཐར་སྐྱོང་མཁན་རེད།  དེ་རྗེས་དཔའ་རྟུལ་སོ་སོས་གཅན་གཟན་གྱི་གྲྭ་དམར་འཛམ་རྩིས་བླངས་སྐབས།   དྲེད་ཀྱི་རྒྱལ་པོ་ངོ་དམར་གྱིས་ཨ་ཁུའི་གདོང་ལ་མཆོངས་ཡོང་བ་ལ་ཨ་ཁུ་ཅི་བྱ་བརྟོལ་བྲལ་གྱིས་ཕྱིར་བལྟས་མེད་པར་བྲོས།  དྲེད་ངོ་དམར་གྱིས་ཨ་ཁུའི་ཕྱི་བཞིན་བསྙེགས་ནས་སྤང་སྒོར་མོ་ཞིག་གི་མཚམས་ན་རྟིང་ཟིན་གྲབས་བྱེད་སྐབས།   འཕྱི་ཁུང་ཉིས་སྦྲེལ་ཞིག་འདུག་པ་ལ་ཨ་ཁུ་དངངས་སྐྲག་གིས་དེར་འཛུལ་ནས་དེ་རིང་ཨ་ཁུ་ཚར་སོང་ཟེར་བ་དང་།  སྒྲ་མི་གསལ་བའི་མ་ནེ་མུག་ནེ་བསྒྲངས་ལྟ་བུ།  སྒྲུང་མཚན་མང་པོར་ཨ་ཁུའི་གློ་སྙིང་འཕྱི་ཁུང་ལ་གཏད་པའི་གཏམ་རྒྱུད་རེ་མ་ཆད་པ་ཡོད།

4.ཁྲོ་ཐུང་ནི་གྱོད་དང་ཁ་མཆུའི་སྣ་འདྲེན་ཞིག་ཡིན་ཞིང་།  རྐྱེན་འཁྲུག་རྩོད་ཆེ་གྲ་ཆུང་གསུམ་གང་ལ་ཡང་ཨ་ཁུས་གཡོ་སྦྱོར་མ་བྱས་པ་ཧ་ཅང་ཉུང་།

མོན་གླིང་གཡུལ་འགྱེད་ལས།   སྟག་རོང་དཔོན་གྱིས་མོན་ལྕམ་མེ་ཏོག་ལྷ་མཛེས་འཕྲོག་པར་འདོད་པ་ལས་མོན་གླིང་འཁྲུག་པ་སྟེ།   དེའི་ཐོག་མར་སྟག་རོང་གིས་ཇུས་གཞི་དེ་གསེར་མཚོ་ལ་བློ་འདོན་གྲོས་ཁ་འདེབས་པ་ལས།  མོན་ལྕམ་མེ་ཏོག་ལྷ་མཛེས་དེ། །མདོ་ཁམས་རྒྱལ་མོས་འགྲན་མི་ཡོང་། །ཨ་ཁུའི་ཆུང་མ་མི་བྱེད་རེ། །སྟག་རོང་དཔོན་མོ་མི་བྱེད་རེ། །བུ་ཆུང་ལྷ་རྒོད་འབུམ་ལུ་དེའི་། །སྐྱིད་ཀྱི་ཨ་རོགས་མི་བྱེད་རེ། །འཛོམས་པའི་སྟོན་མོ་མི་བྱེད་རེ། །ཨ་འབོག་བུ་མོ་བཙོག་འབོག་མ། །ཐག་འདོམ་བརྒྱ་ཡིས་མི་འཁྱིག་མ། །སྟག་འཐུལ་ཁྲ་མོས་མི་ཁེབས་ལུས། །ཁྱོད་མར་ལ་མ་ཉལ་ཡར་ལ་ལོངས། །རོང་མི་མཚོ་དམར་པོའི་འགོ་རྫི་དེ། །རུ་ཤོག་དཔོན་མགོ་བཅོ་ལྔ་ཡོད། །ད་ལྟ་ལ་མོ་འཛོམས་དགོས་ཀྱིས། །ཁྲ་བོའི་ཤ་ལ་ཚོ་འདྲེན་དགོས། །སྐྱེམས་པའི་ཆང་ལ་ཡུར་འདྲེན་དགོས། །ཡུ་མར་ཇ་ལ་གསར་བསྐོལ་དགོས། །མར་འཐུད་གཉིས་ལ་ཆ་འདྲེན་དགོས། །ལྟ་བུ་ལས་གསལ་པོར་བསྟན་ཡོད་པས།   མོན་གླིང་འཐབ་འཁྲུག་གི་འབྱུང་རྩ་ནི་སྟག་རོང་ཨ་ཁུ་ཁྲོ་ཐུང་གིས་མོན་ཤིང་ཁྲི་རྒྱལ་པོའི་སྲས་མོ་མེ་ཏོག་ལྷ་མཛེས་ཞེས་པ་དེ་བཙན་འཕྲོག་བྱས་ནས་སྲས་ལྷ་རྒོད་དང་རྒྱལ་སྲས་མ་ནྀ་ཀ་རའི་འདུན་མར་བཞག་པས་འཁྲུག་རྩོད་བྱུང་།

