ཀེང་རུས། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཀེང་རུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(མི་ལུས།)

ཀེང་རུས།
མིའི་ལུས་པོ་དེ་ཁྱོན་བསྡོམས་རུས་པ206ཡིས་གྲུབ་པ་དང་། དེ་ལ་མགོ་རུས་དང་བྱང་ཁོག་གི་རུས་པ། ཡན་ལག་གི་རུས་པ་གསུམ་དུ་དབྱེ་ཡོད། ལུས་ཁམས་སུ་གྲུབ་པའི་རུས་པར་རིགས་ཀྱི་སྒོ་ནས་དབྱེ་བ་དང་། དུམ་བུའི་སྒོ་ནས་དབྱེ་བ། ལྷུ་ཚིགས་ཀྱི་སྒོ་ནས་དབྱེ་བ་བཅས་གསུམ་མོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人体骨骼
ཕྱི་ཡིག་གི་མིང་།
bones of the body
1 རུས་རིགས་ཀྱི་སྒོ་ནས་དབྱེ་བ།

ཐོད་པའི་རུས་པ་དང་།  ལྟག་པའི་རུས་པ།   སྣ་སོགས་ཀྱི་ཁྲུང་རུས།  སོའི་རུས་པ།  མ་མགལ་གྱི་རུས་པ་སྟེ་མགོ་བོར་རིགས་ལྔ་དང་།  སྒལ་ཚིགས་དང་དེའི་བྱ་འདབ་ཀྱི་རུས་པ།  གཞུག་ཆུང་གི་རུས་པ།   དཔྱི་རུས།      སྒྲོག་རུས།  སོག་རུས།   བྲང་རུས།   རྩིབ་རུས།  ལྷ་རུ་རྩེ་བཅས་བྱང་ཁོག་སྟོད་སྨད་ལ་རུས་རིགས་དགུ།   དཔུང་རྐང་གི་རུས་པ་དང་།   ལག་ངར་གྱི་རུས་པ།   ལག་འགོའི་རུས་པ།   བརླ་རྐང་གི་རུས་པ།   ལྷ་ངའི་རུས་པ།   རྗེ་ངར་གྱི་རུས་པ།  སྲེ་ལོང་གི་རུས་པ།   རྐང་འགོའི་རུས་པ།  རྐང་ལག་གི་སེན་མོ་རྣམས་བཅས་ཡན་ལག་ལ་རུས་རིགས་དགུ་སྟེ་བསྒྲིལ་བས་རུས་རིགས་མི་འདྲ་བ་ཉི་ཤུ་རྩ་གསུམ་ཡོད་དོ། །              

