ཉེར་སྤྱོད་བང་རིམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉེར་སྤྱོད་བྱ་རིམ་གྱིས་ཉེར་སྤྱོད་བང་རིམ་གྱི་གྲོས་མཐུན་ག་འདྲ་བེད་སྤྱོད་བྱས་ཏེ་འཕྲིན་གཏོང་ཞབས་ཞུ་སྒྲུབ་པ་བརྗོད་པར་བྱ། ཉེར་སྤྱོད་བང་རིམ་གྱི་གྲོས་མཐུན་རེས་གནད་དོན་ཁག་ཅིག་ཐག་གཅོད་བྱེད་ལ། གནད་དོན་ཞིག་ཐག་གཅོད་བྱེད་པར་གཙོ་འཁོར་མི་འདྲ་བའི་ཉེར་སྤྱོད་བྱ་རིམ་སྣ་མང་བར་གྱི་འཕྲིན་གཏོང་དང་དེ་དག་གི་ཐུན་མོང་འགྲིག་མཐུན་གྱི་བྱེད་ལས་ལྡན་དགོས། ཉེར་སྤྱོད་བང་རིམ་གྱི་ནང་དོན་ནི་ཉེར་སྤྱོད་བྱ་རིམ་གྱིས་འཕྲིན་གཏོང་བྱེད་སྐབས་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་གྲོས་མཐུན་དག་ཡིན། བང་རིམ་འདིས་གྲོས་མཐུན་མང་ཆེ་བ་ནི་བདག་མགྲོན་རྣམ་པ་ཅན་དུ་ཁེལ་ཞིང་། མགྲོན་ཕྱོགས་ནི་ཞབས་ཞུ་སློང་མཁན་དང་བདག་ཕྱོགས་ནི་ཞབས་ཞུ་སྦྱིན་མཁན་ལ་གོ་དགོས། ཐོག་མར་གྲོས་མཐུན་མང་པོས་སྤྱོད་ཡུལ་དུ་གྱུར་བའི་ཁོངས་མིང་མ་ལག་བརྗོད་པ་དང་། ཡིག་ཆའི་སྐྱེལ་གཏོང་གྲོས་མཐུན་དང་རྒྱང་རིང་ཐོ་འཇུག་གྲོས་མཐུན་ངོ་སྤྲོད་བྱས་རྗེས། ཝན་ཝེ་དྲ་རྒྱའི་ལས་བྱེད་རིགས་ལམ་དང་གྲོས་མཐུན་གཙོ་བོར་རྒྱས་བཤད་བྱེད་པ་འདིར་གཙོ་གནད་དུ་གྱུར་ཡོད། མཇུག་ཏུ་སྤྱོད་མཁན་གྱིས་རྒྱུན་པར་བཀོལ་སྤྱོད་གནང་བའི་གློག་རྡུལ་ཡིག་སྐུར་དང་དྲ་རྒྱ་དོ་དམ་ཕྱོགས་ཀྱི་གནད་དོན་སོགས་ལ་ངོ་སྤྲོད་རགས་ཙམ་བྱ། རྒྱས་པར[COME04][COME06] [TANE03]དང་འབྲེལ་ཡོད་ཀྱི་ཚད་གཞིའི་ཡིག་ཆར་བལྟ་ཀློག་བྱས་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
应用层
ཕྱི་ཡིག་གི་མིང་།
Application layer
1 ཁོངས་མིང་མ་ལགDNS
1_1 ཁོངས་མིང་མ་ལག་སྤྱི་བཤད།

ཁོངས་མིང་མ་ལག་ཅེས་པ་ནི་དབྱིན་ཐེ་དྲ་རྒྱས་བཀོལ་སྤྱོད་བྱེད་པའི་མིང་འདོགས་མ་ལག་ཅིག་སྟེ། མིའི་དྲན་ཤེས་སུ་འཛིན་སླ་བའི་འཕྲུལ་འཁོར་གྱི་མིང་དེIPཤག་གནས་སུ་བསྒྱུར་བ་ཡིན།

ཉེར་སྤྱོད་བང་རིམ་གྱི་མཉེན་ཆས་མང་ཆེ་བས་ཐད་ཀར་དུ་ཁོངས་མིང་མ་ལག་འདི་བེད་སྤྱོད་བྱེད་ཀྱང་། རྩིས་འཁོར་སྤྱོད་མཁན་གྱིས་བར་བརྒྱུད་བྱེད་པ་ལས་ཐད་ཀར་སྤྱོད་པ་ཞིག་མིན།

སྤྱོད་མཁན་གྱིས་དབྱིན་ཐེ་དྲ་རྒྱའི་ཐོག་གི་གཙོ་འཁོར་ཞིག་དང་འཕྲིན་གཏོང་བྱེད་དུས། གནས32ཅན་གྱི་གཉིས་གོང་འགྲིལ་ལུགས་ཀྱི་གཙོ་འཁོར་གནས་ཡུལ་ལྟ་ཞོག བཅུ་གོང་འགྲིལ་ལུགས་ཀྱིIPཤག་གནས་ཀྱང་བློར་འཛིན་དཀའ་བས། གཙོ་འཁོར་ལ་མིང་གིས་བཏགས་ཡོད། སྔར་གྱིARPANETདུས་རབས་སུ། དྲ་རྒྱ་སྤྱི་ལ་གཙོ་འཁོར་བརྒྱ་ཕྲག་ལས་མེད་ཀྱང་། hostsཞེས་པའི་ཡིག་ཆ་ཞིག་ཏུ་གཙོ་འཁོར་གྱི་མིང་དང་དེའིIPགཉིས་ཤན་སྦྱར་དུ་བྲིས་ཏེ། མིང་ལས་གཉིས་གོང་འགྲིལ་ལུགས་ཀྱིIPཤག་གནས་ནི་རྟག་ཅིང་འགྱུར་བ་མེད་པས་ཕྱི་མ་བཀོལ་སྤྱོད་ཀྱི་རིན་ཐང་ཆེ་བའོ།།

གཞུང་ལུགས་ཀྱི་ཆ་ནས་བཤད་ན། ཁོངས་མིང་ཞབས་ཞུ་ཆས་གཅིག་ལས་དབྱིན་ཐེ་དྲ་རྒྱ་རུ་གནས་པའི་གཙོ་འཁོར་ཡོངས་ཀྱི་མིང་དང་དེ་དགIPཤག་གནས་ཀྱི་འབྲེལ་བ་བཙལ་ཆོག་མོད། དྲ་རྒྱ་འདི་རྒྱ་ཤིན་ཏུ་ཆེ་བས་ཁོངས་མིང་ཞབས་ཞུ་ཆས་ཅིག་གིས་དྲ་རྒྱའི་ཁུར་བོ་དེ་འདྲ་ཐེགས་མི་ཐུབ། དེ་བས1983ལོ་ནས་བཟུང་དབྱིན་ཐེ་དྲ་རྒྱས་སྡོང་དབྱིབས་རང་བཞིན་གྱི་མིང་འདོགས་ལུགས་བཀོལ་ཞིང་། ཕྱོགས་གནས་ཚུལ་གྱི་ཁོངས་མིང་མ་ལག་བེད་སྤྱོད་བཏང་ཡོད། DNSཡི་དབྱིན་ཐེ་དྲ་རྒྱའི་ཚད་གཞི་ནིRFC1034དངRFC1035 གཉིས་ཡིན།

དབྱིན་ཐེ་དྲ་རྒྱའི་ཁོངས་མིང་མ་ལག་ནི་འཁོར་སྦྲེལ་ཕྱོགས་གནས་རང་བཞིན་གྱི་གཞི་གྲངས་མཛོད་དུ་བཟོ་བཀོད་བྱས་ཡོད་ལ། བདག་མགྲོན་རྣམ་པས་བཀོལ་སྤྱོད་བྱེད་པ་ཡིན། གཙོ་འཁོར་མང་ཆེས་པའི་མིང་ནི་རང་སར་ཞིབ་འགྲེལ་བྱས་ཆོག་ཅིང་། དབྱིན་ཐེ་དྲ་རྒྱ་རུ་ཁ་ཤས་ལས་བསྐྱེལ་མི་དགོས་པསDNSཡི་སྤྱོད་ཕྱོད་ནི་ཤིན་ཏུ་མཐོ་བ་ཡིན། DNSནི་ཕྱོགས་ཕྱོགས་སུ་གནས་པའི་མ་ལག་ཅིག་ཡིན་པས། གཙོ་འཁོར་ལ་ལར་སྐྱོན་ཤོར་ཡང་སྤྱི་ལ་གནོད་པ་མི་འབྱུང་བར་འཁོར་བསྐྱོད་ལེགས་པོ་བྱེད་ཐུབ།

ཁོངས་མིང་ལསIPཤག་གནས་ཞིབ་འགྲེལ་བྱེད་པའི་ལས་ནི་དབྱིན་ཐེ་དྲ་རྒྱའི་ཕྱོགས་ཕྱོགས་སུ་གནས་པའི་ཁོངས་མིང་ཞབས་ཞུ་བྱ་རིམ་མང་པོས་མཉམ་དུ་བྱེད་ལ། བྱ་རིམ་དེ་དག་ནི་ཆེད་དུ་བཀར་བའི་མཐུད་གནས་སུ་འཁོར་བསྐྱོད་བྱེད་ཅིང་། བྱ་རིམ་གནས་སའི་ཞབས་ཞུ་གཙོ་འཁོར་ལ་ཁོངས་མིང་ཞབས་ཞུ་ཆས་སུ་འབོད།

ཁོངས་མིང་ལསIPཤག་གནས་ཞིབ་འགྲེལ་བྱེད་པའི་བརྒྱུད་རིམ་འདི་ལྟ་སྟེ། ཉེར་སྤྱོད་བྱ་རིམ་ཞིག་གིས་གཙོ་འཁོར་ཞིག་གི་མིང་དེIPཤག་གནས་དུ་ཞིབ་འགྲེལ་བྱེད་དགོས་དུས། ཞིབ་འགྲེལ་བྱ་རིམ་གཡར་སྤྱོད་གཏོང་དགོས་པསDNSཡི་མགྲོན་པོར་གྱུར་ལ། ཞིབ་འགྲེལ་བྱ་རྒྱུའི་ཁོངས་མིང་དེDNSརེ་ཞུའི་ཡིག་ཚགས་སུ་བྲིས་ཏེUDPརྣམ་པས་རང་སའི་ཁོངས་མིང་ཞབས་ཞུ་ཆས་སུ་སྐུར། དེས་ཁོངས་མིང་དེའིIPཤག་གནས་བཙལ་ཞིང་ཡིག་ཚགས་ཤིག་ཏུ་བཞག་ནས་ཕྱིར་ལན་སྤྲད། ཉེར་སྤྱོད་བྱ་རིམ་གྱི་ཕ་རོལ་གཙོ་འཁོར་གྱིIPརྟོགས་རྗེས་དེ་ཉིད་དང་འཕྲིན་གཏོང་བྱེད་པ་ཡིན། གལ་ཏེ་རང་སའི་ཁོངས་མིང་ཞབས་ཞུ་ཆས་ཀྱིས་རེ་ཞུ་དེ་ལ་ལན་འདེབས་མ་ཐུབ་ན། བྱེད་ཆས་འདི་ཉིད་སྐབས་དེརDNSཡི་མགྲོན་པོ་གཞན་ཞིག་ཏུ་གྱུར་ཏེ། ཁོངས་མིང་ཞབས་ཞུ་ཆས་གཞན་ཞིག་གིས་ཞིབ་འགྲེལ་བྱེད་པའི་རེ་ཞུ་བྱས་ཏེ་ཤན་སྦྱར་ཞིབ་འགྲེལ་གྱི་ལས་དེ་ཡོངས་སུ་འགྲུབ་པར་བྱ་དགོས།

1_2 དབྱིན་ཐེ་དྲ་རྒྱའི་ཁོངས་མིང་འདོགས་ལུགས།

སྔ་རོལ་གྱི་དབྱིན་ཐེ་དྲ་རྒྱ་རུ་གནས་པའི་གཙོ་འཁོར་ལ་གྲལ་རིམ་མེད་ཅིང་སྟབས་བདེ་ཚད་ཐུང་བའི་མིང་གིས་བཏགས་མོད། རྗེས་སུ་དྲ་རྒྱ་ཞུགས་པའི་གཙོ་འཁོར་གྱི་ཁ་གྲངས་ལས་འདས་པ་བྱུང་བས། མིང་གི་ཚོགས་པར་དོ་དམ་བྱེད་དཀའ་བའི་གནས་སུ་གྱུར། དེ་བས་གྲལ་རིམ་ལྡན་པའི་སྡོང་དབྱིབས་ཆགས་རིམ་གྱི་མིང་འདོགས་ལུགས་བེད་སྤྱོད་བྱས་པ་ཡིན། དྲ་རྒྱ་རུ་སྦྲེལ་བའི་གཙོ་འཁོར་དང་ལམ་སྟོན་ཆས་གང་ཡིན་རུང་། སོ་སོར་རང་ཉིད་ལ་དབང་བའི་གྲལ་རིམ་ཅན་གྱི་མིང་གཅིག་སྟེ་ཁོངས་མིང་ཞེས་པ་ཞིག་ཡོད། འདིར་ཁོངས་ཞེས་པ་ནི་དོ་དམ་གྱི་ཆེད་དུ་བགར་བའི་བར་ཁུལ་ཞིག་སྟེ་དེར་བུ་ཁོངས་དང་བུ་ཁོངས་ཀྱི་བུ་ཁོངས་སོགས་སུ་དགར་བ་ལས་ཁོངས་རིམ་པ་དང་པོ་དང་། ཁོངས་རིམ་པ་གཉིས་པ། ཁོངས་རིམ་པ་གསུམ་པ་སོགས་སུ་གྱུར་རོ།།

བརྡ་སྤྲོད་ཀྱི་སྒོ་ནས་བཤད་ན། ཁོངས་མིང་ནི་རྟགས་མཚན་དུ་མའི་ཕྲེང་བ་ལས་གྲུབ་ཅིང་། རྟགས་སོ་སོའི་བར་དུ་ཚེགས་ཀྱིས་དབྱེ་ཡོད་དེ་དཔེར་ན། mail.cctv.comལྟ་བུ།

འདི་ནི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གློག་རྡུལ་ཡིག་སྐུར་བསྡུ་གཏོང་བྱེད་པའི་རྩིས་འཁོར་གྱི་ཁོངས་མིང་ཡིན་ལ། རྟགས་མཚན་གསུམ་གྱིས་གྲུབ། གཡས་ནས་གཡོན་དུ་རིམ་པ་བཞིན་ཁོངས་རིམ་པ་དང་པོ་དང་། ཁོངས་རིམ་པ་གཉིས་པ། ཁོངས་རིམ་པ་གསུམ་པའི་རྟགས་མཚན་བཅས་ཡིན།

