ར་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ར་ལོ་ནི་ཚེ་རིང་དོན་གྲུབ་ཀྱིས་བརྩམས་པའི་སྒྲུང་གཏམ《ར་ལོ》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་། ཁོ་བོ་ནི་ཆུང་དུས་ནས་ཕ་མའི་གཉོར་སྐྱོང་དང་བྲལ་བའི་དྭ་ཕྲུག་ལྡོམ་པོ་ཞིག་ཡིན། ལྡོམ་པོའི་འཚོ་བའི་ཁྲོད་ནས་ཁོ་ལའང་སློབ་གྲྭར་བསྐྱལ་བ། མག་པར་བསྡད་པ། མནའ་མ་བླངས་པ། གྲྭ་བ་བྱས་པ་སོགས་འཚོ་བའི་རེ་བ་གསར་བ་ཐེངས་མང་བོ་བྱུང་མྱོང་། འོན་ཀྱང་ཁོ་ནི་འཚོ་བའི་དམིགས་ཡུལ་མི་གསལ་ཞིང་འདང་རྒྱག་མི་ཤེས་པ། དངོས་ཡོད་ཀྱི་གཞི་དེ་ནས་རྩ་བ་བརྟན་པོར་ཚུགས་མི་ཐུབ་པ། གཏིང་ཟབ་ས་དང་རྒྱ་ཆེ་སར་ཕྱིན་ནས་འཚོ་བ་ལ་དོན་སྙིང་ལེན་མི་ཕོད་པའི་མི་དྲ་ང་དྲང་ངེ་། གླ་ན་གླེན་ནེ། ལྡ་ང་ལྡང་ངེ་ཞིག་ཡིན་པས། ས་གར་སོང་ས་ནས་རང་སྡུག་རང་གིས་ཉོས་ནས་སྡོད་པ་ཞིག་ཡིན། ཁོ་ནི་ང་ཚོས་སྙིང་རྗེ་བའི་དུས་མཚུངས་སུ་ཁོང་ཁྲོའང་སྐྱེ་བར་འགྱུར་ལ། ཁོང་ཁྲོ་སྐྱེ་བའི་དུས་མཚུངས་སུ་སྙིང་རྗེའང་སྐྱེ་བར་འགྱུར་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

མིང་གཞན།
ཆོས་དབྱིངས་གྲགས་པ།
རྩོམ་ཁུངས།
《ར་ལོ》
རྩོམ་པ་པོ།
ཚེ་རིང་དོན་གྲུབ།
1 ངོ་སྤྲོད།

ར་ལོ་ནི་ཚེ་རིང་དོན་གྲུབ་ཀྱིས་བརྩམས་པའི་སྒྲུང་གཏམ《ར་ལོ》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་།  ཁོ་བོ་ནི་ཆུང་དུས་ནས་ཕ་མའི་གཉོར་སྐྱོང་དང་བྲལ་བའི་དྭ་ཕྲུག་ལྡོམ་པོ་ཞིག་ཡིན།  ལྡོམ་པོའི་འཚོ་བའི་ཁྲོད་ནས་ཁོ་ལའང་སློབ་གྲྭར་བསྐྱལ་བ།  མག་པར་བསྡད་པ།  མནའ་མ་བླངས་པ།   གྲྭ་བ་བྱས་པ་སོགས་འཚོ་བའི་རེ་བ་གསར་བ་ཐེངས་མང་བོ་བྱུང་མྱོང་།  འོན་ཀྱང་ཁོ་ནི་འཚོ་བའི་དམིགས་ཡུལ་མི་གསལ་ཞིང་འདང་རྒྱག་མི་ཤེས་པ།  དངོས་ཡོད་ཀྱི་གཞི་དེ་ནས་རྩ་བ་བརྟན་པོར་ཚུགས་མི་ཐུབ་པ།  གཏིང་ཟབ་ས་དང་རྒྱ་ཆེ་སར་ཕྱིན་ནས་འཚོ་བ་ལ་དོན་སྙིང་ལེན་མི་ཕོད་པའི་མི་དྲ་ང་དྲང་ངེ་།  གླ་ན་གླེན་ནེ།  ལྡ་ང་ལྡང་ངེ་ཞིག་ཡིན་པས།   ས་གར་སོང་ས་ནས་རང་སྡུག་རང་གིས་ཉོས་ནས་སྡོད་པ་ཞིག་ཡིན།  ཁོ་ནི་ང་ཚོས་སྙིང་རྗེ་བའི་དུས་མཚུངས་སུ་ཁོང་ཁྲོའང་སྐྱེ་བར་འགྱུར་ལ།   ཁོང་ཁྲོ་སྐྱེ་བའི་དུས་མཚུངས་སུ་སྙིང་རྗེའང་སྐྱེ་བར་འགྱུར་བ་ཞིག་ཡིན