2 རུས་པའི་དུམ་བུར་དབྱེ་བ།  

མགོ་བོར་དཔྲལ་བའི་རུས་པ་དང་ལྟག་པའི་རུས་པ་གཉིས་དུམ་བུ་རེ་རེ་དང་།  ཐོད་པའི་རུས་པ་དང་།  རྣ་ལྷན་གྱི་རུས་པ།   མིག་འབོར་རམ་མིག་ཆུའི་རུས་པ།   སྣ་གཞིའི་རུས་པ།  སྣ་སྒྲོམ་གྱི་རུས་པ།  མཁུར་ཚོས་ཀྱི་རུས་པ།  ཡ་མགལ་ལམ་ཡ་འགྲམ་གྱི་རུས་པ།  རྐན་གྱི་རུས་པ་བཅས་དུམ་བུ་གཉིས་རེ།  མིག་དབྲག་ནང་ངོས་ཀྱི་རུས་པ།  མིག་དབྲག་ཕྱི་ངོས་ཀྱི་རུས་པ།  གཤོལ་རུས།  ལྕེ་རྩའི་རུས་པ།   མ་མགལ་ལམ་མ་མགལ་གྱི་རུས་པ་བཅས་དུམ་བུ་རེ་རེ།  རྣ་བ་གཡས་གཡོན་ལ་སྒྲ་ལེན་གྱི་རུས་པ་གསུམ་རེ་སྟེ་དྲུག་དང་།   སོའི་གྲངས་ནི་སྨྲ་བརྗོད་སོགས་ལ་གཅེས་པའི་མདུན་སོ་ཡས་མས་བཞི་རེ་སྟེ་བརྒྱད་དང་།   མཛེས་བྱེད་ཀྱི་མཆེ་བ་ཡས་མས་གཉིས་རེ་སྟེ་བཞི།  ཟས་སོགས་ལྡད་ཅིང་གཅོད་པར་བྱེད་པའི་འགྲམ་སོ་ཡས་མས་བརྒྱད་རེ་སྟེ་བཅུ་དྲུག    མཐའ་བཞིའི་སོ་ཆུང་བཞི་སྟེ་བསྒྲིལ་བས་ངོ་གྲངས་སུམ་ཅུ་སོ་གཉིས་བཅས་བསྡོམས་མགོ་བོར་རུས་པའི་དུམ་བུ་དྲུག་ཅུ་རེ་གཅིག་ཡོད་པ་དང་།  དེ་བཞིན་བྱང་ཁོག་ལ་མཇིང་ཚིགས་བདུན་དང་།  སྒལ་ཚིགས་བཅུ་གཉིས།  རྐེད་ཚིགས་ལྔ་བཅས་གཞུང་ཚིགས་ཉེར་བཞི་པོ་རྣམས་སོ་སོར་མཁར་རམ་འཕུང་ལོ་རེ་རེ་དང་།  མཁར་མཚམས་རེ་རེ།  གཞོགས་གཡས་གཡོན་དུ་གྱེས་པའི་བྱ་འདབ་ཀྱི་རུས་པ་གཉིས་རེ་བཅས་བཞི་རེ་དབྱེ་བས་བསྡོམས་དུམ་བུ་དགུ་བཅུ་གོ་དྲུག་དང་།  མཚང་རུས་སམ་ཝ་གདོང་ལ་རུས་དུམ་ལྔ།  གཞུག་ཆུང་ལ་རུས་དུམ་ལྔ།  དཔྱི་རུས་གཡས་གཡོན་གཉིས།  སོག་རུས་གཡས་གཡོན་གཉིས།  སྒྲོག་རུས་གཡས་གཡོན་གཉིས།  བྲང་རུས་ལ་བྲང་འགོ་དང་བྲང་དཀྱིལ་ལྷེན་སྣ་བཅས་ཕྲལ་བའི་རུས་དུམ་གསུམ།  བྲང་རུས་དང་རྩིབ་མའི་བར་དུ་འབྲེལ་བའི་ལྷ་རུ་རྩེའི་རུས་དུམ་ཉི་ཤུ།  ལྷ་རུ་རྩེ་དང་འབྲེལ་བའི་རྩིབ་མ་གཡས་གཡོན་བཅུ་རེ་སྟེ་ཉི་ཤུ།  བྲང་རུས་དང་མ་འབྲལ་བའི་རྩིབ་ཐུང་གཡས་གཡིན་གཉིས་རེ་སྟེ་བཞི་བཅས་བསྒྲིལ་བས་བསྡོམས་བྱང་ཁོག་ལ་རུས་པའི་དུམ་བུ་བརྒྱ་དང་ལྔ་བཅུ་ང་དགུ་ཡོད་ལ།  ལག་པར་དཔུར་རྐང་གི་རུས་པ་གཡས་གཡོན་གཉིས་དང་།  ལག་ངར་གཡས་གཡོན་སོ་སོར་རུས་པ་ཆེ་ཆུང་གཉིས་རེ་སྟེ་བཞི།   ལག་འགོ་གཡས་གཡོན་སོ་སོར་པྲན་རྩེའི་རུས་པ་བརྒྱད་རེ་སྟེ་བཅུ་དྲུག    ལག་མཐིལ་གཡས་གཡོན་སོ་སོར་རུས་པ་ལྔ་རེ་སྟེ་བཅུ།  སོར་མོ་གཡས་གཡོན་རྣམས་སོ་སོར་རུས་དུམ་བཅུ་བཞི་རེ་སྟེ་ཉེར་བརྒྱད།  སེན་མོ་གཡས་གཡོན་ལྔ་རེ་སྟེ་བཅུ་བཅས་བསྡོམས་ལག་པར་རུས་དུམ་བདུན་ཅུ་ཐམ་པ་དང་།   དེ་བཞིན་རྐང་པར་བརླ་རྐང་གི་རུས་པ་གཡས་གཡོན་གཉིས་དང་།  ལྷ་ངའི་རུས་པ་གཡས་གཡོན་གཉིས།  རྗེ་ངར་གཡས་གཡོན་སོ་སོར་རུས་པ་ཆེ་ཆུང་གཉིས་རེ་སྟེ་བཞི།  རྒྱ་ཚིགས་སམ་ལོང་ཚིགས་གཤམ་ན་རྟིང་རུས་སམ་སྲེ་ལོང་གི་རུས་པ་གཡས་གཡོན་གཉིས།   པྲན་རྩེའི་རུས་པ་གཡས་གཡོན་དྲུག་རེ་སྟེ་བཅུ་གཉིས།  རྐང་མཐིལ་གཡས་གཡོན་སོ་སོར་རུས་པ་ལྔ་རེ་སྟེ་བཅུ།  སོར་མོ་གཡས་གཡོན་རྣམས་སོ་སོར་རུས་དུམ་བཅུ་བཞི་རེ་སྟེ་ཉེར་བརྒྱད།  སེན་མོ་གཡས་གཡོན་ལྔ་རེ་སྟེ་བཅུ་བཅས་བསྡོམས་རྐང་པར་རུས་དུམ་བདུན་ཅུ་སྟེ་དེ་ལྟར་བྱང་ཁོག་ཡན་ལག་དང་བཅས་པ་ཀུན་དྲིལ་བས་རུས་པའི་དུམ་བུ་སུམ་བརྒྱ་དང་དྲུག་ཅུ་འབྱུང་བ་ཡིན་ནོ། ། 