ཁོངས་མིང་གི་རྟགས་ནི་དབྱིན་ཡིག་གི་གསལ་བྱེད་དང་ཨང་གྲངས་ལས་གྲུབ་ཅིང་། རེ་རེ་ཡིག་རྟགས63ལས་བརྒལ་མི་ཆོག ཡིག་རྟགས་ཀྱི་ཆེ་ཆུང་བྲིས་ལ་ཁྱད་མེད། ཁོངས་མིང་ཞིག་གི་སྤྱིའི་རིང་ཚད་ཡིག་རྟགས255ལས་བརྒལ་མི་ཆོག ཁོངས་རིམ་གྱི་མིང་རྣམས་རང་གི་སྟེང་རིམ་གྱི་ཁོངས་མིང་དོ་དམ་ལས་ཁུངས་ཀྱིས་དོ་དམ་བྱེད་པ་དང་། ཆེས་མཐོ་བའི་ཁོངས་རིམ་དང་པོའི་ཁོངས་མིང་ནིICANNཡིས་དོ་དམ་བྱེད་པ་ཡིན། མིང་འདོགས་ལུགས་འདི་ལས་བྱུང་བའི་མིང་ལ་བསྐྱར་ཟློས་མི་འབྱུང་བས་ཞིབ་འགྲེལ་གྲུབ་ལུགས་ཀྱིས་བཀོད་སྒྲིག་ཧ་ཅང་སྟབས་བདེ་ཡིན།

མཉམ་འཇོག་དགོས་པ་ནི། ཁོངས་མིང་ནི་མཚན་ཉིད་ཀྱི་སྤྱི་དོན་ཞིག་ལས་རྩིས་འཁོར་གྱི་དངོས་ཡོད་གནས་ཡུལ་མཚོན་པ་མིན། དེ་ནི་མིའི་དྲན་ཤེས་སུ་འཛིན་བདེ་བའི་ཆེད་དུ་སྤྱོད་པ་ཡིན།

2006ལོའི་ཟླ12བའི་བསྡོམས་རྩིས་ལྟར་ན། མིག་སྔར་སྤྱོད་བཞིན་པའི་ཁོངས་རིམ་དང་པོའི་མིང་རྟགསTLDལ265[W-TLD]ཡོད་པ་རིགས་གསུམ་དུ་གནས།

(1)ཁོངས་རིམ་དང་པོའི་རྒྱལ་ཁབ་རིམ་པའི་མིང་རྟགས། ISO3166ཡིས་གཏན་འཁེལ་བྱས་པ་ལྟར་ན། cnཡིས་ཀྲུང་གོ་དང་། usཡིས་ཨ་མེ་རི་ཀ ukཡིས་དབྱིན་ཇི་མཚོན་པ་ཇི་བཞིན། རྒྱུན་ལྡན་དུCcTLDཡིས་མཚོན། 2006ལོའི་ཟླ12བའི་སྔ་རོལ་དུ་འདིའི་རིགས་ཀྱི་མིང་རྟགས་བསྡོམས་པས247ཡོད།

(2)ཁོམས་རིམ་དང་པོའི་སྤྱི་སྤྱོད་རིམ་པའི་མིང་རྟགས། 2006ལོའི་ཟླ12པའི་སྔ་རོལ་དུ་འདིའི་རིགས་ཀྱི་མིང་རྟགས18ལ་སླེབས་ཡོད་ཀྱང་། རྒྱུན་འཇགས་སུ་སོང་བ་ནི7སྟེ། com(ཀུང་སི་དང་སྒེར་ལས) net(དྲ་རྒྱ་ཞབས་ཞུའི་ལས་ཁུངས) org(ཁེ་སྤོག་མེད་པའི་རྩ་འཛུགས།) int(རྒྱལ་སྤྱིའི་རྩ་འཛུགས) edu(ཨ་མེ་རི་ཀའི་སློབ་གསོའི་ལས་ཁུངས) gov(ཨ་མེ་རི་ཀའི་སྲིད་གཞུང་ལས་ཁུངས) mil(ཨ་མེ་རི་ཀའི་དམག་དོན་ལས་ཁུངས)བཅས་དང་ཁོངས་མིང་ལྷག་མ11ནི། aero(མཁའ་སྐྱོད་སྐྱེལ་འདྲེན་སྒེར་ལས) biz(ཀུང་སི་དང་སྒེར་ལས) cat(ཅ་ཐེ་ལོང་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ཚོགས་པ) coop(མཉམ་འབྲེལ་ཚོགས་པ) info(གནས་ཚུལ་སྣ་མང) jobs(མི་ཤུགས་ཐོན་ཁོངས་ཀྱི་དོ་དམ་པ) mobi(སྒུལ་འཁྱེ་ཐོན་རྫས་དང་ཞབས་ཞུ་ཡི་སྤྱོད་མཁན་དང་སྒྲུབ་པ་པོ) museum(རྟེན་རྫས་བཤམས་སྟོན་ཁང) name(མི་སྒེར) pro(འཛིན་བྱང་ལྡན་པའི་ཆེད་ལས་མི་སྣ) travel(ལྟ་སྐོར་ལྗོངས་རྒྱུའི་ལས་རིགས)བཅས་སོ།

(3)གཞི་རྩའི་ཆགས་རིམ་ཁོངས་མིང་། འདི་ལArpaཞེས་པའི་ཁོངས་མིང་གཅིག་མ་གཏོགས་མེད་ཅིང་། ཁོངས་མིང་ལྡོག་འགྲེལ་དུ་བཀོལ་བས་ལྡོག་པའི་ཁོངས་མིང་ཡང་ཟེར།

ཁོངས་མིང་དང་པོའི་རྒྱལ་ཁབ་རིམ་པའི་མིང་རྟགས་ཀྱི་གཤམ་དུ་ཐོ་འགོད་བྱས་པའི་ཁོངས་རིམ་གཉིས་པའི་མིང་རྟགས་ནི་རྒྱལ་ཁབ་རང་ཉིད་ཀྱིས་ཐག་གཅོད་བྱེད་པ་དཔེར་ན། ཁོངས་རིམ་དང་པོའི་མིང་རྟགསJpཡིན་པའི་འཇར་པན་གྱིས་ཁོངས་རིམ་གཉིས་པའི་སློབ་གསོ་དང་སྒེར་ལས་ཀྱི་མིང་རྟགས་ལAcདངCoབཀོལ་པ་ལསEduདངComསྤྱད་མེད་པ་ལྟ་བུས་མཚོན་ཐུབ།

རང་རྒྱལ་གྱིས་ཁོངས་གཉིས་པའི་མིང་རྟགས་དེ་རིགས་ཚན་ཁོངས་མིང་དང་སྲིད་འཛིན་ཁུལ་གྱི་ཁོངས་མིང་གཉིས་སུ་དགར་ཡོད། དེ་ལས་སྔ་མར་བདུན་སྟེ། ac(ཚན་རིག་ཞིབ་འཇུག་གི་ལས་ཁུངས) com(བཟོ་ཚོང་སོགས་ཁེ་ལས) edu(ཀྲུང་གོའི་སློབ་གསོའི་ལས་ཁུངས) gov(ཀྲུང་གོའི་སྲིད་གཞུང་ལས་ཁུངས) mil(ཀྲུང་གོའི་རྒྱལ་སྲུང་ལས་ཁུངས) net(མཉམ་འབྲེལ་དྲ་རྒྱའི་ཞབས་ཞུ་སྒྲུབ་པའི་ལས་ཁུངས) org(ཁེ་སྤོག་མེད་པའི་རྩ་འཛུགས)བཅས་ཡིན་ལ། སྲིད་འཛིན་ཁུལ་གྱི་ཁོངས་མིང་ལ་བསྡོམས་པས34སྟེ། རང་རྒྱལ་གྱི་ཞིང་ཆེན་ཁག་སོ་སོ་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སུ་བཀོལ་བ་ཡིན། དཔེར་ན། bj(པེ་ཅིན་གྲོང་ཁྱེར) js(ཅང་སུའུ་ཞིང་ཆེན)ལྟ་བུའོ།།

1_3 ཁོངས་མིང་ཞབས་ཞུ་ཆས།

ཁོངས་མིང་སྒྲིག་གཞི་ནི་སྤྱི་མཚན་པ་ཞིག་ཡིན་ལ། སྒྲིག་གཞི་དེ་མངོན་འགྱུར་བྱེད་དགོས་ན་ས་གནས་སོ་སོར་གནས་པའི་ཁོངས་མིང་ཞབས་ཞུ་ཆས་དག་བཀོལ་དགོས། གཞུང་ལུགས་ཀྱི་ངོས་ནས་བཤད་ན། ཁོངས་རིམ་རེ་རེར་ཁོངས་མིང་ཞབས་ཞུ་ཆས་རེ་བཀོད་སྒྲིག་བྱས་ཏེ་དཔེ་རིས1-1དང་དོ་མཉམ་པའི་ཁོངས་མིང་ཞབས་ཞུ་ཆས་ཀྱི་སྡོང་པོ་ཞིག་བཙུགས་ཆོག་མོད། འོན་ཀྱང་ཞབས་ཞུ་ཆས་ཀྱི་ཁ་གྲངས་མང་དྲག་ལ་ནུས་ཕྱོད་དམའ་བར་འགྲོ་བས། DNSཡིས་ལྗོངས་ཁུལ་དགར་བའི་ཐབས་ཤེས་ཀྱིས་གནད་དོན་འདི་ཐག་གཅོད་བྱེད་པ་ཡིན།

1.jpg

དཔེ་རིས1-1

ཞབས་ཞུ་ཆས་ཤིག་གིས་འགན་ལེན་བདག་གཉེར་བྱེད་པའི་ཁྱབ་ཁོངས་ལ་ཁུལ་ཞེས་ཟེར། ལས་ཁུངས་སོ་སོས་རང་གི་གནས་ཚུལ་ལྟར་ཁུལ་དབྱེ་བ་ཡིན་ལ། ཁུལ་ཞིག་ཏུ་གནས་པའི་ཚིགས་གནས་ཐམས་ཅད་ཕན་ཚུན་བར་སྦྲེལ་དགོས། ཁུལ་རེར་དབང་ཚད་ཁོངས་མིང་ཞབས་ཞུ་ཆས་རེ་བཀོད་སྒྲིག་བྱས་ཏེ། ཁུལ་དེར་གནས་པའི་གཙོ་འཁོར་ཡོད་ཚད་ཀྱི་ཁོངས་མིང་དངIPཤག་གནས་ཀྱི་ཤན་སྦྱར་ཉར་ཚགས་བྱས་ཡོད། DNSཞབས་ཞུ་ཆས་ཀྱིས་བདག་གཉེར་ཁྱབ་ཁོངས་ནི་ཁུལ་ཡིན་པ་དང་། དེ་ནི་ཁོངས་ལས་ཆུང་བའམ་འདྲ་བ་ལས་ཆེ་བར་འབྱུང་མི་སྲིད།

དཔེ་རིས1-2ནི་ཁུལ་གྱི་དབྱེ་ཚུལ་མི་འདྲ་བའི་དཔེར་བརྗོད་དེ། abcཀུང་སིའི་མངའ་འོག་ཏུ་ལས་ཁུངསXདང Yགཉིས་ཡོད་ལ། xཡི་གཤམ་དུ་ལས་ཁུངས་ཆུང་ངུUདངV w བཅས་གནས་ཡོད་ལ། yརུ་ཁོངས་གཏོགས་ལས་ཁུངསTགནས་པའི་དབང་དུ་བྱས་ཡོད། དཔེ་རིས1-2(a)ཡིསAbcཀུང་སིར་ཁུལ་གཅིག་བཀོད་སྒྲིག་བྱས་ཡོད་པ་བསྟན་ཡོད་དེ། ཁུལAbc.comདང་ཁོངསAbc.comགཉིས་ཆ་འདྲ་བ་དང་།དཔེ་རིས1-2(b)རུ་ཁུལ་གཉིས་སུ་དགར་ཡོད་དེ། abc.comདངY.abc.comཡིན། ཁུལ་འདི་གཉིས་ཁོངས Abc.comལ་གཏོགས་ཤིང་། ཁུལ་རེ་རེར་དབང་ཚད་ཁོངས་མིང་ཞབས་ཞུ་ཆས་རེ་བཀོད་སྒྲིག་བྱས་ཡོད།

2.jpg

དཔེ་རིས1-2 DNSཡིས་ཁུལ་བགོད་སྟངས།

2 ཝན་ཝེ་དྲ་རྒྱ།
2_1 ཝན་ཝེ་དྲ་རྒྱའི་སྤྱི་བཤད།

ཝན་ཝེ་དྲ་རྒྱ་ཞེས་པ་ནི་ཁྱད་པར་ཅན་གྱི་རྩིས་འཁོར་དྲ་རྒྱ་ཞིག་མ་ཡིན་པར་མ་ཟད། རྒྱ་ཆེ་ཞིང་འཕྲུལ་སྦྲེལ་རྣམ་པ་ཅན་གྱི་བརྡ་འཕྲིན་བང་མཛོད་ཅིག་ཡིན། དབྱིན་ཡིག་བསྡུས་མིང་ལWebཟེར། ཝན་ཝེ་དྲ་རྒྱས་སྦྲེལ་ཐག་གི་ཐབས་ལམ་སྤྱད་དེ་དབྱིན་ཐེ་དྲ་རྒྱའི་ས་ཚུགས་གཅིག་ནས་གཞན་ཞིག་ལ་གང་དགར་བཅར་འདྲི་བྱས་ཏེ་དགོས་མཁོ་ལྟར་ཕུན་སུམ་ཚོགས་པའི་བརྡ་འཕྲིན་འཚོལ་སྙེགས་བྱེད་པ་ཡིན། དཔེ་རིས1-3ཡིས་ཝན་ཝེ་དྲ་རྒྱས་སྤེལ་བའི་ཕྱོགས་གནས་ཞབས་ཞུའི་ཁྱད་ཆོས་ལ་གསལ་བཤད་བྱས་ཡོད།

