རོམ་གྲོང་གི་གུང་གསེང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རོམ་གྲོང་གི་གུང་གསེང་།
《རོམ་གྲོང་གི་གུང་གསེང》ནི1953ལོར་ཨ་རིའི་ཕའེ་རཱ་མིན་ཀུང་ཟིས་ཕབ་བསྐྲུན་བྱས་པའི་དུངས་བརྗོད་གློག་བརྙན་ཞིག་ཡིན་ཏེ། འདིའི་ཁྲོད་ཡོ་རོབ་གླིང་གི་རྒྱལ་ཁབ་ག་གེ་མོའི་སྲས་མོ་ཞིག་དང་ཨ་རིའི་གསར་འགོད་པ་ཞིག་དབྱི་ཐ་ལིའི་རོ་མ་ནས་ཉིན་གཅིག་གི་རིང་བྱུང་བའི་གཏམ་རྒྱུད་བརྗོད་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
རོམ་གྲོང་གི་གུང་གསེང་།
མ་བརྙན་མིང་།
Roman Holiday
རྒྱ་འགྱུར་མིང་།
罗马假日
རྒྱལ་ཁབ།
ཨ་རི།
སྐད་རིགས།
དབྱིན་སྐད། དབྱི་ཐ་ལིའི་སྐད།
འཁྲབ་ཁྲིད་པ།
ཝེ་ལན•ཧུད་ལེ།(William Wyler)
གཙོ་འཁྲབ་པ།
ཨའོ་ཏས་ལི•ཧ་པན། (Audrey Hepburn)ཀེ་ལི་ཀའོ་ལི•ཕའེ་ཁེ(Gregory Peck)སོགས།
འགྲེམ་དུས།
1953-8-27
ཡུན་ཚད།
སྐར་མ118།
བརྙན་རིགས།
བརྩེ་དུང།
བྱ་དགའ་གཙོ་བོ།
སྐབས26པའི་ཨའོ་ཟི་ཁཱའི་གློག་བརྙན་མཆོག་གྱུར་གྱི་འོས་མིང་དུ་བདམས། སྐབས7པའི་དབྱིན་ཇིའི་གློག་བརྙན་དང་བརྙན་འཕྲིན་སྒྱུ་རྩལ་སློབ་གླིང་གི་བྱ་དགའི་ཁྲོད་གློག་བརྙན་མཆོག་གྱུར་གྱི་འོས་མིང་དུ་བདམས།
1 བྱུང་རིམ།

རྒྱལ་པོའི་སྲས་མོ་ཨན་ཉི(Princess Ann)ཉིད་རྒྱལ་གཞིས་འཛིན་མཁན་ཞིག་གི་ངོས་ནས་ཡོ་རོབ་ཀྱི་གྲོང་ཁྱེར་སོ་སོར་འཚམས་འདྲིར་ཕེབས་རྒྱུའི་གཏམ་དེ་གྲགས་མ་ཐག་ཏུ་གང་སར་གཡོ་འགུལ་ཆེན་པོ་ཐེབས། སྲས་མོ་ཨན་ཉི་ཡི་ཡོ་རོབ་ཕེབས་བསྐྱོད་ཀྱི་མཐའ་མའི་ས་དེ་ནི་རོ་མ(Roma)ཡིན། སྲས་མོ་ཨན་ཉི་ཡི་འདུན་པར་རོ་མའི་རྨད་དུ་བྱུང་བའི་མཛེས་ལྗོངས་དག་ལ་སྤྱན་གྱི་ལོངས་སྤྱོད་གྱ་ནོམ་པ་ཞིག་བྱུང་འདོད་ཀྱང་། ཁོ་མོའི་ཞབས་འབྲིང་བ་ཚོས་ཁོ་མོའི་རིགས་རྒྱུད་ཁྱད་འཕགས་ཅན་ཡིན་པའི་གནས་བབས་ཀྱིས་རྐྱེན་པས་འབངས་མགོ་ནག་དབུས་སུ་རང་གར་ཐོན་མི་ཉན་པར་དོགས་ནས་ཁོང་ལ་སྦྲིད་སྨན་བཏབ། སྲས་མོ་ཁོ་མོས་སྨན་ནུས་མ་ཐོན་གོང་དུ་གཉིད་ཁུལ་བྱས། ཞབས་འབྲིང་བ་དག་ཕྱིར་སོང་རྗེས་སུ་སྒེའུ་ཁུང་ནས་ཁ་ཁར་བྲོས། ཡིན་ཡང་། ཁྲོམ་དུ་མྱུག་ནས་ཡུན་རིང་མ་འགོར་བར་སྦྲིད་སྨན་གྱི་སྨན་ནུས་འཕེལ་སྟབས། སྲས་མོ་ཉིད་ཐང་ཆེན་གྱི་གྱེན་འཕྱུར་རྗིང་བུའི་གམ་གྱི་འདུག་སྟེགས་རིང་མོ་ཞིག་གི་སྟེང་བཟི་ཐོམ་ཐོམ་ངང་གཉིད་ལ་ཤོར།