3 ལྷུ་ཚིགས་ཀྱི་སྒོ་ནས་དབྱེ་བ།  

ལག་པར་དཔུང་ཚིགས་གཡས་གཡོན་གཉིས་དང་།   གྲུ་ཚིགས་གཡས་གཡོན་གཉིས།   མཁྲེག་ཚིགས་གཡས་གཡོན་གཉིས།  རྐང་པར་དཔྱི་ཚིགས་གཡས་གཡོན་གཉིས།  པུས་ཚིགས་གཡས་གཡོན་གཉིས།   རྒྱ་ཚིགས་སམ་ལོང་ཚིགས་གཡས་གཡོན་གཉིས་བཅས་དྲིལ་བས་ཡན་ལག་བཞི་པོར་ཚིགས་ཆེན་རྣམ་པ་བཅུ་གཉིས་ཡོད་པ་ཡིན་ལ་དེ་ལས་ཕྲ་བའི་ཚིགས་ཕྲན་ནམ་འབྲེལ་མཚམས་ལ་ཡང་མགོ་བོའི་རུས་སྲུབ་དང་།  རྩིབ་མའི་འབྲེལ་ཚུལ་ལྟ་བུ་ཐད་ཀར་འབྲེལ་བའི་རིགས་དང་།  རྐང་ལག་གི་སོར་ཚིགས་དང་གཞུང་ཚིགས་ལྟ་བུ་ལྷུ་ཚིགས་ཀྱི་རིགས་བཅས་ནི་མང་དག་ཅིག་ཡོད་པའང་ཤུགས་ལས་རྟོགས་པར་བྱའོ། །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-15

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།