དཔེ་རིས1-3རུ་བྲིས་པའི་ཝན་ཝེ་དྲ་རྒྱའི་ས་ཚུགས་ལྔ་བོ་རྒྱང་ཐག་ཤིན་ཏུ་རིང་མོད། འོན་ཀྱང་དེ་རྣམས་ངེས་པར་དུ་དབྱིན་ཐེ་དྲ་རྒྱ་ལ་སྦྲེལ་དགོས། ས་ཚུགས་སོ་སོར་ཡིག་ཚགས་མང་པོ་གསོག་འཇོག་བྱས་ཡོད་ལ། ཡིག་ཚགས་སུ་གནས་པའི་ཡི་གེ་འགའ་ནི་ཁྱད་པར་གྱིས་རྣམ་པ་ཡོད་དེ། ཙི་གུ་གནས་དེ་དག་ཏུ་སྐྱོད་དུས། ཙི་གུའི་མདའ་མགོ་ནི་ལག་པའི་དབྱིབས་སུ་འགྱུར། དེ་བས་གནས་དེར་སྦྲེལ་ཐག་ཡོད་པ་མཚོན་ཡོད། གལ་ཏེ་གནས་དེར་ཙི་གུ་ལ་མནན་ན། ཡིག་ཚགས་འདི་ནས་རྒྱང་ཐག་རིང་བའི་ཡིག་ཚགས་གཞན་ཞིག་ལ་སྦྲེལ་ཏེ། དུས་འགྱངས་ཡུད་ཙམ་གྱི་རྗེས་སུ། ང་ཚོའི་འཆར་ངོས་སུ་རྒྱང་རིང་ནས་སྐྱེལ་གཏོང་བྱས་པའི་ཡིག་ཚགས་དེ་མངོན་ཐུབ། དཔེར་ན། ས་ཚུགསAཡི་ཡིག་ཚགས་ཤིག་གི་གནས(1) དང (2) རུ་ས་ཚུགས་གཞན་དག་ལ་སྦྲེལ་བྱེད་ཀྱི་སྦྲེལ་ཐག་ཡོད་པ་དང་། སྦྲེལ་ཐག་(1)མནན་ན། ས་ཚུགསBཡི་ཡིག་ཚགས་ཤིག་དང་སྦྲེལ་ཐུབ་པ་དང་། (2)པ་མནན་ན་ས་ཚུགསEདང་སྦྲེལ་ཡོད། ས་ཚུགསBཡི་ཡིག་ཚགས་ལ་སྦྲེལ་ཐག་གི་གནས(3)དང(4)གཉིས་ཡོད། གལ་ཏེ་སྦྲེལ་ཐག(3)ལ་མནན་པ་ལས་ས་ཚུགསDརུ་སྦྲེལ་ཞིང་། སྦྲེལ་ཐག(4)པས་ས་ཚུགསEལ་སྦྲེལ་ཡོད། eཡི་ཡིག་ཚགས་འདི་རུ་ས་ཚུགས་གཞན་དུ་སྦྲེལ་བའི་སྦྲེལ་ཐག་ཅི་ཡང་མེད། ས་ཚུགསDརུ་སྦྲེལ་ཐག(5)དང(6)གཉིས་ཡོད་པ་སོ་སོ་ནསAདངCརུ་སྦྲེལ་ཡོད།

3.jpg

དཔེ་རིས1-3 དྲ་རྒྱའི་མཁོ་འདོན་བྱས་པའི་ཁྱབ་ཚུལ་གྱི་ཞབས་ཞུ།

ཝན་ཝེ་དྲ་རྒྱས་དབྱིན་ཐེ་དྲ་རྒྱ་དེ་རྩིས་འཁོར་ཆེད་མཁས་ཁ་ཤས་ཀྱི་སྤྱོད་ཡུལ་ཙམ་མིན་པར་མང་ཚོགས་ཀྱིས་སྤྱོད་ཐུབ་པའི་བརྡ་འཕྲིན་གྱི་ཐོན་ཁུངས་ཤིག་ཏུའང་བསྒྱུར་ཡོད། དྲ་ཚིགས་ཀྱི་ཁ་གྲངས་ལ་འཕེལ་རྒྱས་ཆེན་པོ་བྱུང་བས། ཝན་ཝེ་དྲ་རྒྱ་ནི་དབྱིན་ཐེ་དྲ་རྒྱའི་འཕེལ་རྒྱས་ཁྲོད་ཀྱི་དོན་སྙིང་ལྡན་པའི་རྡོ་རིང་ཞིག་ཏུ་གྱུར་ཡོད།

1989ལོའི་ཟླ3པར་ཡོ་རོབ་རྡུལ་ཕྲན་དངོས་ལུགས་ཚོད་ལྟ་ཁང་གིTimBerners-Leeཡིས་ཐོག་མར་ཝན་ཝེ་དྲ་རྒྱའི་རིགས་ལམ་བཏོན་ཞིང། 1993ལོའི་ཟླ2པར་རིས་དབྱིབས་འཆར་ངོས་ཅན་གྱི་བཤར་ཆས་བཟོས་པ་དེརMosaic ཟེར། 1995ལོར་སྐད་གྲགས་ཆེ་བའི་བཤར་ཆསNetscapeNavigatorཞེས་པ་ཚོང་རར་བཀྲམས། མིག་སྔར་དར་ཁྱབ་ཆེ་བའི་བཤར་ཆསནིMicrosoftཀུང་སིའི InternetExplorer ཡིན།

ཝན་ཝེ་དྲ་རྒྱ་ནི་ཕྱོགས་སུ་ཁྱབ་པའི་སྨྱན་གཟུགས་འཕར་མའི་མ་ལག་ཅིག་ཡིན་ལ། དེ་ནི་ཡིག་དེབ་འཕར་མར་རྒྱ་བསྐྱེད་དེ་བྱུང་བ་ཡིན། ཡིག་དེབ་འཕར་མ་ཞེས་པ་ནི་ཡིག་ཚགས་གཞན་ལ་ཕྱོགས་པའི་སྦྲེལ་ཐག་ཅན་གྱི་ཡིག་ཚགས་ལ་ཟེར། ཡིག་དེབ་འཕར་མ་ཞིག་ནི་ཁ་གྲངས་ལ་ཚོད་འཛིན་མེད་པའི་བརྡ་འཕྲིན་ཁུངས་དུ་མ་སྦྲེལ་བ་ལས་གྲུབ། སྦྲེལ་ཐག་གཅིག་བཀོལ་ཏེ་སྤྱོད་མཁན་གྱིས་ཡིག་ཚགས་གཞན་ཞིག་འཚོལ་ཐུབ་ལ། དེ་ལས་ཡིག་ཚགས་གཞན་དག་ལ་སྦྲེལ་ཐུབ་པ་ཡིན། དེ་བས་ཡིག་དེབ་འཕར་མ་ནི་ཝན་ཝེ་དྲ་རྒྱའི་རྨང་གཞིར་གྱུར་ཡོད།

ཡིག་དེབ་འཕར་མའི་ཡིག་ཚགས་སུ་ཡིག་དེབ་ཀྱི་བརྡ་འཕྲིན་ཁོ་ན་མ་གཏོགས་མེད་ལ། སྨྱན་གཟུགས་འཕར་མའི་ཡིག་ཚགས་སུ་ཡིག་དེབ་ལས་གཞན། རིས་དབྱིབས་དང་བརྙན་རིས། སྒྲ། འགུལ་རིས། བརྙན་བརྒྱུད་སོགས་བརྡ་འཕྲིན་མཚོན་བྱེད་རྣམ་པ་གང་མང་འདུས་པ་ཡིན།

2_2 ཐོན་ཁུངས་གཅིག་གྱུར་གཏན་གནས་རྟགསURL
2_2_1 RULཡི་རྣམ་གཞག

RULནི་དབྱིན་ཐེ་དྲ་རྒྱའི་སྟེང་གི་ཐོན་ཁོངས་ཀྱི་གནས་གཞི་མཚོན་བྱེད་དང་དེ་དག་ལ་བཅར་འདྲི་གཏོང་བའི་ཐབས་ལམ་ཞིག་ཡིན། ཐོན་ཁོངས་ཀྱི་གནས་གཞིར་སྙེགས་ཐུབ་རྗེས། ད་གཟོད་མ་ལག་གིས་ཐོན་ཁུངས་དེ་དག་ལ་ཉར་ལེན་ནམ་གསར་བཟོ། ཚབས་ཀྱིས་བརྗེ་བ་དང་རང་བཞིན་འཚོལ་བའི་ལས་སོགས་བྱས་ཆོག

འདིར་བརྗོད་པའི་ཐོན་ཁུངས་ཞེས་པ་ནི་དབྱིན་ཐེ་དྲ་རྒྱའི་སྟེང་གི་བཅར་འདྲི་གནང་ཆོག་པའི་བྱ་བའི་ཡུལ་གང་རུང་ཞིག་ལ་གོ་དགོས། ཡིག་ཆའི་དཀར་ཆག་དང་ཡིག་ཆ། ཡིག་ཚགས། བརྙན་རིས། སྒྲ་སོགས་དྲ་རྒྱ་རུ་སྦྲེལ་བའི་གཞི་གྲངས་རྣམ་པ་གང་རུང་ཅན་དང་། གཞན་གློག་རྡུལ་ཡིག་སྐུར་གྱི་ས་གནས་སྦྲེལ་བའི་གཞི་གྲངས་རྣམ་པ་གང་རུང་ཅན་དང་། གཞན་གློག་རྡུལ་ཡིག་སྐུར་གྱི་ས་གནས་དངUSENETགསར་འགྱུར་ཚོགས་པའམ་དེའི་གཞི་གྲངས་ཡིག་ཚགས་སོགས་ཀྱང་ཐོན་ཁུངས་ཡིན་པ་ཤེས་དགོས།

URLནི་ཡིག་ཆའི་མིང་དེ་དྲ་རྒྱ་རུ་སྤྱོད་པ་ཡིན་པས། དབྱིན་ཐེ་དྲ་རྒྱ་རུ་སྦྲེལ་བའི་གཙོ་འཁོར་སྟེང་གི་བཅར་འདྲི་བྱ་ཡུལ་དེའི་ཕྱོགས་སྟོན་དུ་གྱུར་ཡོད། བཅར་འདྲི་བྱ་ཡུལ་མི་གཅིག་པར་གྲོས་མཐུན་མི་མཐུན་པ་བཀོལ་དགོས་པས། URLརུ་ཐོན་ཁུངས་སྔོག་འདོན་བྱེད་པའི་གྲོས་མཐུན་གསལ་བོར་བཤད་དགོས། URLཡི་སྤྱིར་བཏང་གི་རྣམ་པ་ནི་གཤམ་ལྟར།

<གྲོས་མཐུན>://<གཙོ་འཁོར>:<མཐའ་སྣེ>/<རྒྱུ་ལམ>

ཆེས་གཡོན་ཕྱོགས་ཀྱི<གྲོས་མཐུན>ཡིས་ཝན་ཝེ་དྲ་རྒྱའི་ཡིག་ཚགས་འདོན་ལེན་བྱེད་པར་གྲོས་མཐུན་གང་ཞིག་བཀོལ་ཡོད་པ་མཚོན་ཡོད། རྒྱུན་དུ་བེད་སྤྱོད་གཏོང་བའི་གྲོས་མཐུན་ནིHTTP(ཡིག་དེབ་འཕར་མའི་སྐྱེལ་གཏོང་གྲོས་མཐུན)དངFtp(ཡིག་ཚགས་སྐྱེལ་གཏོང་གྲོས་མཐུན)གཉིས་ཡིན། དེའི་རྗེས་ཀྱི://ནི་གཏན་འཁེལ་བྱས་པའི་རྣམ་གཞག་ཅིག་ཏེ་བོར་མི་ཆོག <གཙོ་འཁོར>གྱིས་ཝན་ཝེ་དྲ་རྒྱའི་ཡིག་ཚགས་དེ་གཙོ་འཁོར་གང་དུ་གནས་པ་མཚོན་ཡོད་ལ། འདིར་གཙོ་འཁོར་གྱི་ཁོངས་མིང་འབྲི་དགོས། རྗེས་མ་གཉིས་སྐབས་འགར་དོར་ཀྱང་ཆོག་གོ།

2_2_2 HTTPགྲོས་མཐུན་བཀོལ་ཡོད་པའིURL

ཝན་ཝེ་དྲ་རྒྱའི་དྲ་གནས་སུ་བཅར་འདྲི་གཏོང་བར་གྲོས་མཐུནHTTPཞེས་པ་བཀོལ་དགོས་ཏེ། སྤྱིར་བཏང་གི་རྣམ་པ་ནི།

HTTP://<གཙོ་འཁོར>:<མཐའ་སྣེ>/<རྒྱུ་ལམ>

HTTPཡི་སོར་བཞག་མཐའ་སྣེ་ཨང་གྲངས་ནི80ཡིན་ལ་རྒྱུན་དུ་དོར་ཆོག གལ་ཏེ <རྒྱུ་ལམ>གྱི་ཆ་དེ་ཡང་དོར་ཚེ། URLནི་དབྱིན་ཐེ་དྲ་རྒྱའི་དྲ་ངོས་གཙོ་མ་ཅིག་ཏུ་ཕྱོགས་ཡོད། དྲ་ངོས་གཙོ་མའི་མཚན་ཉིད་དུ་གཤམ་གྱི་གནས་ཚུལ་གང་རུང་བཞག་ཆོག་སྟེ།

(1)wwwཞབས་ཞུ་ཆས་སུ་རིམ་པ་ཆེས་མཐོ་བའི་ཤོག་ངོས།

(2)རྩ་འཛུགས་སམ་ལས་ཁུངས་ཞིག་གིས་ཆེད་དུ་བཟོས་པའི་དྲ་ངོས་སམ་དཀར་ཆག་ཏུ། རང་དང་འབྲེལ་ཡོད་ཀྱི་དབྱིན་ཐེ་དྲ་རྒྱ་སྟེང་གི་ས་ཚུགས་གཞན་དག་ལ་སྦྲེལ་ཐག་ཡོད་པ།

(3)རང་ཉིད་ཀྱིས་ཇུས་འགོད་བྱས་ཅིང་མི་རང་གི་གནས་ཚུལ་བརྗོད་པའིWwwཤོག་ངོས།

དཔེར་ན། ཆིན་ཧྭ་སློབ་ཆེན་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་འདོད་ན་དེའི་དྲ་ངོས་གཙོ་མ་རུ་འཇུག་དགོས་ལ། URLནི་འདི་ལྟ་སྟེ།

HTTP://www.tsinghua.edu.cn

འདིར་སོར་བཞག་མཐའ་སྣེའི་ཨང་གྲངས80དམིགས་སུ་དོར་ཡོད། ཆིན་ཧྭ་སློབ་ཆེན་གྱི་འབྲེལ་ཡོད་སྡེ་ཁག་སོ་སོའི་གནས་ཚུལ་རྣམས་བཙལ་ཆོག