2 འབྲེལ་ཡོད་གཏམ་རྒྱུད།

ར་ལོ་མི་ཡུལ་འདིར་སྐྱེས་པ་ནས་བཟུང་ཨ་མ་མ་གཏོགས་གཉེན་ཉེ་ཟེར་བ་ཞིག་ཐོས་མ་མྱོང་།  སྡེ་བའི་ནང་གི་སྐྱེས་པ་མ་རབས་ལ་ལས་ཁོ་ལ“ཁྱོད་ཀྱི་ཨ་ཕ་སུ་ཡིན”ཞེས་ཀུ་རེའི་ཚུལ་གྱིས་འདྲི་བར་བྱེད།   དེ་ནི་ར་ལོར་མཚོན་ན་ངེས་པར་དུ་ཨ་མར་འདྲི་དགོས་པའི་དོན་ཞིག་ཡིན་པས།   “ཨ་མ།  ངའི་ཨ་ཕ་སུ་རེད”ཅེས་བྲིས།   ཨ་མས“རྗེས་སུ་ཨ་ཕ་ཞེས་པ་གཏན་ནས་གླེང་མི་ཆོག”ཟེར་ནས་ཁོ་ལ་འགྲམ་ལྕག་གཅིག་གཞུས་པ་དང་མཉམ་དུ་ཁོ་རང་ཚུར་འཐེན་ནས་རང་གི་བྲང་ཁར་སྦྱོར་བར་བྱེད།   རྗེས་སུ་སྐྱེས་པ་ཞིག་ཁོ་ཚང་ལ་ཡོང་ནས་དུས་ཡུན་རིང་བོར་བསྡད་པ་དང་།  ཨ་མས་ཡང་བྱམས་བརྩེའི་ངང་ནས“ར་ལོ།   ངའི་གཅེས་ཕྲུག   མི་འདི་ཁྱོད་ཀྱི་ཨ་ཕ་རེད”ཟེར།   འོན་ཀྱང་མི་དེ་བྱིས་པ་གཞན་དག་གི་ཨ་ཕ་དང་མི་འདྲ་བར་ར་ལོ་ལ་ཀ་ར་གཅིག་ཀྱང་ཉོས་མ་མྱོང་ལ་འོ་ཞིག་ཀྱང་མི་བྱེད་པར་མ་ཟད།  ནམ་རྒྱུན་ལས་ཀ་ལས་དུས“མི་ཞིག་ཡོད་ན་ཁྱི་ཞིག་གི་ཡན་རེད”ཅེས་པའི་སྐད་ཆ་བཤད་པ་ཡིན།   ཐེངས་ཤིག་ལ་གཡག་ལ་ཁལ་འགེལ་བཞིན་པའི་སྐབས་སུ་ར་ལོས་གཡག་དེ་འཛིན་མ་ནུས་པར་ཤོར་དུ་བཅུག་པ་དང་།  གཡག་རྒོད་དེ་གདོན་ཞུགས་པ་ལྟར་བང་གིས་བརྒྱུགས་ནས་རྒྱབ་ཀྱི་སྒ་ཡང་དབོ་ཞབས་ལ་ལྷུང་སྟེ་རྨིག་པས་བརྫིས་པས་དངོས་པོ་རྣམས་ལེན་རྒྱུ་མེད་པར་བཟོས།   ཁོའི་ཕ་ཡར་གྱིས་དོན་དེ་ལ་ཁ་གཡར་ནས་ར་ལོར་འགྲམ་ལྕག་གཉིས་གཞུས་པ་དང་།   ཁོའི་ཨ་མས་ར་ལོ་སྲུང་སྐྱོབ་བྱ་ཆེད་ཕ་ཡར་དང་འཁོན་ཏེ་ཕ་ཡར་ཁྱིམ་ཚང་འདི་ལས་འགྲོ་རུ་བཅུག་མོད། འོན་ཀྱང་ར་ལོས་ཕ་ཡར་འགོག་རྩིས་བྱས་པ་ན།  ཨ་མས་ཁོ་ལ་འགྲམ་ལྕག་གཅིག་དང་མཉམ་དུ་ར་ལོ་བྲང་ཁར་སྦྱར་ནས་མ་བུ་གཉིས་ཀ་ངུས།