དེ་དང་དུས་མཚུངས། ཨ་རིའི་གསར་འགྱུར་འགོད་ཁང་གི་གསར་འགོད་པ་ཇའོ.པུ་རའེ་ཏུ་ལེ(Joe Bradley)ཏག་ཏག་ལ་གནས་དེ་བརྒྱུད་ནས་འགྲོ་བཞིན་པའི་སྐབས། ཁོས་དེ་ནི་ར་བཟི་བའི་བུད་མེད་ཞིག་ཡིན་པར་སེམས་ནས་བོགས་གཏོང་རླངས་འཁོར་ཞིག་གླས་ནས་བཞུགས་གནས་སུ་སྐྱེལ་རྩིས་བྱས། ཡིན་ནའང་སྲས་མོ་ཨན་ཉི་གཉིད་ལྗིད་པོ་ཁུག་སྟབས། ཁོས་གཉིད་ལས་སློང་ཐབས་ཇི་ལྟར་བྱས་རུང་གཉིད་མ་སད་པས་འུ་ཐུག་ཐབས་ཟད་ངང་རང་གི་སྡོད་གནས་སུ་འཁྲིད་ཕྱིན་པ་དང་སྦྲགས། ཁོ་མོ་རང་གི་མལ་ཁྲིའི་སྟེང་དུ་བཞག་ན་མི་འཚམ་པར་དོགས་ནས་འབོལ་ཁྲི་སྟེང་དུ་ཉལ་ནས་བཞག

ཉིན་གཉིས་པའི་ཞོགས་པར། ཚགས་པར་སྟེང་གི་དམིགས་བསལ་བཀའ་བསྒྲགས་རིག་སྐབས་ཁོ་པས་རང་གིས་འཁྲིད་ཡོང་བ་དེ་ནི་རྒྱལ་པོའི་སྲས་མོ་ཨན་ཉི་མཆོག་ཡིན་པ་ཤེས་ཚོར་བྱུང་། དེས་ན་ཁོ་བོ་སྤྲོ་བས་མྱོས་ཏེ། ཆེད་དུ་རྒྱལ་པོའི་སྲས་མོའི་སྐོར་གྱི་གསང་རྣམ་འཕྲིན་གསར་ཞིག་དགོད་བསམ། སྲས་མོ་གཉིད་ལས་སད་དུས་ཆ་རྒྱུས་མེད་པའི་ཇའོ་རིག་ཚེ། ཁོ་བོས་འཕྲལ་མར་འགྲེལ་བཤད་བརྒྱབ་པས་སྲས་མོ་ཨན་ཉི་ད་གཟོད་བློ་བདེར་གནས། ཁོ་མོས་ཁོ་ལས་དངུལ་འགའ་ཞིག་གཡར་ནས་ཞལ་དགྱེས་ཞུས་ཏེ་རོ་མའི་ཁྲོམ་གཟིགས་སྐོར་བར་ཆས།

