སི་པ་ཏ་ཁི་སི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སི་པ་ཏ་ཁི་སི།
སི་པ་ཏ་ཁི་སི་ནི་ཆའོ་ཝན་ཉི་ཨའོ་ལེས་སྤྱི་ལོ1874ལོར་བརྩམས་པའི་མིང་གྲགས་ཆེ་བའི་ལོ་རྒྱུས་སྒྲུང་རིང《སི་པ་ཏ་ཁི་སི》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་། ཁོང་ནི་གནའ་རབས་རོ་མའི་བྲན་གཡོག་གྱེན་ལོག་ལ་མགོ་ཁྲིད་ནས་མི་ཤ་གསོན་ཟ་བྱེད་པའི་བྲན་གཡོག་ལམ་ལུགས་དེ་རྨེག་མེད་བྱ་རྒྱུར་བརྩོན་པའི་དཔའ་བོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
斯巴达克斯
ཕྱི་ཡིག་གི་མིང་།
Spartacus
རྩོམ་ཁུངས།
《སི་པ་ཏ་ཁི་སི》
རྩོམ་པ་པོ།
ཨའོ་ཝན་ཉི་ཨའོ་ལེ།
1 ངོ་སྤྲོད།

སི་པ་ཏ་ཁི་སི་ནི་ཆའོ་ཝན་ཉི་ཨའོ་ལེས་སྤྱི་ལོ1874ལོར་བརྩམས་པའི་མིང་གྲགས་ཆེ་བའི་ལོ་རྒྱུས་སྒྲུང་རིང《སི་པ་ཏ་ཁི་སི》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་།  ཁོང་ནི་གནའ་རབས་རོ་མའི་བྲན་གཡོག་གྱེན་ལོག་ལ་མགོ་ཁྲིད་ནས་མི་ཤ་གསོན་ཟ་བྱེད་པའི་བྲན་གཡོག་ལམ་ལུགས་དེ་རྨེག་མེད་བྱ་རྒྱུར་བརྩོན་པའི་དཔའ་བོ་ཞིག་ཡིན།