རྗེས་སུ་ར་ལོའི་ཨ་མ་ཚེ་ལས་འདས་པ་དང་།   ར་ལོའི་ཨ་མ་ཤི་བའི་ལོ་དེའི་དབྱར་ཁར།  སྡེ་བའི་ནང་གི་མི་བསམ་ཤེས་འགས་གྲོས་བྱས་ནས་ར་ལོ་ཡུལ་ཚོའི་སློབ་ཆུང་ནང་ལ་བསྐྱལ་ཡོང་བ་རེད།  དང་ཐོག་ར་ལོ་སློབ་སྦྱོང་ལ་ཤིན་ཏུ་བཟང་བས་དགེ་རྒན་གྱིས“ཚང་མས་ར་ལོར་སློབ་སྦྱོང་བྱོས”ཟེར་བ་དང་།  ཅུང་ཙམ་འགོར་རྗེས།  ར་ལོ་ནི་རྒྱུན་པར་སྣབས་ལུག་པས་གཙང་སྦྲ་མི་བཟང་བ་དང་།  དུ་བ་འཐེན་པས་སྒྲིག་ལམ་ལ་མི་བཟང་།  སློབ་གྲོགས་ཚང་མས་ཀ་མད་སུམ་ཅུ་འབྲི་ཤེས་དུས་ཁོས་ད་དུང“ཀ”གཅིག་པོའང་འབྲི་མི་ཤེས་པས།  དགེ་རྒན་གྱིས“ཚང་མས་ར་ལོར་སློབ་སྦྱོང་བྱེད་མི་རུང”ཟེར་ལ།  ཁོ་རང་འཛིན་གྲྭའང་འཕར་དུ་མ་བཅུག   ར་ལོ་ཡུལ་ལ་འགྲོ་ས་མེད་པས་དབྱར་དགུན་སྐབས་སུ་སློབ་གྲྭ་རུ་མི་སྡེད་ག་མེད་བྱུང་ལ།  རྒྱུན་པར་སློབ་འགོ་ཕྱིར་མ་འཚོགས་གོང་ནས་ར་ལོ་སློབ་གྲྭར་སླེབས་ཡོང་བ་དང་།  ཡུལ་ལ་གནང་བ་ཐེངས་གཅིག་ཀྱང་ཞུས་མ་མྱོང་བའི་ཐད་ཚང་མས་ར་ལོར་སློབ་སྦྱོང་བྱས་ན་འགྲིག   དུས་ཚོད་ཅི་ཙམ་འགོར་ཀྱང་།  ར་ལོ་སྔར་བཞིན་ལོ་རིམ་དང་པོ་ན་བསྡད་ཡོད་པ་དང་།  སློབ་གྲོགས་གཞན་ཚང་མ་སློབ་ཆུང་ནས་མཐར་ཕྱིར་ཏེ་རྫོང་མི་རིགས་སློབ་འབྲིང་ནང་དུ་ཞུགས།  ར་ལོས་ཀ་མད་སུམ་ཅུ་འབྲི་མི་ཤེས་ནའང་སློབ་ཆུང་དེའི་ནང་གི་དགེ་རྒན་ཕལ་ཆེར་ལས་ཀྱང་ལོ་ཆེ་བས་ཁོ་རང་ངོ་མ་སློབ་གྲྭའི་ནང་ནས་འཇོག་ཐབས་མེད་པས་ཕྱིར་མི་གཏོང་ཀ་མེད་བྱུང་། 