ཇའོ་ཡིས་འཕྲལ་དུ་རང་གི་གྲོགས་པོ་པར་ལེན་མཁན་ཨའུ་ཝེན་ལ་ཁ་པར་བརྒྱབ་ནས་ཁོ་ལ་གྲ་སྒྲིག་དགོས་པའི་བརྡ་བཏང་བ་དང་ཆབས་ཅིག རང་ཉིད་སྲས་མོ་ཨན་ཉི་ཡི་རྗེས་དེད་ནས། སི་པན་ཡའི་ཐང་ཆེན་དུ་ཁོ་མོ་དང་སྐབས་ཁེལ་བ་ལྟར་འཕྲད་མདོག་བསྟན། དེ་ནས་མི་འཇོན་འཇོན་ཚུལ་གྱིས་ཨན་ཉི་ཡི་སྣེ་ཤན་པ་བྱ་རྒྱུ་ཁས་བླངས་ནས། སྦག་སྦག་བཞོན་ཏེ་ཁོ་མོ་རོ་མའི་གྲོང་ཁྱེར་ལ་བསྐོར་བ་བྱས། ཨའུ་ཝེན་གྱིས་ཀྱང་རླངས་འཁོར་ཆུང་ཆུང་ཞིག་བསྐོར་ནས་ཁོ་གཉིས་ཀྱི་རྗེས་སྙེགས་ནས་རྙེད་པར་དཀའ་བའི་བརྙན་པར་མང་པོ་ཞིག་བླངས། ཡིན་ཀྱང་དེ་དག་ཐམས་ཅད་སྲས་མོ་ཨན་ཉི་ཡིས་གང་ཡང་བློ་ལ་མ་འཆར་མོད། སྲས་མོ་ཨན་ཉི་བོར་བའི་དོན་དེས་དཔོན་རིགས་དང་ཞབས་འབྲིང་བ་དེ་དག་དངངས་སྐྲག་ལངས་དགོས་པ་བཟོས། རྒྱལ་པོས་ལྐོག་ཏུ་གསང་བའི་ངང་སྐྱ་ཆས་བ་མང་པོ་ཞིག་སྲས་མོ་འཚོལ་དུ་མངགས། སྐྱ་ཆས་བས་ཇའོ་ཡིས་ཨན་ཉི་འཁྲིད་ནས་ཆུ་སྟེང་ནང་མ་ཁང་དུ་ཞབས་བྲོར་རོལ་བ་རིག་པས། ཁོ་ཚོས་སྲས་མོ་ཉིད་ཁོ་ཚོ་དང་མཉམ་དུ་ལོག་དགོས་པའི་ཞུ་བ་བྱས་ཀྱང་སྲས་མོ་ཨན་ཉི་ཡིས་རྩ་བ་ནས་མ་གསན་སྟབས། ཁོ་ཚོས་བཙན་ཤེད་ཀྱིས་འཁྲིད་འགྲོ་རྩིས་བྱས་པར་ཇའོ་དང་ཨའུ་ཝེན་གྱིས་ཁོ་ཚོ་དང་འཁྲུག་འཛིངས་བྱས་པས་གཤིས་ཀ་གྱོང་བའི་སྲས་མོ་ཨན་ཉི་ཡིས་ཀྱང་རུབ་འཛིངས་རྒྱག་རོགས་བྱས། འཛིངས་ཤིང་འཁྲུག་པའི་དབུས་ནས་ཇའོ་ཡིས་ཨན་ཉི་འཁྲིད་ནས་མཐོང་སར་མེད་པར་བྲོས། འོན་ཀྱང་སྐྱ་ཆས་བ་དེ་དག་ས་གནས་ཉེན་རྟོག་པས་བཟུང་ཕྱིན།

ཉིན་དེ་འདས་རྗེས། སྲས་མོ་ཨན་ཉི་ད་གཟོད་ཕོ་བྲང་དུ་ལོག་པའི་དུས་ལ་སླེབས། ཡིན་ནའང་སྐབས་དེར་ཁོ་གཉིས་པོས་ཕན་ཚུན་གྱི་སེམས་དབུས་སུ་བརྩེ་དུང་གི་མྱུ་གུ་འབུས་པ་ཚོར་ཤིང་། དེ་བས་འཁྲེང་སེམས་ཀྱི་རྒྱ་སའི་མེ་ཏོག་བཞད་པ་ཤེས། ཅི་སྟེ། སྲས་མོ་ནི་སྲས་མོ་ཡིན་ལ་ཆབ་འབངས་ནི་ཆབ་འབངས་ལས་ཅི། དེ་ལྟར་ཕོ་མོ་གཉིས་པོ་ཞེན་པ་འཁྲེང་པོས་ཞལ་དགྱེས་པ་ཡིན། ཇའོ་ཡི་གྲོགས་པོ་ཨའུ་ཝེན་གྱིས་སྲས་མོ་དང་ཕྱག་བཏང་རྗེས་སུ། རང་གི་ཁེ་ཕན་སྙན་གྲགས་འཐོབ་འདོད་པའི་གོ་སྐབས་དེ་དོར་རྒྱུར་བློ་ཐག་གཅད་ནས་པར་དེ་དག་ཨན་ཉི་ལ་དྲན་རྟེན་དུ་འཕུལ། མཇུག་མཐར།འཁྲེང་སེམས་ཀྱི་སྤྱན་ཟུང་གི་གསེང་ན། སྲས་མོ་ཨན་ཉི་ཡིས་ཇའོ་ལ་ག་ལེར་བཞུགས་ཞེས་ལབ་་་་་་

2 དཔྱད་བརྗོད།

གློག་བརྙན་ལོ་རྒྱུས་སྟེང་བརྩེ་དུང་བརྗོད་པའི་རིག་རྩལ་གློག་བརྙན་གྱི་དཔེ་མཚོན་ཞིག་ཡིན་པའི་ཆ་ནས། 《རོམ་གྲོང་གི་གུང་གསེང》གི་བྱུང་རིམ་གོ་བདེ་ཞིང་། གློག་བརྙན་ཁྲོད་སྒྲིག་བཟོའི་རྣམ་པར་རྒྱས་སྤྲོས་ཆེན་པོ་བྱས་མེད་ཀྱང་ལོ་ཟླ་རིང་མོའི་ཁྲོད་ཉམས་དམས་སུ་མི་འགྲོ་བའི་ཧའོ་ལེ་བུའུ་དི(Hollywood)ཡི་བརྩེ་དུང་བརྗོད་པའི་སྤྲོ་གར་ཞིག་ཡིན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-15

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།