2 འབྲེལ་ཡོད་གཏམ་རྒྱུད།

སི་པ་ཏ་ཁི་སི་ནི་སེ་ལེ་སུའི་མི་ཡིན་ཞིང་།  རོ་མའི་བཙན་འཛུལ་ལ་ངོ་རྒོལ་བྱེད་སྐབས་བཙོན་དུ་ལྷུང་བ་ཡིན་ལ།  དེའི་རྗེས་སུ་གཞན་གྱི་བཙན་དབང་གིས་དེད་པས་འཛིང་འཐབ་པ(角斗士)བྱེད་དགོས་བྱུང་སྟེ།  རང་གི་ཁྲག་དྲོན་དང་ཐ་ན་ཚེ་སྲོག་ལའང་བདག་དབང་མི་འགྲོ་བར་སྐུ་དྲག་ཚོར་རྩེད་མོ་སྟོན་བྱེད་དུ་གྱུར།  བརྩམས་ཆོས་ཀྱི་མགོ་བསླངས་མ་ཐག་ནས་ཧ་ལས་ཤིང་ཧང་སངས་པའི་འཛིང་འཐབ་ཀྱི་འཁྲབ་སྟོན་ཞིག་ཞིབ་འབྲི་བྱས་ཡོད།   དེ་ནི་རོ་མའི་དབང་སྒྱུར་པ་སུའོ་ལས་རང་ལ་པགས་ནད་ཅིག་ཡོད་པ་དེའི་སྡུག་བསྔལ་སེལ་སླད་བཀོད་སྒྲིག་བྱས་པ་ཞིག་ཡིན་ཅིང་།   འཛིང་འཐབ་ར་བའི་ནང་དུ་འཛིང་འཐབ་པ་དག་གིས་ཕན་ཚུན་དམར་འཛིང་བྱས་ཚེ་རྣོ་དབལ་མཚོན་གྱིས་ཤ་རུས་སོ་སོར་ཕྲལ་པ་དང་ཁྲག་གིས་རྒྱངས་ཀ་བྱེད་པ་མིག་གིས་མི་བཟོང་ཅིང་།  སྙིང་ལ་ཟུག་པའི་ཨག་སྐད་དང་འོ་དོད་འབོད་སྒྲས་དམྱལ་བར་ལྷུང་འདྲའི་འཇིགས་པ་སྐྱེ་བར་བྱེད།  ཐེངས་དེར་སེ་ལེ་སུའི་བཟུང་དམག་སུམ་ཅུ་དང་ཧྲ་མོའུ་ཉི་ཐེའི་བཟུང་དམག་སུམ་ཅུ་ལ་ཕན་ཚུན་ཛ་དྲག་ངང་འཛིང་འཐབ་བྱེད་དུ་བཅུག་མཐར་སི་པ་ཏ་ཁི་སི་གཅིག་པུ་ལས་མ་ལྷག   དེར་བརྟེན་སྐུ་དྲག་དེས་ཁོ་ལ་བྱ་དགའི་ཚུལ་དུ་རང་དབང་བྱིན།  སྐྱེས་བུ་བཞིན་བཟང་དཔའ་ངར་ལྡན་དང་ལྡན་པ།  རྟུལ་ཕོད་ཅན་སྒམ་ཞིང་བརླིང་པ།  བསམ་བློའི་གཏིང་ཚོད་མི་དཔོག་པའི་སི་པ་ཏ་ཁི་སི་ནི་རང་ཉིད་ཐར་པ་ཙམ་གྱི་རང་དབང་ལ་བློ་ཁ་ཕྱོགས་ནས་འབད་འབུངས་སྐྱེད་མཁན་ཞིག་མ་ཡིན་ཏེ།  གྲངས་མེད་ཀྱི་བྲན་གཡོག་སྤུན་ཟླ་རྣམས་ལའང་འཆིང་འགྲོལ་དང་རང་དབང་བརྩོན་ཆེད་ངལ་བ་བརྒྱ་ཕྲག་སྟེན་མཁན་ཞིག་ཡིན་པས་མི་ཤ་གསོན་ཟ་བྱེད་པའི་བྲན་གཡོག་ལམ་ལུགས་དེ་རྨེག་མེད་བྱ་རྒྱུའི་གཡར་དམ་འགྱུར་མེད་མཛད་ཡོད།  ཁོང་འཛིང་འཐབ་པའི་སློབ་གྲྭ་ཡོད་ཚད་ལ་འཚམས་འདྲིར་ཕེབས་ཤིང་།  འཛིང་འཐབ་པ་དང་བྲན་གཡོག་དག་ལ་གཅིག་སེམས་གཅིག་འབྲེལ་ཡོང་བར་མཛད།

སྲིད་དབང་གི་ནང་མར་མི་གཏོགས་པའི་སྐུ་དྲག་ཁ་ཐེ་ལིན་གྱིས་ཁོ་དང་མཉམ་འབྲེལ་སྒོས་བྲན་གཡོག་ཚོའི་སྟོབས་ཤུགས་བཀོལ་ཏེ་རང་གི་ཧམ་སེམས་མངོན་འགྱུར་བྱེད་བསམས་ཀྱང་།  སི་པ་ཏ་ཁི་སིས་ཁོའི་འདོད་རྔམ་འབེན་ལ་རྡོ་ལོག་འཕྲོད་པར་མཛད།