ར་ལོ་ལ་ཁྱིམ་དང་གཉེན་ཉེ་མེད་པས་ཁོ་རང་གང་འདོད་དུ་འཁྱམ་པ་ལས་ཐབས་ཅི་ཡོད།  ར་ལོ་དང་ཐོག་སུ་ཚང་ལ་སླེབས་ནའང་རང་འགུལ་གྱིས་དེ་ཚང་ནས་ལས་ཀ་ལས་པ་དང་ཟོག་འཚོ་རུ་འགྲོ་བས་ཁོའི་ལྟོ་བར་འདང་རྒྱག་མེད་པར་གྱུར།  སྐབས་ཤིག་ལ་ཁྱིམ་ཚང་ཞིག་གིས་ར་ལོ་ཟོག་རྫི་བཟང་བོ་ཞིག་ཡིན་པ་དང་།  ཁོ་རང་མག་པར་བཞག་ན་གཉེན་རྟགས་ཀྱང་སྟེར་མི་དགོས་བསམ་ནས་ར་ལོ་མག་པ་བཞག་ཡང་།   ཡ་མཚན་པ་ཞིག་ལ་ར་ལོ་གདོན་གྱིས་བསླུས་པ་ལྟར“ང་རང་ཁྱོད་ཚང་གི་མག་པ་ཡིན་པ་ལས་གཡོག་པོ་མིན”ཟེར་ནས་ལས་ཀ་ཅི་ཡང་མི་ལས་ཤིང་ཟོག་རྫི་ལའང་མི་འགྲོ།  དེ་ལྟར་ཨ་ཞང་ཚང་གིས་ར་ལོ་ལ་གསང་ནས་བུ་མོ་ལ་མག་པ་གཞན་ཞིག་བཙལ་བ་དང་།   ར་ལོ་ཁོང་ཁྲོ་ལངས་ནས་དོན་དག་བཟོ་རྩིས་བྱས་པས།  སྐུད་པོས་ར་ལོའི་རལ་བ་ནས་བཟུང་སྟེ་གཡུག་སྐོར་ཞིག་བྱས་པ་ན་ར་ལོ་གན་རྐྱལ་དུ་འགྱེལ་བ་དང་རལ་བ་རྩ་ནས་བལ།   ར་ལོས“ཨ་ཧོ།   ངའི་རལ་བ་གཡག་རིན་དེ་ཨང……”ཟེར་ཞོར་ཡར་ལངས་ནས་བྲོས་སོང་།

ར་ལོ་སྡེ་བ་མང་བོ་ཞིག་བརྒྱུད་པ་དང་ཁྱིམ་ཚང་མང་བོ་ཞིག་ནས་མི་རྐྱང་དུ་བསྡད།  དང་ཐོག་ཁོ་རང་སུ་ཚང་ལ་སླེབས་ནའང་རང་འགུལ་གྱིས་ལས་ཀ་ལས་པ་དང་ཟོག་འཚོ་རུ་འགྲོ།  འོན་ཀྱང་ཕོ་བ་བགྲངས་རྗེས་རིམ་བཞིན་ལས་ཀ་མི་ལས་བ་སོགས་བྱ་བས་ཁྱིམ་ཚང་ལ་ལས་ཁོ་ལ“སོང”ཟེར་ནས་དེད་པ་དང་།  ལ་ལའི་ཁྱིམ་ནས་ཁོ་རང་རང་འགུལ་གྱིས་བུད་འགྲོ།