<རྒྱུ་ལམ>གྱི་ཆ་ཤས་དེ་རྙོག་འཛིང་ཆེ་བའི་ཁོངས་གཏོགས་དྲ་ངོས་སུ་ཕྱོགས་ཡོད་པ་དཔེར་ན།

HTTP://www.tsinghua.edu.cn/chn/yxsz/index.htm

འདི་ནི་ཆིན་ཧྭ་སློབ་ཆེན་གྱི་སྡེ་ཁག་བཀོད་སྒྲིག་ཅེས་པའི་དྲ་ངོས་ཀྱིURLཡིན། གོང་གི URLརུ་ཡིག་ཚགས་སུ་ཕྱོགས་པའི་ལམ་བརྗོད་ཡོད་ཅིང་། ཡིག་ཚགས་ཀྱི་མིང་ནི་མཇུག་ཏུ་གནས་པའིIndex.htmཞེས་པ་དེ་ཡིན་ལ། index.HTMLཞེས་འབྲི་སྲོལ་ཀྱང་ཡོད། མཇུག་གིHtmཞེས་པ་དེས་ཡིག་ཚགས་ནིHTMLསྐད་བརྡས་བྲིས་ཡོད་པ་མཚོན་ཡོད།

URLཡི་ཡི་གེར་བྲིས་ཆེ་ཆུང་གི་ཁྱད་མེད་མོད། འོན་ཀྱང་དྲ་ངོས་ཁ་ཤས་ཀྱིས་ཀློག་པ་པོར་དམིགས་ནས་ཆེད་དུ་ཆེ་འབྲི་བྱས་ཡོད་ཀྱང་། windowsསྤྱོད་པའིPCཡི་སྤྱོད་མཁན་གྱིས་དེའི་ཁྱད་པར་མཐོང་མི་ཐུབ།

སྤྱོད་མཁན་གྱིསURLབཀོལ་ན་ཝན་ཝེ་དྲ་རྒྱའི་དྲ་ངོས་ལ་བཅར་འདྲི་བྱེད་ཐུབ་པ་ཙམ་མིན་པར། FTPའམUsenet གསར་འགྱུར་ཚོགས་པ་སོགས་དབྱིན་ཐེ་དྲ་རྒྱའི་ཉེར་སྤྱོད་བྱ་རིམ་གཞན་དག་ཀྱང་བཀོལ་སྤྱོད་བྱེད་ཐུབ།

2_3 HTTPགྲོས་མཐུན
2_3_1 HTTPབཀོལ་སྤྱོད་ཀྱི་གོ་རིམ།

བཤར་ཆས་ཀྱིས་ཝན་ཝེ་དྲ་རྒྱའི་ཞབས་ཞུ་ཆས་ལ་ཡིག་ཚགས་ཀྱི་རེ་ཞུ་ཇི་ལྟར་བྱེད་པ་དང་། ཞབས་ཞུ་ཆས་ཀྱིས་ཡིག་ཚགས་དེ་ཉིད་ཇི་ལྟར་བཤར་ཆས་སུ་སྐྱེལ་བ་སོགས HTTPགྲོས་མཐུན་དུ་མཚན་ཉིད་བཞག་ཡོད། HTTPནི་ལས་དོན་ལ་ཕྱོགས་པའི་ཉེར་སྤྱོད་བང་རིམ་གྱི་གྲོས་མཐུན་ཡིན་ལ། ཝན་ཝེ་དྲ་རྒྱ་རུ་ཡིག་ཚགས་བརྗེ་རེས་བྱེད་པའི་རྟེན་དུ་གྱུར་ཡོད།

ཝན་ཝེ་དྲ་རྒྱའི་ལས་བྱེད་གོ་རིམ་རགས་ཙམ་བརྗོད་པ་དཔེ་རིས1-4ལྟར།

4.jpg

དཔེ་རིས1-4 ཝན་ཝེ་དྲ་རྒྱའི་ལས་ཀ་བྱེད་སྟངས།

ཝན་ཝེ་དྲ་རྒྱའི་དྲ་ཚིགས་ཚང་མར་ཞབས་ཞུ་ཆས་ཀྱི་ཉེར་སྤྱོད་བྱ་རིམ་ཞིག་ཡོད་པ་དེས་རྒྱུན་དུTCPཡི་མཐའ་སྣེ80ལ་བཤར་ཆས་ཀྱིས་རེ་ཞུ་བཏང་ཡོད་པར་ལྐོག་ཉན་བྱས་ཏེ། སྦྲེལ་མཐུད་ཀྱི་རེ་ཞུ་འབྱོར་བ་ནTCPཡི་སྦྲེལ་ལམ་འཛུགས་ཤིང་། བཤར་ཆས་ཀྱི་རེ་ཞུ་ལྟར་དྲ་ངོས་སྐྱེལ་གཏོང་བྱས་རྗེས། TCPསྦྲེལ་ལམ་འགྲོལ་བ་ཡིན། བཤར་ཆས་དང་ཞབས་ཞུ་ཆས་གཉིས་སུ་བརྡ་འཕྲིན་བརྗེ་རེས་བྱེད་སྐབས་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་གྲོས་མཐུནHTTPཡིན་ནོ།།

HTTPམགྲོན་ཕྱོགས་དང་ཞབས་ཞུ་ཆས་བར་གྱི་བརྡ་འཕྲིན་བརྗེ་རེས་ཐེངས་གཅིག་ནིASCIIརྟགས་ལས་གྲུབ་པའི་རེ་ཞུ་དངMIMEརིགས་ཀྱི་ལན་ལས་འགྲུབ་ཅིང་། སྐྱེལ་བྱའི་གཞི་གྲངས་ཡིག་ཚགས་ནིTCPསྦྲེལ་མཐུད་ལས་སྐྱེལ་གཏོང་བྱེད་པ་ཡིན།

སྤྱོད་མཁན་གྱིས་དྲ་ངོས་དེར་བཤད་གཟིགས་གནང་ཚུལ་ལ་རིགས་གཉིས་ཏེ། བཤར་ཆས་ཀྱི་གནས་ཚུལ་སྒེའུ་མིག་ཏུ་དྲ་ངོས་ཀྱིURLགཏག་པའམ། ཡང་ན་དྲ་ངོས་ཀྱི་འདེམས་བྱའི་ཆ་ཤས་སུ་ཙི་གུ་བརྡབ་གནོན་བྱས་ཏེ་བཤར་ཆས་ཀྱིས་དྲ་རྒྱར་གནས་པའི་སྦྲེལ་བྱའི་དྲ་ངོས་དེར་སྦྲེལ་བ་ཡིན།

གལ་ཏེ་དཔེ་རིས1-4རུ་སྤྱོད་མཁན་གྱིས་འཆར་ངོས་ཀྱི་འདེམས་བྱར་བཟུང་ཆོག་པའི་ཆ་དེར་ཙི་གུར་བརྡབ་པའི་དབང་དུ་བཏང་ན། ཁོས་བརྡབ་གནོན་བྱས་པའི་སྦྲེལ་ཐག་དེ་ཆིན་ཧྭ་སློབ་ཆེན་གྱི་སྡེ་ཁག་བཀོད་སྒྲིག་གི་དྲ་ངོས་སུ་ཕྱོགས་ཡོད་ཅིང་། URLནི HTTP://www.tsinghua.edu.cn/chn/yxsz/index.htmཡིན།

2_3_2 ལས་ཚབ་ཞབས་ཞུ་ཆས།

ལས་ཚབ་ཞབས་ཞུ་ཆས་ནི་དངོས་ཡོད་ཀྱི་དྲ་རྒྱ་འཕྲུལ་ཆས་ཤིག་སྟེ། མིང་གཞན་ལ་ཝན་ཝེ་དྲ་རྒྱའི་མྱུར་སྐྱེན་ཉར་གསོག་ཟེར། དེས་ཉེ་ལམ་གྱི་རེ་ཞུ་དང་ལན་བརྗོད་རྣམས་རང་སའི་སྡུད་གསོག་ཏུ་བླུགས་ནས། རུ་ཞུ་གསར་བ་ཞིག་འབྱོར་དུས། གང་དང་རང་སར་གནས་སྐབས་སུ་ཉར་ཚགས་བྱས་པའི་རེ་ཞུ་དེ་དབྱིན་ཐེ་དྲ་རྒྱ་རུ་འཚོལ་སྙེགས་སུ་གཏོང་མི་དགོས། ལས་ཚབ་ཞབས་ཞུ་ཆས་དེ་མགྲོན་ཕྱོགས་སམ་ཡང་ན་ཞབས་ཞུ་ཆས་ཀྱི་ཕྱོགས། དེ་མིན་ཁོ་གཉིས་ཀའི་བར་དཀྱིལ་དུ་གནས་ཀྱང་ཆོག

5.jpg

དཔེ་རིས1-5 ལས་ཚབ་ཞབས་ཞུ་ཆས་ཀྱི་བྱེད་ནུས།

དཔེ་རིས1-5(a)ནི་སློབ་གྲྭའི་དྲ་རྒྱ་རུ་ལས་ཚབ་ཞབས་ཞུ་ཆས་མེད་པའི་གནས་ཚུལ་ཡིན། PCའཕྲུལ་ཆས་ཡོད་ཚད་ཀྱིས2Mb/sཅན་གྱི་སྦྲེལ་ལམ(R1-R2)སྤྱད་དེ་དབྱིན་ཐེ་དྲ་རྒྱ་ཁུངས་སྣེ་ཞབས་ཞུ་ཆས་སུ་བཅར་འདྲི་བྱེད་པ་ཡིན་པས། སྦྲེལ་ལམ་གྱི་ཁུར་བོ་ལྕི་དྲག་པས་དུས་འགྱངས་མང་དུ་འབྱུང་བ་ཡིན།

དཔེ་རིས1-5(b)ནི་གོང་ལས་ལྡོག་ཏེ་སློབ་གྲྭའི་དྲ་རྒྱ་རུ་ལས་ཚབ་ཞབས་ཞུ་ཆས་སྤྱད་པའི་གནས་ཚུལ་ཡིན། སྐབས་འདིར་དབྱིན་ཐེ་དྲ་རྒྱ་བཅར་འདྲི་བྱེད་པའི་གོ་རིམ་ནི་འདི་ལྟ་སྟེ།

(1)སློབ་གྲྭའི་དྲ་རྒྱ་བཤར་ཆས་ཀྱིས་དབྱིན་ཐེ་དྲ་རྒྱའི་ཞབས་ཞུ་ཆས་ལ་རེ་ཞུ་བྱེད་དུས། ཐོག་མར་ལས་ཚབ་ཞབས་ཞུ་ཆས་དངTCPསྦྲེལ་མཐུད་བཙུགས་ཏེ། ལས་ཚབ་ཞབས་ཞུ་ཆས་དེརHTTPརེ་ཞུ་གཞི་གྲངས་ཡིག་ཚགས་གཏོང་བ་ཡིན།

(2)གལ་ཏེ་ལས་ཚབ་ཞབས་ཞུ་ཆས་ཀྱིས་རེ་ཞུའི་བྱ་ཡུལ་དེ་རང་ཉིད་དུ་ཉར་ཚགས་བྱས་ཡོད་ན། ཁོས་བྱ་ཡུལ་དེHTTPཡི་ལན་བརྗོད་གཞི་གྲངས་ཡིག་ཚགས་སུ་བཞག་ནས་རེ་ཞུ་པའི་བཤར་ཆས་སུ་བསྐུར་བ་ཡིན།

(3)དེ་མིན། ལས་ཚབ་ཞབས་ཞུ་ཆས་ཀྱིས་རེ་ཞུ་པའི་བཤར་ཆས་ཀྱི་དོད་བྱས་ཏེ་དབྱིན་ཐེ་དྲ་རྒྱའི་ཁུངས་སྣེ་ཞབས་ཞུ་ཆས་དངTCPསྦྲེལ་མཐུད་བཙུགས་ནསHTTPརེ་ཞུའི་གཞི་གྲངས་ཡིག་ཚགས་གཏོང་བ་ཡིན།

(4)ཁུངས་སྣེ་ཞབས་ཞུ་ཆས་ཀྱིས་རེ་ཞུའི་བྱ་ཡུལ་དེHTTPཡི་ལན་བརྗོད་གཞི་གྲངས་ཡིག་ཚགས་སུ་བཞག་ནས་ཕྱིར་ལས་ཚབ་ཞབས་ཞུ་ཆས་ལ་སྐུར་བ།

(5)ལས་ཚབ་ཞབས་ཞུ་ཆས་ལ་བྱ་ཡུལ་དེ་འབྱོར་དུས་ཐོག་མར་རང་ཉིད་དུ་འདྲ་ཕབ་བྱེད་པ་དང་། དེ་ནས་བྱ་ཡུལ་དེHTTPལན་བརྗོད་གཞི་གྲངས་ཡིག་ཚགས་སུ་བཞག་ནས། ཚུགས་ཟིན་པའིTCPསྦྲེལ་མཐུད་རང་བརྒྱུད་དེ་བྱ་ཡུལ་གང་རེ་ཞུ་བྱེད་པའི་བཤར་ཆས་སུ་གཏོང་བ་ཡིན།

མཉམ་འཇོག་བྱ་དགོས་པ་ཞིག་ལ། ལས་ཚབ་ཞབས་ཞུ་ཆས་དེ་སྐབས་འགར་ཞབས་ཞུ་ཆས་ཡིན་ལ་སྐབས་འགར་མགྲོན་པོའི་ཚབ་ཀྱང་བྱས་ཡོད་པ་རྟོགས་དགོས།

ལས་ཚབ་ཞབས་ཞུ་ཆས་སྤྱད་ཡོད་པའི་སློབ་གྲྭའི་དྲ་རྒྱ་རུ། འཕྲིན་གཏོང་གི་ཆ་མང་ཆེ་བ་ནི་རང་གི་དྲ་རྒྱ་རུ་ཡོད་པས། 2Mb/sསྦྲེལ་ལམ་སྟེང་གི་འཕྲིན་གཏོང་ཉུང་དུ་སོང་བ་ལས་དབྱིན་ཐེ་དྲ་རྒྱ་རུ་བཅར་འདྲིར་བསྐྱོད་པའི་དུས་འགྱངས་ཐུང་དུ་བཏང་ཡོད།

2_3_3 HTTPགཞི་གྲངས་ཡིག་ཚགས་ཀྱི་སྒྲིག་གཞི།

HTTPགཞི་གྲངས་ཡིག་ཚགས་ལ་རིགས་གཉིས་ཏེ།

(1)རེ་ཞུའི་གཞི་གྲངས་ཡིག་ཚགས་སྟེ་མགྲོན་པོས་ཞབས་ཞུ་ཆས་སུ་གཏོང་བའི་གཞི་གྲངས་ཡིག་ཚགས་དང་།

