ཀྲུའུ་ལི་ཡེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུའུ་ལི་ཡེ།
ཀྲུའུ་ལི་ཡེ་ནི་ཧྲ་ཧྲི་པི་ཡའི་སྐྱོ་གར་བརྩམས་ཆོས་གྲགས་ཆེན《རོའུ་སྨི་ཨོའུ་དང་ཀྲུའུ་ལི་ཡེ》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་། མོ་ནི་བརྩེ་དུང་གི་ཆེད་དུ་རང་སྲོག་ཤོར་བའི་སྐྱེས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
朱丽叶
ཕྱི་ཡིག་གི་མིང་།
Juliet
རྩོམ་ཁུངས།
《རོའུ་སྨི་ཨོའུ་དང་ཀྲུའུ་ལི་ཡེ》
རྩོམ་པ་པོ།
ཧྲ་ཧྲི་པི་ཡ།
1 ངོ་སྤྲོད།

ཀྲུའུ་ལི་ཡེ་ནི་ཧྲ་ཧྲི་པི་ཡའི་སྐྱོ་གར་བརྩམས་ཆོས་གྲགས་ཆེན《རོའུ་སྨི་ཨོའུ་དང་ཀྲུའུ་ལི་ཡེ》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་།   མོ་ནི་བརྩེ་དུང་གི་ཆེད་དུ་རང་སྲོག་ཤོར་བའི་སྐྱེས་མ་ཞིག་ཡིན།

2 འབྲེལ་ཡོད་གཏམ་རྒྱུད།

ཝེ་ལུའོ་ན་ཞེས་པའི་གནའ་བོའི་གྲོང་ཁྱེར་དེར།  སྔར་ནས་བཟུང་འཁོན་སེམས་འཆང་བའི་ཁྱིམ་རྒྱུད་ཆེན་པོ་གཉིས་འདུག་སྟེ།  གཅིག་ཚང་གི་རུས་ལ་མེང་ཐའེ་ཀུའུ་བྱ་བ་དང་།  གཞན་གཅིག་ནི་ཁའེ་ཕུའུ་ལའེ་ཐེ་ཞེས་པའི་རུས་ཁོངས་སུ་གཏོགས།   ཁོ་ཚོ་ཕན་ཚུན་ཕྲད་མ་ཁད་དུ་ཁ་རྩོད་འཛིང་རེས་བྱེད་པར་ཐེ་ཚོམ་མེད། 