ཉིན་ཞིག་ར་ལོ་དགོན་པ་ཞིག་གི་ནང་ལ་སླེབས་ཤིང་།  ཁོས་གྲྭ་བ་ཞིག་བྱས་ནས་ཨ་མའི་རྗེས་སུ་ཆོས་རེ་བཏོན་ནའང་མི་བཟང་རྒྱུ་མེད་སྙམ་ནས་སྐྱ་ལྭ་ཕུད་ནས་གྲྭ་ལྭ་གྱོན།  ཆོས་མིང་ལ“ཆོས་དབྱིངས་གྲགས་པ”ཞེས་བཏགས།

ཆོས་དབྱིངས་གྲགས་པ་ཚོགས་ལ་ཐེངས་གཅིག་ཀྱང་ཆད་མ་མྱོང་བ་དང་།  སྐྱབས་འགྲོ་སོགས་ཐོག་མའི་འདོན་པ་རྣམས་ཀྱང་ཚང་མའི་སྔོན་ལ་བློར་ཟིན་པས།   དགེ་བསྐོས་ཀྱིས་ཁོ་ལ་བསྟོད་བསྔགས་ཡང་ཡང་བྱས།  འོན་ཀྱང་ཆོས་དབྱིངས་གྲགས་པས་རིམ་བཞིན་གློག་བརྙན་ལ་ལྟ་བ་དང་དུ་བ་འཐེན་པ།  ཝུ་ཆང་འཐུང་བ་སོགས་བྱེད་ལ།  དེ་བས་ཀྱང་ཚབས་ཆེ་བ་ཞིག་ལ་ཆོས་དབྱིངས་གྲགས་པས་ཕ་གིའི་སྡེ་བ་དེའི་ནང་གི་བུ་མོ་ཞིག་གི་ཆེད་དུ་གྲྭ་ལྭ་ཕུད།  

དགོན་པ་ནས་ཕ་གིའི་སྡེ་བ་དེར་སོང་ནས་ཆོས་དབྱིངས་གྲགས་པ་བུད་མེད་ཞིག་ལ་འཕྲད་པ་དང་།  ཁོ་གཉིས་ཀྱིས་ལབ་གླེང་མང་པོ་བརྒྱུད་ནས་ཕན་ཚུན་ལ་མོས་པ་སྐྱེས་ཏེ་མཉམ་དུ་འཚོ་བ་རོལ་རྒྱུར་གྲོས་ཁ་བྱུང་མོད།  འོན་ཀྱང་ཆོས་དབྱིངས་གྲགས་པ་སྡེ་བ་དེ་རུ་སྡོད་ཐབས་མེད་པ་ཤེས་ཏེ་ཁོ་གཉིས་ཀྱིས་མཁོ་གལ་ཆེ་བའི་དངོས་རྫས་ཡོད་ཚད་ཁུར་ཏེ་ཆོས་དབྱིངས་གྲགས་པའི་ཡུལ་ཕྱོགས་སུ་སོང་།  