4.ཨ་ཁུ་ཁྲོ་ཐུང་ནི་ཕྱི་བཤིགས་ཀྱི་སྟ་རེ་ནང་བཤིགས་ཀྱི་སྟེའུ།  འགག་རྩའི་དུས་སུ་ཇུས་ཕྱི་ནང་གི་གོང་བ་བརྗེ་བ།  མགོ་བདེ་དྲན་འཕྲུལ་མཁས་པ།  ཕྱི་དགྲར་དར་ལས་འཇམ་ཞིང་ནང་ཕུ་ནུར་ཚེར་མ་ལྟར་རྩུབ་པ་ཞིག་རེད།

འཁྲུངས་གླིང་ལས།  ཇོ་རུ་སྟོབས་ཀྱི་རྒྱལ་པོས་ཟི་མ་ཡུལ་གྱི་རྟ་གྲོག་གཡང་མི་གཅིག་བཅུ་གསུམ་འདུ་རྭ་སྟག་ཐང་ཁྲ་མོར་དེད་ཡོང་བ་ལ་སྤྱི་དཔོན་ལ་མངགས་བཅོལ་གྱིས་རྨ་རྫ་བྱེ་མ་གཉིས་ཀྱི་ཕུ་ལ་དེད་ནས་བཞག་ཡོད་པར།  ཟི་མ་སྟོབས་ཀྱི་རྒྱལ་པོས་ར་འདའ་ཡོང་བ་ལ་ཁྲོ་ཐུང་གིས་སྣེ་ལེན་དང་ངོ་བསྟོད་བྱེད་བཞིན་འཐུ་ངན་སྔགས་བཏབ་ནས་རྟ་ཕྱིར་འཁོར་ཐུབ་པའི་ངན་རོགས་བྱེད་པའི་གླུ་ལ།  སྟོབས་ཀྱི་ཟི་མ་རྒྱལ་པོ་ཁྱོད། །དོ་ནུབ་ང་ཡི་མཁར་དུ་བཞུགས། །ངས་མགྱོགས་པའི་མི་རྟ་ལྐོག་ཏུ་མངགས། །རྟ་ལུད་ཐམས་ཅད་འཁྱེར་ཤོག་ཟེར། །དེ་ནས་སང་གི་ཉི་ཤར་ལ། །རྟ་ལུད་གྲ་སྒྱེའི་ནང་དུ་བླུགས། །ཕྱིར་ལྟས་མེད་པར་ཟི་རར་བྱོན། །ཟི་མའི་ཐང་ཆེན་གོང་མ་ལ། །ཕྱོགས་བཞིར་རྟ་ལུད་བཀྲམས་ནས་ཞོག །ཕོ་ཁྲོ་ཐུང་ང་ཡིས་སྒྱུ་འཕྲུལ་སྟོན། །རྟ་ཁྲ་ཁྱུ་རང་ཡུལ་ཡོད་ལེ་བྱེད། །ཅེས་པ་ལྟ་བུ་ལས།  ཁྲོ་ཐུང་གིས་རང་ཇུས་དགྲ་ལག་ཏུ་འཇོག་པར་ཐེ་ཚོམ་སོམ་ཉི་མེད་པ་ཧ་ཅང་གསལ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-12

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།