ཉིན་ཞིག   སི་པ་ཏ་ཁི་སི་རང་གི་སྲིང་མོ་དང་ཕྲད།  དེར་མཐུད་ནས་ཁོས་སུའོ་ལའི་ཆུང་མ་ཧྥན་ལའེ་ལི་ཡ་ཡང་ངོ་ཤེས་པར་གྱུར་ཅིང་།  ཁོ་གཉིས་ཕན་ཚུན་ལ་ཡིད་ཆགས་པ་བྱུང་།  སུའོ་ལ་གློ་བུར་དུ་ལྔ་ལམ་ལ་ཕྱིན་པས་དེ་གཉིས་ཀས་ཁྱིམ་ཐབ་བསྒྲིགས་ཏེ་བུ་མོ་སྙིང་དུ་སྡུག་པ་ཞིག་ཀྱང་སྐྱེས།  ལོ་ངོ་བཞིའི་རིང་ལ་དཀའ་སྤྱད་ཧུར་བརྩོན་མཛད་པའི་ཁྲོད་སི་པ་ཏ་ཁི་སིས་བྲན་གཡོག་གྱེན་ལོག་ལ་མགོ་ཁྲིད་མཛད་ཅིང་།  ཐོག་མར་རི་བོ་ཝེ་སུའོ་ཝེ་ཞེས་པ་རུ་ངོ་མཚར་དམག་ཇུས་ཀྱིས་ཕར་རྒོལ་བྱས་པས་ཐེངས་དེའི་གཞུང་དམག་ཐམས་ཅད་རྡུལ་དུ་བརླགས།   དེའི་རྗེས་ནས་ཕྱོགས་ཡར་མར་དུ་གཡུལ་བཤམས་ཤིང་བསྟུད་མར་རྒྱལ་ཁ་བླངས་ནས་གར་བསླེབས་ཐམས་ཅད་ཟིལ་གྱིས་མནན་པར་བརྟེན།  དགྲ་ཡ་ནི་ཁོ་ཚོའི་མིང་ཐོས་མ་ཐག་སྙིང་གས་བླ་ཐོར་གྱི་ཚད་དུ་སྐྱེལ་བཞིན་ཡོད།  ཡིན་ནའང་གྱེན་ལོག་དམག་དཔུང་ནང་ཁུལ་དུ་རིམ་བཞིན་འགལ་བ་བྱུང་བ་དང་།  གྱེན་ལོག་མགོ་ཁྲིད་པའི་བར་ལའང་འཐབ་ཇུས་འདོན་སྟངས་ཐད་གཅིག་མཐུན་གྱི་ལྟ་བ་མ་གྲུབ་པའི་ཁར།  དེར་མཐུད་ནས་ནང་རུལ་པས་གཏོར་བརླག་དང་གསང་བ་ཕྱི་རུ་བརྟོལ་པ་བཅས་ཀྱིས་ལན་པས།  གྱེན་ལོག་དམག་དཔུང་ལ་ཕམ་ཁ་རབ་དང་རིམ་པ་བྱུང་།

མཇུག་མཐར་རྒྱལ་ཕམ་གྱི་ཕུ་ཐག་གཅོད་པའི་དམག་འཐབ་ཅིག་གི་ཁྲོད་དུ་གྱེན་ལོག་དམག་དཔུང་ལ་ཕམ་ཁ་ཆེན་པོ་བྱུང་ལ།  སི་པ་ཏ་ཁི་སི་ཡང་གཡུལ་འཁྲུག་དེའི་ནང་སྟག་འཛུམ་དྲུག་ཉི་ལེར་གཤེགས་པར་གྱུར།   ཉིན་དེའི་མཚན་མོའི་ཟླ་འོད་ཉམ་ང་བ་ཞིག་གཡུལ་སར་འཕྲོས་དུས།  རང་ཕྱོགས་ཀྱི་གཙོ་འཛིན་ལ་རྒྱལ་ཁ་ལོན་མཁན་གྱི་གདུག་རྩུབ་བླུན་རྨོངས་པ་དག་གིས་བརྙས་དམོད་མི་ཕོག་པ་བྱེད་ཆེད།  འཛིང་འཐབ་པ་གཉིས་ཀྱིས་རང་སྲོག་ལ་མ་འཛེམས་པར་སི་པ་ཏ་ཁི་སིའི་སྐུ་གདུང་གནས་གཞན་དུ་གསང་སྟབས་ཀྱིས་དྲངས་པར་བཤད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།