(2)ལན་བརྗོད་གཞི་གྲངས་ཡིག་ཚགས་སྟེ་ཞབས་ཞུ་ཆས་ཀྱིས་མགྲོན་པོའི་ལན་དུ་བརྗོད་པའི་གཞི་གྲངས་ཡིག་ཚགས།

HTTPགྲོས་མཐུན་ནི་ཡིག་དེབ་ལ་ཕྱོགས་ཡོད་པས། གཞི་གྲངས་ཡིག་ཚིགས་ཀྱི་ཡིག་ཁྱིམ་རེ་རེ་ནི་རིང་ཐུང་མི་མཚུངས་བའིasciiམཚོན་རྟགས་ཚོགས་པས་བསྐངས་ཡོད།

HTTPརེ་ཞུའི་གཞི་གྲངས་ཡིག་ཚགས་དང་ལན་བརྗོད་གཞི་གྲངས་ཡིག་ཚགས་གཉིས་རེ་རེ་ནས་ཆ་གསུམ་གྱིས་གྲུབ་ཡོད་ཅིང་། དེ་གཉིས་ཀྱི་ཁྱད་པར་ནི་མགོ་འཛུགས་ཡིག་ཕྲེང་དུ་ཡོད་པ་མཐོང་ཐུབ།

(1)མགོ་འཛུགས་ཡིག་ཕྲེང་། རེ་ཞུ་དང་ལན་བརྗོད་ལས་གཞི་གྲངས་ཡིག་ཚགས་གང་ཞིག་ཡིན་པ་སྟོན་ཏེ། རེ་ཞུའི་གཞི་གྲངས་ཡིག་ཚགས་སུ་མགོ་འཛུགས་ཡིག་ཕྲེང་ལ་རེ་ཞུའི་ཡིག་ཕྲེང་ཟེར་ལ། ལན་བརྗོད་གཞི་གྲངས་ཡིག་ཚགས་སུ་རྣམ་པའི་ཡིག་ཕྲེང་ཟེར། མགོ་འཛུགས་ཡིག་ཕྲེང་གི་ཡིག་ཁྱིམ་གསུམ་པོའི་བར་ནི་སྟོང་ཆས་གཅོད་ཅིང་། མཇུག་གིCRདང LFགཉིས་ནི་སོ་སོར་ནས་མར་འབེབས་དང་ཡིག་ཕྲེང་བརྗེ་བའི་མཚོན་བྱེད་དོ།།

6.jpg

དཔེ་རིས1-6 HTTPཡིག་ཚགས་ཀྱི་སྒྲིག་གཞི།

(2)མགོ་བརྗོད་ཡིག་ཕྲེང་། བཤར་ཆས་དང་ཞབས་ཞུ་ཆས། གཞི་གྲངས་ཡིག་ཚགས་ཀྱི་ཆ་ཤས་གཙོ་བོའི་གནས་ཚུལ་བརྗོད་བྱེད་ཡིན་ལ། མགོ་བརྗོད་དུ་ཡིག་ཕྲེང་དུ་མ་སྤྱོད་པའམ་མ་སྤྱད་ཀྱང་ཆོག མགོ་བརྗོད་ཡིག་ཕྲེང་རེ་རེར་མགོ་བརྗོད་ཡིག་ཁྱིམ་དང་དེའི་གྲངས་ཚད། མཇུག་ཏུ་ཡིག་ཕྲེང་མར་འབེབས་དང་ཡིག་ཕྲེང་བརྗེ་བའི་མཚོན་རྟགས་འགོད་དགོས། མགོ་བརྗོད་ཡིག་ཕྲེང་རྣམས་ཀྱི་ཆེས་མཐའ་མའི་རྗེས་སུ། ཡིག་ཕྲེང་སྟོང་བ་ཞིག་གིས་མགོ་བརྗོད་ཡིག་ཕྲེང་དང་རྗེས་འབྱུང་དངོས་གཟུགས་ཕུང་བོ་གཉིས་ཀྱི་མཚམས་དབྱེ་བར་བྱེད་པ་ཡིན།

(3)དངོས་གཟུགས་ཕུང་བོ། རེ་ཞུའི་གཞི་གྲངས་ཡིག་ཚགས་སུ་ཡིག་ཁྱིམ་འདི་སྤྱོད་དགོས་ལ། ལན་བརྗོད་གཞི་གྲངས་ཡིག་ཚགས་སུའང་མ་བྲིས་ཀྱང་ཆོག

རེ་ཞུའི་གཞི་གྲངས་ཡིག་ཚགས་ཀྱི་རེ་ཞུའི་ཡིག་ཕྲེང་དུ་གནས་པའི་ཡིག་ཁྱིམ་གསུམ་སྟེ་ཐབས་ལམ། URLདངHTTPཔར་གཞི་བཅས་ཡིན། འདིར་ཐབས་ཞེས་པ་ནི་རེ་ཞུའི་བྱ་ཡུལ་དེ་ལ་བྱས་པའི་ལས་ཏེ་དོན་དུ་བཀའ་བརྡ་འགའ་ལས་མ་འདས། རེ་ཞུའི་གཞི་གྲངས་ཡིག་ཚགས་ཀྱི་རྣམ་གྲངས་ཅི་ཡིན་པ་འདིས་ཐག་གཅོད་བྱས་པ་ཡིན།

2_4 ཝན་ཝེ་དྲ་རྒྱའི་ཡིག་ཆ།
2_4_1 ཡིག་དེབ་འཕར་མའི་མཚོན་རྟགས་སྐད་བརྡHTML

རྩིས་འཁོར་གང་རུང་ཞིག་གི་འཆར་ངོས་སུ་ཝན་ཝེ་ཞབས་ཞུ་ཆས་སྟེང་གི་དྲ་ངོས་ཤིག་འཆར་དགོས་ན། དྲ་ངོས་ཀྱི་བཟོ་བཀོད་ཚད་ལྡན་དུ་གཏོང་དགོས། ཡིག་དེབ་འཕར་མའི་མཚོན་རྟགས་སྐད་བརྡ་ཞེས་པ་ནི་ཝན་ཝེ་དྲ་རྒྱའི་དྲ་ངོས་བཟོ་བཀོད་པའི་ཚད་ལྡན་སྐད་བརྡ་ཞིག་ཏུ་གྱུར་ཏེ། རྩིས་འཁོར་བར་གྱི་བརྡ་འཕྲིན་སྐྱེལ་གཏོང་གི་གེགས་ཡོངས་སུ་སེལ་བར་བྱས་ཡོད། སྐད་བརྡ་འདི་ཉིད་གོ་སླ་ཞིང་སྤྱོད་བདེ་བའི་ཁྱད་ཆོས་ཡིས་ཝན་ཝེ་དྲ་རྒྱའི་གཞི་རྩར་གྱུར་ཡོད། མིག་སྔར་གསར་དུ་བྱུང་བའི་སྐད་བརྡ་འདི་པར་གཞིHTML4.0ཡིན་ལ། དེ་ལས་ལྷག་པའི་པར་གཞི་ལ་ཞིབ་འཇུག་བྱེད་བཞིན་ཡོད།

HTMLཡི་པར་སྒྲིག་སུ་སྤྱོད་པའི་བཀའ་བརྡ་སྟེ་མཚོན་རྟགས་མང་པོ་ཞིག་ལ་མཚན་ཉིད་བཞག་ཡོད། དཔེར་ན། <I>ཡིས་རང་གི་རྗེས་སུ་བྱུང་བའི་ཡི་གེ་རྣམས་གསེག་གཟུགས་ཀྱིས་པར་སྒྲིག་བྱེད་དགོས་པ་མཚོན་ཞིང་། </I> ཡིས་གོང་གི་པར་སྒྲིག་མཇུག་སྒྲིལ་བའི་གནས་མཚོན་ཡོད། HTMLཡིས་མཚོན་རྟགས་གང་མང་ཞིག་ཝན་ཝེ་དྲ་རྒྱའི་དྲ་ངོས་སུ་སྤྱད་པ་ལསHTMLཡིག་ཆ་ཞེས་པ་གྲུབ་ཅིང་། ཡིག་ཆ་དེ་ཉིད་ནི་ཡིག་དེབ་སྒྲིག་སྦྱོར་བྱེད་ཆས་གང་རུང་ཞིག་ལས་ཐོན་པའིASCIIཨང་རྟགས་ཡིག་ཆ་ཞིག་ཡིན་ལ། རྒྱ་བསྐྱེད་མིང་དུ .HTMLའམ.htmཡིན་དགོས། བཤར་ཆས་ཀྱིས་གོང་གི་རྒྱ་བསྐྱེད་མིང་ཅན་གྱི་ཡིག་ཆར་ཞིབ་འགྲེལ་བྱེད་དེ་རང་སར་འཆར་བར་བྱེད་པ་ཡིན།

བཤར་ཆས་གང་རུང་བ་ཚང་མསHTMLམཚོན་རྟགས་ཡོད་ཚད་རྟོགས་ཐུབ་པ་མ་ཡིན། བཤར་ཆས་ཀྱིས་རང་གིས་གོ་བ་ལོན་མི་ཐུབ་པའི་མཚོན་རྟགས་རྣམས་དོར་ཆོག་མོད། འོན་ཀྱང་མཚོན་རྟགས་བར་དུ་གནས་པའི་ཡིག་དེབ་རང་ཉིད་དུ་མངོན་པར་བྱེད་དགོས།

2_4_2 འགུལ་རྣམ་ཝན་ཝེ་དྲ་རྒྱའི་ཡིག་ཆ།

གོང་དུ་བཤད་པའི་ཝན་ཝེ་དྲ་རྒྱའི་ཡིག་ཆ་ལ་འཇགས་རྣམ་ཡིག་ཆ་ཟེར་ཞིང་། དེ་ཉིད་གསར་བཟོ་བྱས་རྗེས་ཝན་ཝེ་དྲ་རྒྱའི་ཞབས་ཞུ་ཆས་སུ་ཉར་གསོག་བྱས་ཏེ། སྤྱོད་མཁན་གྱི་བཤར་ཆས་ཀྱིས་ཀློག་འདོན་བྱེད་ཐེངས་རེ་རེར་ནང་དོན་ལ་འགྱུར་བ་ཅི་ཡང་མེད།

འཇགས་རྣམ་ཡིག་ཆའི་ཆེས་ལེགས་པའི་ཆ་ནི་སྟབས་བདེ་བ་ཡིན་ལ། HTMLསྐད་བརྡ་ནི་པར་སྒྲིག་སྐད་བརྡ་ཡིན་པས། བྱ་རིམ་བཟོ་བཀོད་ཀྱི་ལས་ལ་བྱང་ཆ་མེད་པའི་མིས་ཀྱང་ཡིག་ཆ་དེ་འདྲ་གསར་བཟོ་བྱེད་ཐུབ། སྐྱོན་ཆ་ནི་སྐྱེན་དམའ་བ་ཡིན་ཏེ། རྩོམ་པ་པོས་ཡིག་ཆ་བཟོ་བཅོས་བྱས་ཏེ་ཡིག་ཆའི་བརྡ་འཕྲིན་ལ་འགྱུར་ལྡོག་གཏོང་བ་ཡིན་ན། འགྱུར་ལྡོག་སྐྱེན་པའི་ཡིག་ཆ་འཇགས་རྣམ་ཡིག་ཆར་བཀོད་ན་མི་འོས་སོ།།

འགུལ་རྣམ་ཡིག་ཆ་ཞེས་པ་དེའི་ཡིག་ཆའི་ནང་དོན་ནི་བཤར་ཆས་ཀྱིས་ཝན་ཝེ་དྲ་རྒྱའི་ཞབས་ཞུ་ཆས་སུ་བཅར་འདྲི་བྱེད་དུས་ཉེར་སྤྱོད་བྱ་རིམ་ཞིག་གིས་འཕྲལ་དུ་གསར་བཟོ་བྱས་པ་ཡིན། བཤར་ཆས་ཀྱི་རེ་ཞུ་འབྱོར་དུས། ཝན་ཝེ་དྲ་རྒྱའི་ཞབས་ཞུ་ཆས་ཀྱིས་ཉེར་སྤྱོད་བྱ་རིམ་གཞན་ཞིག་འཁོར་བསྐྱོད་བྱེད་ཅིང་། ཚོད་འཛིན་ནུས་པ་དེ་བྱ་རིམ་དེའི་སྟེང་དུ་སྤར། དེ་ནས་ཉེར་སྤྱོད་བྱ་རིམ་དེས་བཤར་ཆས་ལས་བསྐུར་བའི་གཞི་གྲངས་ལ་ཐག་གཅོད་བྱེད་ཅིངHTMLརྣམ་པའི་ཡིག་ཆ་ཕྱིར་གཏོང་བྱས་པ་དེ་ཝན་ཝེ་དྲ་རྒྱའི་ཞབས་ཞུ་ཆས་ཀྱིས་བཤར་ཆས་སུ་ལན་བརྗོད་དུ་བསྐུར་བ་ཡིན། ལན་བརྗོད་དུ་བྱུང་བའི་ཝན་ཝེ་དྲ་རྒྱའི་ཡིག་ཆ་ནི་གནས་སྐབས་སུ་བྱུང་བ་ཡིན་པས། སྤྱོད་མཁན་གྱི་མཐོང་ལམ་དུ་བྱུང་བའི་ཡིག་ཆའི་ནང་དོན་ནི་འགྱུར་བ་ཅན་ཡིན། འགུལ་རྣམ་ཡིག་ཆའི་ལེགས་ཆ་ནི་གསར་བྱུང་གི་གནས་ཚུལ་ཁྱབ་བསྒྲགས་བྱེད་ཐུབ་པ་དེ་ཡིན་པས། མ་རྐང་གི་ཚོང་རའི་གནས་ཚུལ་དང་གནམ་གཤིས་སྔོན་བརྡ། གནམ་གྲུའི་པ་སེའི་ཉོ་འཚོང་གི་གནས་ཚུལ་སོགས་ཀྱི་ནང་དོན་ཁྱབ་བསྒྲགས་བྱེད་པར་སྤྱོད་པ་ཡིན། འགུལ་རྣམ་ཡིག་ཆའི་གསར་བཟོ་ནི་ལས་སླ་བོ་ཞིག་མིན་ཏེ། འགུལ་རྣམ་ཡིག་ཆ་གསར་བཟོ་བྱེད་པ་ནི་ཐད་ཀར་ཡིག་ཆའི་ནང་དོན་འབྲི་བ་མིན་པར་ཡིག་ཆ་སྐྱེད་པའི་ཉེར་སྤྱོད་བྱ་རིམ་དེ་རྩོམ་སྒྲིག་བྱེད་པ་ཡིན་པས། གསར་བཟོ་བྱེད་མཁན་ནི་བྱ་རིམ་སྒྲིག་སྦྱོར་ལ་བྱང་ཆ་ལྡན་པའི་མི་སྣ་ཡིན་དགོས། རྩོམ་སྒྲིག་བྱས་པའི་བྱ་རིམ་འཁྲུལ་བ་མེད་པ་ཞིག་བྱེད་དགོས།