ཁོ་གཉིས་སྡེ་བའི་ནང་དུ་ཐོན་པ་ན་ཚང་མས་ཡང་བསྐྱར་ཆོས་དབྱིངས་གྲགས་པ་ལ་ར་ལོ་ཞེས་བོས་ཤིང་།   ཁོ་གཉིས་ཀྱིས་སྡེ་བའི་མཛོད་ཁང་ནང་ན་ཉར་ཚགས་བྱས་ཡོད་པའི་སྦྲ་དང་ཅ་ལག་འགའ་བོ་བླངས་པ་དང་།   འབྲོག་དམངས་ཨུ་ཡོན་ལྷན་ཁང་གིས་ཁོ་ལ་སྒོར་མོ་འགས་དཀའ་ཚེགས་བསལ་བ་མ་ཟད་ཕྱུགས་ཀྱི་གན་རྒྱའང་བྱིན།  དང་ཐོག་ར་ལོས་འབད་བརྩོན་བྱས་ནས་དུད་ཁྱིམ་ཞིག་གི་ཚུགས་ཀ་མངོན་བཞིན་ཡོད་ནའང་ར་ལོའི་རྒྱབ་མ་འཁྱག   ཕོ་མ་ལྟོགས་པས་རིམ་བཞིན་ཁོའི་ལེ་ལོ་སྒྱིད་ལུག་གི་མྱུ་གུ་སླར་ཡང་འབུས་ནས་ཕྱུགས་མི་འཚོ་བ་དང་ལས་ཀ་མི་ལས་པ།   རྫོང་མཁར་ལ་འཁྱམས་ནས་བསྡད་པས་གན་རྒྱའི་ཕྱུགས་ཟོག་ཚར་བ་དང་ཆུང་མ་ཡང་ཁོ་ལ་ཡིད་ཆད་ནས་བསོད་ནམས་དར་རྒྱས་དང་གཉེན་སྒྲིག་གི་དཔང་ཡིག་བླངས།   ཁོས་བསོད་ནམས་དར་རྒྱས་ཀྱིས་ཁོའི་ཆུང་མ་འཕྲོག་སོང་སྙམ་ནས་ཁྲིམས་ཁང་ལ་གཏུག་མོད།  འོན་ཀྱང་བསོད་ནམས་དར་རྒྱས་དང་ཁོའི་ཆུང་མ་གཉིས་བར་ལ་གཉེན་སྒྲིག་གི་དཔང་ཡིག་ཡོད་པས་ཁོས་ཁྲིམས་ཁ་ནས་ཕམ་ཁ་བླངས་བ་མ་ཟད།  གཉེན་སྒྲིག་གི་དཔང་ཡིག་ལེན་དགོས་པའི་གལ་ཆེའི་རང་བཞིན་གསལ་བོར་ཤེས་པ་དང་།  དང་ཐོག་གཉེན་སྒྲིག་དཔང་ཡིག་མ་བླངས་པར་འགྱོད་པ་གཏིང་ནས་སྐྱེས།

ར་ལོ་ཁྲིམས་ཁང་ནས་ཕྱིར་ཐོན་ཏེ་དམིགས་ཡུལ་མེད་པར་སྲང་ལམ་དུ་ཕར་འགྲོ་ཚུར་འགྲོ་བྱས་ཤིང་།  ཁོས་ནངས་ཟས་གུང་ཟས་གཅིག་ཀྱང་འཐུངས་མེད་པ་ཡིད་ལ་དྲན།   ཁོ་རང་ཟ་ཁང་ལ་སོང་ནས་ཟ་མ་བཟའ་འདོད་ཀྱང་ཁོ་ལ་སྒོར་མོ་གཅིག་ཀྱང་མེད་པས་ཐབས་ཟད།  སྐབས་དེར་ཁོས་རང་གི་བཞོན་པ་གན་རྒྱའི་ཕྱུགས་ཟོག་ནང་གི་གཡག་རྒན་དེ་ཡིད་ལ་དྲན་པ་དང་།  ལྟོ་བའི་དོན་དུ་གཡག་རྒན་དེ་སྒོར་བདུན་བརྒྱར་བཙོངས།  སྒོར་ལག་ཏུ་ཐོན་པ་ན་ཁོས་ཡང་བསྐྱར་ཝུ་ཆང་འཐུངས་བ་སོགས་ཀྱི་ལས་གཉེར་བ་དང་།  དགོང་མོ་དེར་ཁོ་རང་གཅིན་པ་ཞིག་བཏང་ནས་ཕྱིར་ཡོང་ཁར་ལྟོགས་སྐོམ་གྱིས་མནར་བའི་བུད་མེད་ཞིག་དང་འཕྲད་པ་དང་།   ཁོས་བུ་མོ་དེ་ཟ་མ་བཟའ་རུ་ཁྲིད།   ཁོས་བུ་མོ་དེ་ལ“འུ་གཉིས་ཀས་གཉེན་སྒྲིག་དཔང་ཡིག་ལེན་ཨང”ཞེས་པ་ན།  བུ་མོ་དེས་མོར་སྐྱེས་པ་ཡོད་ཚུལ་ཞུས་པ་དང་།  ཁོས་གཉེན་སྒྲིག་དཔང་ཡིག་བླངས་ཚེ་མོ་ཁྲིམས་མཐུན་གྱི་ཆུང་མར་འགྱུར་ངེས་ཚུལ་སོགས་བཤད།   ཡ་མཚན་པ་ཞིག་ལ་བུ་མོ་དེ་ཡང་འཐད་པ་བྱུང་བ་དང་།   ཁོ་གཉིས་ཀྱིས་གཉེན་སྒྲིག་གི་དཔང་ཡིག་བླངས་པ་ནས་བཟུང་།  ར་ལོས་རང་གི་སྒྱིད་ལུག་གི་སྤྱོད་ངན་བསྒྱུར་ཏེ་ཡིད་སེམས་དྲང་བའི་བུ་མོ་འདི་དང་མཉམ་དུ་འཚོ་བ་རོལ་རྒྱུའི་སེམས་ཐག་བཅད་ནས་ཨ་ལགས་ཤིག་གི་དྲུང་ནས་ཆང་ཡང་བཅད་པ་རེད།   ཁོ་གཉིས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་སོང་བ་དང་ར་ལོའི་ཨ་མའི་དུས་ཀྱི་སྦྲ་རྙིང་དེ་ད་ལྟ་ཨོང་བ་འགེབས་བྱེད་བྱས་ནས་ཁོ་གཉིས་སྦྲ་སོ་མ་ཞིག་གི་ནང་དུ་སྐྱིད་པའི་འཚོ་བ་རོལ་བཞིན་འདུག