ཐེངས་ཤིག་ལ།  ཁའེ་ཕུའུ་ལའེ་ཐེ་ཚང་གིས་གསོལ་སྟོན་རྒྱ་ཆེར་བཤམས་པའི་ཚེ།   མེང་ཐའེ་ཀུའུ་རྒན་པའི་བུ་རོའུ་སྨི་ཨོའུ་ཞེས་པས་རང་ཉིད་ཀྱི་མཛའ་མོ་ལུའོ་སེ་ལིན་ཡང་སྟོན་ཐོག་ཏུ་འགྲོ་རྒྱུ་ཡིན་པ་ཤེས་པས།   མོ་མཐོང་འདོད་ཀྱི་ཀུན་སློང་རབ་ཏུ་གཡོས་ཏེ་མཐར་འདྲ་འབག་ཅིག་གྱོན་ནས་གནས་དེར་དེངས།   ཡིན་ནའང་།  སྟོན་ཐོག་ཏུ་ལྟ་བའི་ཆོག་མི་ཤེས་པའི་མཛེས་མ་ཞིག་གིས་ཁོའི་ཡིད་སེམས་ཀུན་ནས་ཕྲོགས་པས།  མགོ་འཕང་མཐོ་ཡང་དུངས་སེམས་ཞན་པའི་ལུའོ་སེ་ལིན(ཁོའི་དགའ་ས་མ)སྐད་ཅིག་དེ་ཉིད་དུ་བརྗེད་པར་གྱུར་པའི་དུས་མཚུངས་སུ།   མཛེས་མ་དེ་དང་མཉམ་དུ་ཞབས་བྲོ་འཁྲབ་དུས་ཕན་ཚུན་ལ་དུངས་ཚུལ་ཅི་ཡང་བསྟན།  མོ་ཨ་མས་བོས་ཏེ་ཁྲིད་རྗེས་སུ་རོའུ་སྨི་ཨོའུ་ཡིས་ད་གཟོད་རང་ཚང་གི་དགྲ་ཟླར་གྱུར་པའི་ཁྱིམ་དེའི་ཆིག་སྐྱེས་ཀྱི་གཅེས་ཕྲུག་མ་ཡིན་པ་ཤེས།   དུས་མཉམ་དུ་ཀྲུའུ་ལི་ཡེ་ཡིས་ཀྱང་རང་ལ་དགའ་དུངས་བྱེད་མཁན་དེ་ཉིད་ཕ་རོལ་དགྲ་ཟླ་ཚང་གི་བུ་ཡིན་པ་ཐོས།  དེ་ལྟ་ནའང་།   ཕན་ཚུན་གྱི་དྲན་གདུང་ནི་རྐྱེན་གང་གིས་ཀྱང་བར་དུ་གཅོད་མ་ཐུབ་སྟེ།  མཚན་མོའི་མག་མོག་གི་ཟླ་འོད་འོག་ཏུ།  གཞོན་ནུ་ཕོ་མོ་ཟུང་གིས་ཀྲུའུ་ལི་ཡེའི་མལ་ཁང་གི་རབ་གསལ་གྱི་ཉི་གཡབ་སྟེགས་བུ་ནས་དུངས་པ་མ་ལུས་ལྷུག་ལྷུག་ཏུ་བརྗོད་པར་མ་ཟད་ཚིག་རྟིང་མནའ་ཡིས་བསྒགས་ཏེ།   ཕྱི་ཉིན་མོས་སྨྱན་པ་མངགས་ནས་རོའུ་སྨི་ཨོའུ་དང་གཉེན་རྟགས་འཇོག་རྒྱུའི་གྲོས་ཁ་བྱ་རྒྱུའི་དུས་ཆད་བཞག  རོའུ་སྨི་ཨོའུ་ནི་མཚན་བརྒྱབ་སྟེ་ཉེ་འཁོར་གྱི་ཆོས་ཁང་ཞིག་ཏུ་ཕྱིན་ནས་ཆོས་དཔོན་ལའོ་ལུན་སི་བྱ་བས་གཉེན་སྟོན་ལ་མགོ་འཛིན་རྒྱུར་ཞུ་བ་ཕུལ།   ཆོས་དཔོན་དེ་ཉིད་དང་པོ་ཉིད་ནས་རོའུ་སྨི་ཨོའུ་དང་མཉེས་མཉེས་གནང་གིན་ཡོད་པས།  འཁོན་གྱི་རྨ་ཁ་གཉེན་གྱིས་གསོ་བར་གོ་སྐབས་འདི་ནི་ཅིས་ཀྱང་འཆོར་མི་རུང་སྙམ་པས་དེ་མ་ཐག་ཏུ་ཁས་མཆེས་སོ། །སྟབས་མ་ལེགས་པ་ཞིག་ལ།   ཕྱི་ཉིན་གདུགས་ཚོད་དུ་རོའུ་སྨི་ཨོའུ་སྲང་བར་ནས་ཀྲུའུ་ལི་ཡེ་ཡི་མ་སྤུན་གཅེན་པོ་དང་ཁ་ཐུག་བརྒྱབ་ཅིང་།   ཕ་རོལ་པོས་ཐུབ་ཚོད་ཡང་ཡང་བྱས་པ་ན་བཟོད་ཐབས་མ་བྱུང་བས་གཅེན་པོ་དེ་ཉིད་བཀུམས་པ་རེད།  དེ་བས།  གོང་མའི་ཟུན་རྒྱལ་གྱིས་ཁོ་རྒྱང་འཕུད་དུ་བཏང་ཞིང་།   གལ་སྲིད་གསང་སྟབས་སུ་ཕྱིར་ཡོང་བ་ཡིན་ཚེ་སྲོག་ཆད་གཅད་རྒྱུ་བྱས།  དོན་དེས་ཀྲུའ་ལི་ཡེ་ལ་སྐྱོ་བ་དང་སྡང་སེམས་ཅིག་ཅར་དུ་བསྐྱེད་དུ་བཅུག་ལ།  ལྷག་དོན་ཡིད་སྨྲེང་བ་ཞིག་ནི་རོའུ་སྨི་ཨོའུ་མཐར་སྐྲོད་བཏང་བ་དེ་རེད།  དགོང་མོར།  རོའུ་སྨི་ཨོའུ་རབ་གསལ་སྟེགས་ནས་བསླེབས་ཏེ་མོ་དང་གྱེས་ཁའི་བདེ་འཚམས་བརྗོད་ཅིང་།  དེར་ཞག་འདུག་བྱས་ནས་གཉེན་སྒྲིག་གི་ཆོ་ག་ཡོངས་སུ་ཚང་བར་བྱས། 