འགུལ་རྣམ་ཡིག་ཆ་དང་འཇགས་རྣམ་ཡིག་ཆ་གཉིས་ཀྱི་ཁྱད་པར་ནི་ཞབས་ཞུ་ཆས་ཕྱོགས་སུ་ཡིག་ཆའི་ནང་དོན་གྱི་སྐྱེད་རིམ་མི་འདྲ་བ་ཙམ་ལས། བཤར་ཆས་ཕྱོགས་ནས་བལྟས་ན་ཡིག་ཆའི་འདྲ་ས་གང་ཡིན་རྟོགས་མི་ཐུབ།

འགུལ་རྣམ་ཡིག་ཆ་སྐྱེད་ཐོན་བྱེད་པར་ཝན་ཝེ་དྲ་རྒྱའི་ཞབས་ཞུ་ཆས་ཀྱི་ནུས་པ་ཕྱོགས་གཉིས་ནས་བསྐྱེད་སྲིང་བྱེད་དགོས།

(1)ཉེར་སྤྱོད་བྱ་རིམ་ཞིག་ཁ་སྣོན་བྱེད་དགོས། དེས་བཤར་ཆས་ལས་ཐོན་པའི་གཞི་གྲངས་ཐག་གཅོད་བྱས་ཏེ་འགུལ་རྣམ་ཡིག་ཆ་གསར་བཟོ་བྱེད་དགོས།

(2)ནང་རྐྱེན་ཞིག་གསར་སྣོན་བྱས་ཏེ། ཝན་ཝེ་དྲ་རྒྱའི་ཞབས་ཞུ་ཆས་ཀྱིས་བཤར་ཆས་ལས་ཐོན་པའི་གཞི་གྲངས་ཉེར་སྤྱོད་བྱ་རིམ་འདི་ལ་སྤྲོད་ཅིང་། བྱ་རིམ་དེ་ལས་ཐོན་པའི་གཞི་གྲངས་ལ་ཝན་ཝེ་དྲ་རྒྱའི་ཞབས་ཞུ་ཆས་ཀྱིས་འགྲེལ་བཤད་རྒྱབ་ཏེ་ཕྱིར་བཤར་ཆས་སུHTMLཡིག་ཆ་སྐྱེལ་གཏོང་བྱེད་དགོས།

2_4_3 བྱ་བྱེད་ཝན་ཝེ་དྲ་རྒྱའི་ཡིག་ཆ།

HTTPདང་ཝན་ཝེ་དྲ་རྒྱའི་བཤར་ཆས་ཀྱི་འཕེལ་རྒྱས་དང་བསྟུན་ན། འགུལ་རྣམ་ཡིག་ཆར་ཡང་སྐྱོན་ཆ་གང་མང་ཞིག་མཐོང་ཐུབ་པ་དཔེར་ན། འགུལ་རྣམ་ཡིག་ཆ་དེ་གསར་བཟོ་བྱས་རྗེས་བརྡ་འཕྲིན་གྱི་ནང་དོན་ཡང་གཏན་འཁེལ་བྱས་པས་འཆར་ངོས་གསར་འདོན་བྱེད་མི་ཐུབ་ལ། འགུལ་རིས་སོགས་ཀྱི་འཆར་ཚུལ་ལ་ཡང་འགུལ་རྣམ་ཡིག་ཆས་རམ་འདེགས་བྱེད་མི་ཐུབ།

བཤར་ཆས་འཆར་ངོས་རྒྱུན་པར་གསར་འདོན་བྱེད་པར་ལག་རྩལ་གཉིས་བཀོལ་ཆོག་པ་ལས་དང་པོ། ཞབས་ཞུ་ཆས་ཀྱིས་སྐུལ་འདེད་ཅེས་ཟེར། ལག་རྩལ་འདིས་ལས་བཞག་ཡོད་ཚད་ཞབས་ཞུ་ཆས་ལ་སྤྲད་དེ། ཞབས་ཞུ་ཆས་ཀྱིས་འགུལ་རྣམ་ཡིག་ཆའི་འབྲེལ་ཡོད་ཀྱི་ཉེར་སྤྱོད་བྱ་རིམ་ཞིག་མཚམས་མེད་དུ་འཁོར་བསྐྱོད་བྱས་ཏེ་བརྡ་འཕྲིན་གྱི་ནང་དོན་གསར་འདོན་བྱས་ནས་བསྐུར་བ་ཡིན།

སྤྱོད་མཁན་གྱི་ཕྱོགས་ནས་བལྟས་ན། གསར་འདོན་གྱི་ལས་འགྲུབ་པར་སྣང་ཡང་། དེར་སྐྱོན་ཆ་ཆེན་པོ་ཞིག་ཡོད་དེ། གཅིག མགྲོན་པོ་ཇི་ལྟར་མང་ན། ཞབས་ཞུ་ཆས་ཀྱིས་དེ་ལྟར་སྐུལ་འདེད་བྱ་རིམ་མང་པོ་ཞིག་འཁོར་བསྐྱོད་བྱེད་དགོས་པས་ཁུར་པོ་ལྕི་དྲག་པ་དང་། གཉིས། གསར་འདོན་གྱི་ཆེད་དུ་ཞབས་ཞུ་ཆས་ཀྱིས་བཤར་ཆས་ཤིག་ཏུ་བཙུགས་པའིTCPསྦྲེལ་ལམ་དེ་འགྲོལ་མི་ཆོག་པས། སྦྲེལ་ལམ་ཇི་ལྟར་ཇེ་མང་དུ་སོང་ན། དྲ་རྒྱ་སྐྱེལ་གཏོང་གི་དུས་འགྱངས་ཀྱང་དེ་བས་རིང་དུ་འགྱུར་རོ།།

གསར་འདོན་ལག་རྩལ་གཉིས་པ་ལ་བྱ་བྱེད་ཡིག་ཆའི་ལག་རྩལ་ཟེར། འདིར་གསར་འདོན་གྱི་ལས་བཞག་ཐམས་ཅད་བཤར་ཆས་སུ་སྤྲད་ཡོད། བཤར་ཆས་ཀྱིས་བྱ་བྱེད་ཡིག་ཆ་ཞིག་ལ་རེ་ཞུ་གནང་དུས། ཞབས་ཞུ་ཆས་ཀྱིས་བྱ་བྱེད་ཡིག་ཆའི་བྱ་རིམ་གྱི་འདྲ་དེབ་ཅིག་ཕྱིར་བསྐུར་ཏེ་བྱ་རིམ་འདྲ་དེབ་དེ་ཉིད་བཤར་ཆས་ཕྱོགས་སུ་འཁོར་བསྐྱོད་བྱེད་པ་ཡིན། སྐབས་འདིར་སྤྱོད་མཁན་གྱིས་བྱ་བྱེད་ཡིག་ཆའི་བྱ་རིམ་འཁོར་བསྐྱོད་བྱས་ན། ཡིག་ཆའི་ནང་དོན་ལ་མུ་འབྲེལ་ཏེ་འགྱུར་བ་འབྱུང་། བྱ་བྱེད་ཡིག་ཆའི་ལག་རྩལ་དུ་ཞབས་ཞུ་ཆས་ཀྱིས་གསར་འདོན་སྐྱེལ་གཏོང་བྱེད་མི་དགོས་པས། དྲ་རྒྱ་ཐགས་ཞེང་གི་ཚད་ལ་བླང་བྱ་ཆེན་པོ་མེད།

སྐྱེལ་གཏོང་གི་ཕྱོགས་ནས་བལྟས་ན། བཤར་ཆས་དང་ཞབས་ཞུ་ཆས་གཉིས་ཀས་བྱ་བྱེད་ཡིག་ཆ་དེ་འཇགས་རྣམ་ཡིག་ཆ་ཞིག་ཏུ་མཐོང་ལ། ཞབས་ཞུ་ཆས་སུ་བྱ་བྱེད་ཡིག་ཆའི་ནང་དོན་འགྱུར་བ་མེད་པ་ནི་འགུལ་རྣམ་ཡིག་ཆ་དང་མི་འདྲ་བ་ཡིན། བཤར་ཆས་ཀྱིས་རང་སའི་ཉར་གསོག་ཏུ་བྱ་བྱེད་ཡིག་ཆའི་འདྲ་དེབ་ཅིག་བཅུག་ཡོད།

3 གློག་རྡུལ་ཡིག་སྐུར།
3_1 གློག་རྡུལ་ཡིག་སྐུར།

ཚང་མས་ཤེས་གསལ་ལྟར་དུས་ཐོག་ཁ་པར་གྱི་འཕྲིན་གཏོང་ལ་གསུབ་ཏུ་མེད་པའི་སྐྱོན་གཉིས་ཡོད་སྟེ། འབོད་མཁན་དང་འབོད་ཡུལ་གཉིས་དུས་མཉམ་དུ་གནས་དགོས་པ་དང་དོན་མེད་ཁ་པར་སྡོམ་པོས་མིའི་རྒྱུན་ལྡན་གྱི་ལས་བཞག་དང་ངལ་གསོའི་དུས་དཀྲོགས་པའོ།།

གློག་རྡུལ་ཡིག་སྐུར་ནི་དབྱིན་ཐེ་དྲ་རྒྱ་རུ་ཆེས་ཆེར་སྤྱོད་པ་དང་ཆེས་དགའ་བསུ་ཐོབ་པའི་ཉེར་སྤྱོད་ཅིག་རེད། གློག་རྡུལ་ཡིག་སྐུར་གྱིས་བསྐུར་བྱའི་ཡི་གེ་བསྐུར་ཡུལ་ཀློག་པ་པོས་ཡིག་སྐུར་ཞབས་ཞུ་ཆས་སུ་སྤྱོད་པའི་ཡིག་སྒམ་དུ་བཞག་ཡོད་པས། ཀློག་པ་པོས་དུས་གང་ཡིན་དང་གནས་གང་ཡིན་ཏུ་དྲ་བར་ཞུགས་ནས་ཡིག་སྐུར་ཞབས་ཞུ་ཆས་ལས་ཡི་གེ་བླངས་ཆོག གནས་ཚུལ་འདི་ནི་དབྱིན་ཐེ་དྲ་རྒྱ་སྤྱོད་མཁན་རེ་རེར་དྲ་ཐོག་ཡིག་སྒམ་ཞིག་བཀོད་སྒྲིག་བྱས་པ་མཚུངས་པས། e-mailལ་གློག་རྡུལ་ཡིག་སྒམ་ཡང་ཟེར། གློག་རྡུལ་ཡིག་སྐུར་གྱི་བེད་སྤྱོད་སྟབས་བདེ་ཡིན་པ་མ་ཟད། སྐྱེལ་གཏོང་མྱུར་ཞིང་འགྲོ་གྲོན་དམའ་བའི་ཁྱད་ཆོས་ལྡན་ཡོད། ད་ལྟའི་གློག་རྡུལ་ཡིག་སྐུར་གྱིས་ཡི་གེའི་བརྡ་འཕྲིན་གཏོང་ཐུབ་པ་མ་ཟད། སྒྲ་དང་བརྙན་རིས་སོགས་ཞོར་དུ་སྦྲགས་ཆོག གློག་རྡུལ་ཡིག་སྐུར་རྒྱ་ཆེར་སྤྱད་པས་ཁྱད་ཆོས་དེ་དག་གིས་ཤིན་ཏུ་ཕོངས་པའི་གཞི་གྲངས་ཡིག་ཚགས་ལས་བཞག་གི་ཚེ་སྲོག་མཇུག་སྒྲིལ་ལ་ཉེ།

1982ལོརARPNETཡི་གློག་རྡུལ་ཡིག་སྐུར་གྱི་ཚད་གཞི་ཐོག་མར་བྱུང་ཞིང་། སྟབས་བདེའི་ཡིག་སྐུར་སྐྱེལ་གཏོང་གྲོས་མཐུནSMTPདང་དབྱིན་ཐེ་དྲ་རྒྱ་ཡིག་དེབ་གཞི་གྲངས་ཡིག་ཚགས་རྣམ་གཞག་གཉིས་པོ་དབྱིན་ཐེ་དྲ་རྒྱའི་ཚད་གཞི་དངོས་མར་གྱུར་ཡོད།

SMTPཡིས་དཔར་དུ་བཏབ་ཆོག་པའི་གནས7ཅན་གྱིASCIIཚབ་ཨང་ཡིག་སྐུར་ལས་གཞན་སྐྱེལ་གཏོང་བྱེད་མི་ཐུབ་པས། 1993ལོར་བསྐྱར་དུ་སྤྱི་སྤྱོད་དབྱིན་ཐེ་དྲ་རྒྱ་རུ་ཡིག་སྐུར་རྒྱ་བསྐྱེདMIMEཅེས་པ་གསར་དུ་བཏོན་ཞིང་། 1996ལོར་གསར་བཟོ་བྱས་རྗེས་དབྱིན་ཐེ་དྲ་རྒྱའི་འཆར་ཟིན་གྲོས་མཐུན[RFC-2045-2049]དུ་གྱུར་ཡོད། MIMEཡི་ཡིག་སྐུར་མགོ་བརྗོད་དུ་ཡིག་སྐུར་གྱི་གཞི་གྲངས་རིགས་སྣ་སྟེ་ཡིག་དེབ་བམ་སྒྲ། བརྙན་རིས། བརྙན་བརྒྱུད་སོགས་གང་ཡིན་གསལ་བཤད་བྱེད་དགོས། MIMEཡིག་སྐུར་དུ་རིགས་སྣ་མང་པོའི་གཞི་གྲངས་དུས་གཅིག་ཏུ་བསྐུར་ཆོག་པས། སྨྱན་མང་འཕྲིན་གཏོང་གི་ཁོར་ཡུག་ཏུ་བཀོལ་སྤྱོད་ཀྱི་རིན་ཐང་ཆེ།