འོན་ཀྱང་བློ་ཡུལ་ལས་འདས་པ་ཞིག་ལ་ཉིན་ཞིག་སྤྱི་བདེ་མི་སྣ་གཉིས་ཡོང་ནས་ར་ལོ་བཟའ་ཟླ་གཉིས་རྗོང་ཐོག་ཏུ་ཁྲིད་པ་དང་།  ཁྲིམས་ཁང་གིས་བུ་མོ་དེས་གཉེན་རྩེག་སྒྲིག་གི་ཉེས་པ་བསགས་ཡོད་པས་དུས་བཅད་བཙོན་འཇུག་ཟླ་དྲུག་ལ་བྱེད་རྒྱུའི་ཐག་བཅད།  ར་ལོའི་མིག་ཆུ་སྣབས་དང་འདྲེས་ཤིང་སྣབས་མ་ནེའི་སྟེང་ལ་ལུག་ཡོང་།  འོན་ཀྱང་བུ་མོ་དེ་ར་ལོའི་གམ་ནས་འགྲོ་ཞོར་དུ“ར་ལོ།  སེམས་མ་ཕམ།  ཟླ་དྲུག་འཁོར་རྒྱུ་སླ་མོ་རེད།   ང་ནམ་ཡང་ཁྱོད་ཀྱི་ཡིན”ཟེར།

ཇི་འདྲའི་གཡོ་ཟོལ་བྲལ་ཞིང་བྱམས་བརྩེ་ལྡན་པའི་ཚིག་ཅིག་རེད་ཨང་།  ཚིག་འདིས་ར་ལོར་སྔོན་ལ་ཡོད་མ་མྱོང་བའི་སྤོབས་པ་ཞིག་དང་རེ་ལྟོས་ཤིག་སྦྱིན་བྱུང་བས་ཁོས་སྣབས་དང་མིག་ཆུ་གཙང་མར་ཕྱིས་ནས་ཡར་དགྱེས་ཏེ“ཁྱོད་ཀྱིས་སེམས་བདེ་མོ་བྱོས།  ངས་ཁྱོད་ལ་བསྒུགས་ནས་འདུག”ཟེར།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-19

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།