གློག་རྡུལ་ཡིག་སྐུར་མ་ལག་ཅིག་ལ་གཙོ་བོའི་གྲུབ་ཆ་གསུམ་སྟེ། སྤྱོད་མཁན་གྱི་ལས་ཚབ་དང་ཡིག་སྐུར་ཞབས་ཞུ་ཆས། ཡི་གེ་སྐྱེལ་གཏོང་གྲོས་མཐུན(དཔེར་ནSMTPལྟ་བུ)དང་ཡི་གེའི་བསྡུ་ལེན་གྲོས་མཐུན(དཔེར་ནPOP3ལྟ་བུ)བཅས་སོ།། དེ་ལསPOP3ནི་སྦྲག་སྲིད་གྲོས་མཐུན་གྱི་པར་གཞི3པ་མཚོན་ཡོད།

སྤྱོད་མཁན་གྱི་ལས་ཚབ་ཅེས་པ་ནི་སྤྱོད་མཁན་དང་ཡིག་སྐུར་མ་ལག་གི་མཐུད་མཚམས་ཏེ་སྤྱོད་མཁན་གྱིPCརུ་འཁོར་བསྐྱོད་བྱེད་བཞིན་པའི་བྱ་རིམ་ཞིག་ཡིན། དེ་བས་ཡིག་སྐུར་མགྲོན་ཕྱོགས་ཀྱི་མཉེས་ཆས་ཀྱང་ཟེར། སྤྱོད་མཁན་གྱི་ལས་ཚབ་ཀྱིས་སྤྱོད་མཁན་ལ་བློར་འཚམས་པའི་མཐུད་མཚམས་ཡག་པོ་སྟེ་སྒེའུ་མིག་མཐུད་ངོས་ཤིག་ཏུ་ཡི་གེ་སྐྱེལ་གཏོང་དང་བསྡུ་ལེན་གྱི་ལས་བྱ་བར་བྱེད་དགོས། འདེམས་བྱར་གྱུར་བའི་སྤྱོད་མཁན་གྱི་ལས་ཚབ་ལ་རིགས་མང་སྟེ། དཔེར་ནWindowsཀུང་སིའིOutlookexpressདང་རང་རྒྱལ་གྱི་ཀྲང་ཞོ་ལོང་གིས་བཟོ་སྒྲིག་བྱས་པའིFoxmailལྟ་བུར་ཚང་མས་དགའ་བསུ་ཐོབ་ཡོད།

3_2 སྐྱེལ་གཏོང་གྲོས་མཐུནSMTP

SMTPརུ་ཕན་ཚུན་འཕྲིན་གཏོང་བྱེད་པའིSMTPཉེར་སྤྱོད་བྱ་རིམ་གཉིས་བར་དུ་བརྡ་འཕྲིན་ཇི་ལྟར་བརྗེ་སྤོར་བྱེད་པ་གཏན་འཁེལ་བྱས་ཡོད། བདག་མགྲོན་གྱི་རྣམ་པ་གཞིར་བྱས་ཏེ་འཕྲིན་ཡིག་བསྐུར་གཏོང་བྱེད་པའི་ཉེར་སྤྱོད་ལSMTPཡི་མགྲོན་ཕྱོགས་དང་། འབྱོར་བསྡུ་བྱེད་པ་ལ་བདག་ཕྱོགས་སུ་ངོས་འཛིན་བྱེད་དགོས། འཕྲིན་ཡིག་རྣམ་བཞག་དང་ཉེར་ཚགས། སྐྱེལ་གཏོང་གི་མྱུར་ཚད་སོགས་ལ་གཏན་འཁེལ་ཅི་ཡང་བྱས་མེད།

SMTPརུ་བཀའ་བརྡའི་ཚིག་རྐང14དང་བརྡ་ལན་རིགས21གཏན་འཁེལ་བྱས་ཡོད་པ་ལས། བཀའ་བརྡའི་ཚིག་རྐང་ནི་གསལ་བྱེད4ཡིས་གྲུབ་ཅིང་། བརྡ་ལན་ནི་བརྡ་འཕྲིན་ཡིག་ཕྲེང་གཅིག་སྟེ། གནས་གསུམ་གསང་གྲངས་ཤིག་ལ་སྟབས་བདེའི་ཡི་གེ་འགའ་འབྲི་སྣོན་བྱས་ཡོད།

3_3 གློག་རྡུལ་འཕྲིན་གཏོང་གི་བརྡ་འཕྲིན་རྣམ་བཞག

གློག་རྡུལ་འཕྲིན་ཡིག་ལ་ཡིག་ཤུབ་དང་ནང་དོན་གྱི་ཆ་གཉིས་ཡོད་ཀྱང་། RFC2822པའི་ཡིག་ཚགས་སུ་འཕྲིན་ཡིག་ནང་དོན་གྱི་མགོ་བརྗོད་རྣམ་བཞག་ལ་མཚན་ཉིད་བཞག་ཡོད་པ་ལས། འཕྲིན་ཡིག་གི་དངོས་ཀྱི་ཆ་དེ་སྤྱོད་མཁན་སོ་སོས་རང་དབང་གིས་རྩོམ་འབྲི་བྱས་ཆོག སྤྱོད་མཁན་གྱིས་མགོ་བརྗོད་བྲིས་པ་ན། འཕྲིན་ཡིག་རྒྱུད་ཁོངས་ཀྱིས་དེ་དག་ལས་ཡིག་ཤུབ་ཏུ་མཁོབ་འི་བརྡ་འཕྲིན་འདེམབས་བཏུས་བྱས་ཏེ་ཡིག་ཤུབ་ཏུ་སྦྱོར་འདོགས་བྱེད་པས། མི་སྒེར་ནས་གློག་རྡུལ་འཕྲིན་ཡིག་གི་ཡིག་ཤུབ་སྟེང་དུ་ཅི་ཡང་འབྲི་མི་དགོས།

ཆེད་སྤྱོད་ཀྱི་རྗོད་ཚིག་འགའ་ལ་འཆད་རྟགས་་བཀོད་དེ་འཕྲིན་ཡིག་གི་མགོ་བརྗོད་དུ་སྤྱོད་ཅིང་། དེ་ལས་ཆེས་འགངས་ཆེ་རྗོད་ཚིག་ནིToདངSubjectགཉིས་ཡིན།

To:རྗེས་སུ་འཕྲིན་ཡིག་འབྱོར་ཡུལ་གཅིག་གམ་དུ་མ་སྦྱོར་བ་ཡིན། གློག་རྡུལ་འཕྲིན་ཡིག་མཉེན་ཆས་བེད་སྤྱོད་བྱེད་དུས། སྤྱོད་མཁན་གྱིས་འཕྲིན་གཏོང་བྱ་ཡུལ་གྱི་རུས་མིང་དང་གནས་ཡུལ་སོགས་དེབ་ཏུ་བཅུག་སྟེ་དེ་དག་གཏག་པ་ཙམ་གྱིས་འབྱོར་ཡུལ་གྱི་ཁ་སྐོང་བར་བྱེད་པ་ཡིན།

Subject:ནི་འཕྲིན་ཡིག་གི་སྤྱི་དོན་ཏེ་ནང་དོན་གྱི་སྤྱི་བསྡོམས་ཡིན་ཞིང་། ཡིག་ཚགས་ཀྱི་མིང་དང་མཚུངས་བར་འཕྲིན་ཡིག་འཚོལ་ཀློག་ལ་སྟབས་བདེ་ཡོང་བའི་ཆེད་དུ་འབྲི་བ་ཡིན།

From:དངDate:གཉིས་ནི་ཡིག་བསྐུར་བའི་གནས་ཡུལ་དང་ཡིག་བསྐུར་གྱི་དུས་ཚོད་ཡིན་ལ། འདི་གཉིས་འཕྲིན་ཡིག་རྒྱུད་ཁུངས་ཀྱིས་ཁ་སྐོང་བར་བྱེད་དོ།།

3_4 གྲོས་མཐུནPOP3དངIMAP

མིག་སྔར་རྒྱུན་སྤྱོད་བྱེད་པའི་འཕྲིན་ཡིག་ཕབས་ཀློག་གི་གྲོས་མཐུན་ལ་གཉིས་སྟེ། སྦྲག་ཁང་གྲོས་མཐུན་གྱི་པར་གཞི3འམPOP3ཞེས་པ་དང་དྲ་ཁམས་གཞི་གྲངས་ཡིག་ཚགས་ཉར་ལེན་གྲོས་མཐུནIMAPལས། སྦྲག་ཁང་གྲོས་མཐུན་ནི་སྟབས་བདེ་ཡང་བྱེད་ནུས་ལ་ཚད་བཀག་ལྡན་པ་ཞིག་སྟེ། སྤྱི་ལོ1984[RFC918]ལོར་ཁྱབ་བསྒྲགས་བྱས་ཅིང་། ཐེངས་འགའི་གསར་སྤེལ་ལས། མིག་སྔར་སྤྱོད་བཞིན་པའི་སྤྱི་ལོ1996ལོའི་པར་གཞི POP3[RFC1939]འགྲུབ་སྟེ་དབྱིན་ཐེ་དྲ་རྒྱའི་ཚད་ལྡན་ཞིག་གྱུར་ཡོད། ISPམང་ཆེ་བས POPལ་རམ་འདེགས་བྱེད་ཐུབ་ཅིང་། POP3ཡི་བསྡུས་མིང་ལ POPཟེར།

POPཡིས་ཀྱང་བདག་མགྲོན་གྱི་ལས་བྱེད་རྣམ་པ་བརྒྱུད་འཛིན་བྱས་ཡོད། འཕྲིན་ཡིག་ཀློག་པ་པོའིPCསྟེང་གི་འཛད་སྤྱོད་ཚབ་བྱེད་ཀྱིས་ངེས་པར་དུPOPམགྲོན་ཕྱོགས་བྱ་རིམ་ཉེར་སྤྱོད་བྱེད་དགོས་ལ། ISPཕྱོགས་ཀྱི་འཕྲིན་ཡིག་ཞབས་ཞུ་ཆས་སུPOPབདག་ཕྱོགས་བྱ་རིམ་འཁོར་བསྐྱོད་བྱེད་དགོས། POPཞབས་ཞུ་ཆས་ཀྱིས་སྤྱོད་མཁན་གྱི་བརྡ་འཕྲིན་ལ་ཤན་འབྱེད་བྱས་རྗེས་ཡིག་སྒམ་ལས་འཕྲིན་ཡིག་ཕབས་ཀློག་བྱེད་དུ་འཇུག་པ་ཡིན།

ཀློག་པ་པོསPOPཞབས་ཞུ་ཆས་ལས་འཕྲིན་ཡིག་ཕབ་ཀློག་བྱས་རྗེས། ཞབས་ཞུ་ཆས་དེས་འཕྲིན་ཡིག་དེ་རང་ཉིད་ལས་དོར་ཏེ་ཉར་གསོག་མི་བྱེད་པ་ནིPOP3པའི་སྐྱོན་ཞིག་ཏུ་སྣང་བས། POP3ཡི་བྱེད་ནུས་ལ་ཁ་སྣོན་བྱས་པའི་ནང་དུ། སྤྱོད་མཁན་གྱིས་ཞབས་ཞུ་ཆས་ལས་་འཕྲིན་ཡིག་ཕབས་ཀློག་བྱས་ཀྱང་དེ་ཉིད་དེ་ཀར་ཉར་གསོག་བྱེད་པའི་དུས་ཡུན་ཞིག་བཀོད་སྒྲིག་བྱས་ཆོག [RFC2449]མིག་སྔརRFC2449ནི་དབྱིན་ཐེ་དྲ་རྒྱའི་རེ་འདུན་ཚད་གཞི་ཙམ་ཡིན།

ཝན་ཝེ་གཞི་གྲངས་ཡིག་ཚགས་ཉར་ལེན་གྲོས་མཐུན་སྟེIMAPནིPOP3ལས་རྙོག་འཛིང་ཆེ་ལ། མགྲོན་བདག་གི་རྣམ་པས་ལས་བྱེད་ཀྱང་དེ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ། མིག་སྔར་གསར་དུ་བཏོན་པའི་པར་གཞི་ནིIMAP4[RFC3501]སྟེ་དབྱིན་ཐེ་དྲ་རྒྱའི་རེ་འདུན་ཚད་གཞི་ཙམ་ཡིན།

IMAPབེད་སྤྱོད་བྱེད་དུས། སྤྱོད་མཁན་གྱིPCསྟེང་དུIMAPཡི་མགྲོན་ཕྱོགས་བྱ་རིམ་དང་། འཕྲིན་ཡིག་བསྡུ་ལེན་ཕྱོགས་ཀྱི་འཕྲིན་ཡིག་ཞབས་ཞུ་ཆས་སུIMAPབདག་ཕྱོགས་བྱ་རིམ་འཁོར་བསྐྱོད་བྱེད་དགོས་ཏེ་ཕན་ཚུན་བརTCPཡིས་སྦྲེལ་མཐུད་བྱེད་དགོས། དེ་བས IMAPནི་འཁོར་སྦྲེལ་གྲོས་མཐུན་ཞིག་སྟེ། སྤྱོད་མཁན་གྱིPCསྟེང་གིIMAPམགྲོན་ཕྱོགས་བྱ་རིམ་གྱིIMAPབདག་ཕྱོགས་ཡིག་སྒམ་གྱི་ཁ་འབྱེད་དུས། འཕྲིན་ཡིག་གི་མགོ་བརྗོད་མཐོང་ཐུབ་པ་དང་། ཀློག་འདོན་བྱེད་དུས་བཀླག་བྱའི་འཕྲིན་ཡིག་དེ་གཞི་ནས་སྤྱོད་མཁན་གྱི་རྩིས་འཁོར་དུ་མར་ཕབས་པ་རེད། སྤྱོད་མཁན་གྱིས་རང་ཉིད་ཀྱི་འདོད་བློ་བཞིན་དུ་ཞབས་ཞུ་ཆས་སྟེང་གི་ཡིག་སྒམ་གྱི་ཡིག་ཚགས་ལ་བདག་གཉེར་བྱས་ཆོག་ཀྱང་། བོར་སྐྱུགས་ཀྱི་བཀའ་བརྡ་མ་ཐོབ་བར་དུ་འཕྲིན་ཡིག་རྣམསIMAPཡིག་སྒམ་དུ་ཡུན་རིང་ཉར་ཚགས་བྱེད་བཞིན་ཡོད།

སྤྱོད་མཁན་གྱིས་ཡུལ་དུས་གང་རུང་དུ་རྩིས་འཁོར་མི་འདྲ་བ་སྤྱད་དེ་དྲ་རྒྱ་རུ་ཞུགས་པ་ན་རང་ཉིད་ཀྱི་འཕྲིན་ཡིག་ལ་ཀློག་འདོན་དང་བཀོད་རྒྱ་གང་རུང་འཐེན་ཆོག་པ་ནི IMAPཡི་ཁྱད་ཆོས་གཙོ་བོ་ཡིན་ལ། འཕྲིན་ཡིག་གི་ནང་དོན་དངོས་དང་ཟུར་བཀོད་ཡིག་ཆ་རྣམས་སོ་སོར་དབྱེ་སྟེ་མར་ཕབ་ཀྱང་བྱས་ཆོག

སྤྱོད་མཁན་གྱིས་འཕྲིན་ཡིག་རྣམས་རང་ཉིད་ཀྱི་རྩིས་འཁོར་དུ་མར་ཕབས་མ་བྱས་ན། འཕྲིན་ཡིག་ཀློག་ཐེངས་རེརIMAPཞབས་ཞུ་ཆས་དང་སྦྲེལ་མཐུད་བྱེད་དགོས་པ་ནི་གྲོས་མཐུན་འདིའི་སྐྱོན་ཆར་གླེང་བཞིན་ཡོད།

གལ་བོ་ཆེ་ལ་ནན་གྱིས་དཔེ་བཞིན་མཐར་བརྗོད་པར་བྱ་བ་ནི། འཕྲིན་ཡིག་ཕབ་ཀློག་གྲོས་མཐུན་དང་འཕྲིན་ཡིག་སྐྱེལ་གཏོང་གྲོས་མཐུན་གཉིས་ཀྱི་ཁྱད་པར་སྟེ། རྗེས་མ་ནི། འཕྲིན་ཡིག་བསྐུར་པ་པོའི་མི་སྒེར་ལས་ཚབ་ཀྱིས་རང་ཕྱོགས་ཀྱི་འཕྲིན་ཡིག་ཞབས་ཞུ་ཆས་སུ་འཕྲིན་ཡིག་དེ་ཉིད་ཡར་སྐྱེལ་བྱེད་པ་དང་། དེ་མིན་བསྐུར་ཡུལ་ཕྱོགས་ཀྱི་འཕྲིན་ཡིག་ཞབས་ཞུ་ཆས་ནས་འབྱོར་ཡུལ་འཕྲིན་ཡིག་ཞབས་ཞུ་ཆས་སུ་འཕྲིན་ཡིག་དེ་ཉིད་སྐྱེལ་གཏོང་བྱེད་པར་བཀོལ་བ་དང་། འཛད་སྤྱོད་ལས་ཚབ་ཀྱིས་བསྡུ་ལེན་ཕྱོགས་ཀྱི་འཕྲིན་ཡིག་ཞབས་ཞུ་ཆས་ལས་འཕྲིན་ཡིག་ཀློག་འདོན་བྱེད་དུས་སྔ་མ་སྟེ་འཕྲིན་ཡིག་ཕབས་ཀློག་གྲོས་མཐུན་སྤྱོད་པ་ཡིན།

4 འགུལ་རྣམ་གཙོ་འཁོར་སྡེབ་སྒྲིག་གྲོས་མཐུནDHCP

གྲོས་མཐུན་མཉེན་ཆས་གང་ཞིག་རྩིས་འཁོར་སྤྱི་ལ་འཚམས་པ་དང་རྩིས་འཁོར་བར་དུ་སྤོར་སྤྱོད་ཡོང་བའི་ཆེད་དུ། རྩོམ་སྒྲིག་པས་ཞིབ་ཚགས་ཡོད་ཚད་གྲོས་མཐུན་གྱི་མཉེན་ཆས་ཀྱི་གདོད་མའི་ཚབ་རྟགས་སུ་འབྲི་བ་མིན་པར། མཉེན་ཆས་དེ་ཉིད་ཞུགས་གྲངས་ཅན་དུ་བརྩམས་ཏེ་རྩིས་འཁོར་མང་པོའི་སྟེང་དུ་འཁོར་བསྐྱོད་བྱེད་དུ་འཇུག་པ་ཡིན། རྩིས་འཁོར་སོ་སོའི་སྟེང་གི་གྲོས་མཐུན་མཉེན་ཆས་ཀྱི་ཁྱད་པར་ནི་དེ་ཉིད་དུ་ཞུགས་པའི་གྲངས་ཀའི་ཁྱད་པར་ལས་ཕྱིར་མངོན་པ་ཡིན།

གྲོས་མཐུན་མཉེན་ཆས་ཀྱིས་ཞུགས་གྲངས་ལ་གྲངས་ཐང་སྦྱོར་བའི་ལས་འདིར་གྲོས་མཐུན་སྡེབ་སྒྲིག་ཅེས་ཟེར། གྲོས་མཐུན་མཉེན་ཆས་གང་ཡིན་རུང་སྡེབ་སྒྲིག་ཡང་དག་པ་བྱས་རྗེས་ད་གཟོད་འཁོར་བསྐྱོད་བྱེད་པ་ཡིན། སྡེབ་སྒྲིག་གི་བརྡ་འཕྲིན་ཅི་ཡིན་པ་གྲོས་མཐུན་གྱི་ཚོགས་པ་ལ་རག་ལས་ཡོད་དེ། དཔེར་ན། དབྱིན་ཐེ་དྲ་རྒྱར་སྦྲེལ་འཇུག་བྱེད་པའི་རྩིས་འཁོར་གྱི་གྲོས་མཐུན་མཉེན་ཆས་སུ་སྡེབ་སྒྲིག་བྱེད་དགོས་པ་ལས་ནི།

(1)IPཤག་གནས།

(2)དྲ་ལག་འགེབ་རྟགས།

(3)སོར་བཞག་ལམ་སྟོན་ཆས་ཀྱིIPཤག་གནས།

(4)བཏགས་མིང་ཞབས་ཞུ་ཆས་ཀྱིIPཤག་གནས།

བརྡ་འཕྲིན་འདི་དག་སྡེབ་སྒྲིག་ཡིག་ཚགས་ཤིག་ཏུ་ཉར་གསོག་བྱས་ཏེ། རྩིས་འཁོར་ལ་སྣེ་ཁྲིད་པའི་གོ་རིམ་དུ་ཡིག་ཚགས་དེ་ཉིད་ཉར་ལེན་བྱེད་པ་ཡིན།

སྡེར་མེད་རྩིས་འཁོར་དུ། ལས་བྱེད་མ་ལག་དང་དྲ་སྦྲེལ་མཉེན་ཆས་ནི་རྩིས་འཁོར་གྱིROMདུ་ཉར་གསོག་བྱས་ཆོག་མོད། འོན་ཀྱང་བཟོ་གྲྭསIPཤག་གནས་སོགས་ཀྱི་བརྡ་འཕྲིན་མི་ཤེས་པས། འདི་དགROMརུ་ཉར་གསོག་བྱེད་ཐབས་མེད།

གཞན། རྩིས་འཁོར་གྱི་དྲ་རྒྱ་ཤག་གནས་ལ་འགྱུར་ལྡོག་ཆེ་བས། མི་སྒེར་གྱིས་གྲོས་མཐུན་སྡེབ་སྒྲིག་བྱེད་པ་ནི་སྟབས་བདེ་མིན་ལ། ནོར་འཁྲུལ་ཡང་འབྱུང་སླ་བས། རང་འགུལ་གྱིས་གྲོས་མཐུན་སྡེབ་སྒྲིག་བྱེད་པའི་ཐབས་ལམ་ལག་ལེན་བྱེད་དགོས།

དབྱིན་ཐེ་དྲ་རྒྱས་དང་ཐོག་བེད་སྤྱོད་བྱས་པའི་སྣེ་ཁྲིད་བྱ་རིམ་གྲོས་མཐུནBOOTPཞེས་པ་ནི་མིས་སྡེབ་སྒྲིག་བྱེད་དགོས་པས་དར་ཁྱབ་མ་བྱུང་། མིག་སྔར་བཀོལ་སྤྱོད་བྱེད་པ་ནི་འགུལ་རྣམ་གཙོ་འཁོར་སྡེབ་སྒྲིག་གྲོས་མཐུནDHCPསྟེ་འཕྲལ་འཛུད་འཕྲལ་སྤྱོད་ཀྱི་དྲ་སྦྲེལ་སྒྲིག་གཞི་ཞིག་ཡིན་པས། རྩིས་འཁོར་ཞིག་དྲ་རྒྱ་གསར་བ་ཞིག་ཏུ་སྦྲེལ་བ་ནIPཤག་གནས་འཛིན་པ་སོགས་ལ་མིས་བཀོད་སྒྲིག་བྱེད་མི་དགོས།

DHCPནི་བདག་མགྲོན་མཉེན་ཆས་ཉེར་སྤྱོད་བྱེད་པའི་རྩིས་འཁོར་ཐམས་ཅད་ལ་བཀོལ་ཆོག་ཅིང་། ཞབས་ཞུ་ཆས་ཀྱི་མཉེན་ཆས་ཉེར་སྤྱོད་བྱེད་པ་དང་ས་གནས་འགྱུར་བ་མེད་པའི་རྩིས་འཁོར་ལ་རྟག་བརྟན་གྱིIPཤག་གནས་ཞིག་མངགས་སྦྱིན་བྱེད་པ་ཡིན།

IPཤག་གནས་མེད་པའི་གཙོ་འཁོར་ཞིག་གིས་ལས་མགོ་སློང་དུས། DHCPཞབས་ཞུ་ཆས་སུ་གསར་རྙེད་ཡིག་ཚགས་ཤིག(དམིགས་བྱའིIPཤག་གནས་དུ255.255.255.255བཞག་ཡོད་ཅིང་རང་ཉིད་ཀྱིIPཤག་གནས་ལ0.0.0.0འཇོག་པ་ཡིན)རྒྱང་བསྒྲགས་རྣམ་པས་སྐྱེལ་གཏོང་བྱས་ཏེ་ཞབས་ཞུ་ཆས་དེའི་ས་གནས་གང་ཡིན་པ་རྟོགས་ཐབས་བྱ་དགོས། སྐབས་དེར་གཙོ་འཁོར་རང་ཉིད་ནིDHCPཡི་མགྲོན་པོར་གྱུར་ཡོད། གཞི་གྲངས་ཡིག་ཚགས་དེ་ཉིད་དྲ་རྒྱ་རུ་ཡོད་པའི་གཙོ་འཁོར་ཐམས་ཅད་དུ་འབྱོར་མོད། DHCPཞབས་ཞུ་ཆས་ཁོ་ནས་དེར་ལན་འདེབས་པ་ཡིན། DHCPཡིས་ཐོག་མར་རང་ཉིད་ཀྱི་གཞི་གྲངས་མཛོད་ལས་རྩིས་འཁོར་དེའི་སྡེབ་སྒྲིག་བརྡ་འཕྲིན་འཚོལ་བ་ཡིན། གལ་ཏེ་བརྡ་འཕྲིན་རྙེད་བྱུང་ན། རྙེད་པའི་བརྡ་འཕྲིན་དེ་གཞི་གྲངས་ཡིག་ཚགས་ཀྱི་ལན་དུ་འདེབས་པ་ཡིན་ལ། གལ་ཏེ་གཞི་གྲངས་མཛོད་དུ་རྩིས་འཁོར་དེའི་བརྡ་འཕྲིན་ཅི་ཡང་མེད་ཚེ། ཞབས་ཞུ་ཆས་ཀྱིIPགནས་རྫིང་ལས་གནས་ཡུལ་ཞིག་བཏོན་སྟེ་རྩིས་འཁོར་དེ་ཉིད་ལ་སྦྱིན་པ་ཡིན།

དྲ་རྒྱ་རེ་ལDHCPརེ་བཀོད་སྒྲིག་བྱས་ན་ཁ་གྲངས་མང་དྲག་པས། མིག་སྔར་དྲ་རྒྱ་ཞིག་ཏུ་ཆེས་ཆུང་ཡངDHCPབར་སྡོད་ལས་ཚབ་ཅིག་བཞག་སྟེ་དེའི་སྟེངIPབརྡ་འཕྲིན་སྡེབ་སྒྲིག་བྱས་ཡོད། བར་སྡོད་ལས་ཚབ་ཏུ་གཙོ་འཁོརAཡི་རྒྱང་བསྒྲགས་གསར་རྙེད་གཞི་གྲངས་ཡིག་ཚགས་འབྱོར་བ་ན། དེས་ཕྱོགས་གཅིག་རྣམ་པསDHCPཞབས་ཞུ་ཆས་ལ་བརྒྱུད་སྤྲོད་བྱེད་ཅིང་། ཞབས་ཞུ་ཆས་ལས་ཐོན་པའི་གཞི་གྲངས་ཡིག་ཚགས་ཀྱང་བར་སྡོད་ལས་ཚབ་ཀྱིས་གཙོ་འཁོར་དེ་ཉིད་ལ་བརྒྱུད་སྤྲོད་བྱེད་པ་དཔེ་རིས1-7ཡིས་མཚོན་ཡོད།

7.jpg

དཔེ་རིས1-7 DHCPབར་སྡོད་ལས་ཚབ།

DHCPཞབས་ཞུ་ཆས་ཀྱིས་མགྲོན་ཕྱོགས་གཙོ་འཁོར་ལ་མངགས་སྦྱིན་བྱས་པའིIPཤག་གནས་ནི་གནས་སྐབས་ཙམ་ཡིན་པས། དུས་ཡུན་ངེས་ཅན་ཞིག་ཏུ་མ་གཏོགས་བེད་སྤྱོད་བྱེད་མི་ཐུབ། DHCPགྲོས་མཐུན་དུ་དུས་ཡུན་དེ་ལ་བོགས་གཏོང་དུས་ཡུན་ཟེར་ཞིང་། དུས་ཡུན་གྱི་ཚད་ནིDHCPཞབས་ཞུ་ཆས་རང་ཉིད་ཀྱིས་ཐག་གཅོད་བྱེད་པ་རེད། དཔེར་ན། སློབ་གྲྭའིDHCPཡིས་བོགས་གཏོང་དུས་ཡུན་གྱི་ཚད་ལ་ཆུ་ཚོད1བྱས་ཆོག བོགས་གཏོང་དུས་ཡུན་ནི་ཡིག་ཚིགས4ཡི་གཉིས་གོང་འགྲིལ་ལུགས་ཀྱི་གྲངས་ཀས་མཚོན་ཞིང་། རྩིས་གཞི་ནི་སྐར་ཆ་རེད། དུས་ཡུན་གྱི་ཚད་ནི་སྐར་ཆ1ནས་ལོ136གི་བར་ཡིན། DHCPམགྲོན་ཕྱོགས་གཙོ་འཁོར་གྱིས་རང་གི་གཞི་གྲངས་ཡིག་ཚགས་སུ་བོགས་གཏོང་དུས་ཡུན་ལ་རེ་བ་བཏོན་ཆོག


བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་རྒྱ། གཞན་དག།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-28

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།