ཕྱི་ཉིན་སྐྱ་རེངས་ཤར་མ་ཐག་རོའུ་སྨི་ཨོའུ་ནི་མན་ཏུའོ་ཡ་ཞེས་པའི་མཐའ་འཁོབ་ཀྱི་གནས་དེར་ཕྱིན་ནས་རྒྱང་འཕུད་ཀྱི་འཚོ་བ་སྐྱེལ་མགོ་བརྩམས།   ཁོ་སོང་རྗེས་སུ།  ཁྱིམ་ཚང་ཕྱུག་པོ་ནས་སྐྱེས་པའི་པོ་ཅུའེ་ཐོབ་ཐང་ཅན་ཕ་ལི་སི་བྱ་བ་གཉེན་སློང་དུ་ཐོན་པས།  ཁའེ་ཕུའུ་ལའེ་ཐེས་དེ་མ་ཐག་ཏུ་ཆོག་ལན་བྱིན་པར་མ་ཟད་གཉེན་སྒྲིག་གི་ཉིན་མའང་གཅིག་གཅོད་བྱས།  ཀྲུའུ་ལི་ཡེ་ནི་འུ་ཐུག་ཐབས་ཟད་དུ་གྱུར་པས་དེ་སྔོན་གྱི་ཆོས་དཔོན་ཉིད་འཚོལ་དུ་ཕྱིན།  དེས་མོ་ལ་གཉིད་སྨན་དམ་བེ་གང་སྤྲད་དེ་གཉེན་སྟོན་གྱི་དགོང་མ་དང་པོར་བཏུང་རྒྱུར་གདམས་པའི་དུས་མཚུངས་སུ།  ཉིན་ཞག་གཅིག་གི་གཞུག་ནས་སླར་ཡང་སད་ཐུབ་ཚུལ་ཡང་གསལ་བཤད་བྱས་ལ།  དེ་དུས་རོའུ་སྨི་ཨོའུ་ཡིས་ལྐོག་ཏུ་དུར་ཁུང་ལས་བསྐྱབས་ཏེ་མཉམ་པོར་བྲོས་བྱོལ་དུ་འགྲོ་རྒྱུའང་བཀོད་སྒྲིག་གནང་།  ཡིན་ནའང་བློ་ཡུལ་ལས་འདས་པའི་དོན་དག་ཅིག་ནི།  རོའུ་སྨི་ཨོའུ་ཡིས་ཆོས་དཔོན་གྱིས་སྤྲིངས་པའི་འཕྲིན་ཡིག་མ་རེག་གོང་མཛའ་ན་མོ་ཉིད་གྲོངས་པའི་གཏམ་ངན་དེ་ཐོས་བྱུང་བས།  གསོན་འདོད་ཀྱི་བློ་ཡོངས་སུ་བཏང་ཞིང་དུག་སྨན་ཞིག་ཉོས་ཏེ་མཚན་གུང་བརྒྱུད་ནས་དུར་སར་བསྙེགས།  དེ་རུ་མྱ་ངན་ཞུ་བཞིན་པའི་ཕ་ལི་སིས་ཁོའི་མདུན་བཀག་པ་ལ་གྲི་ཕྱུངས་ཏེ་བསད་དོ། །རོའུ་སྨི་ཨོའུ་ཡིས་དུར་ཁུང་གི་ཁ་ཕྱེས་པ་ན།  ཀྲུའུ་ལི་ཡེ་ནི་དེ་གར་ཞི་འཇམ་གྱིས་ལོག་འདུག་ཅིང་།  ངོ་མདངས་སྔར་བཞིན་མཉེན་ཤ་དང་ལྡན་པར་མཐོང་།   ཁོས་ཀྲུའུ་ལི་ཡེ་ལ་ཤིན་ཏུ་དུངས་ལ་གཅེས་པའི་འོ་ཞིག་བྱས་རྗེས་སྨན་དེ་འཐུངས་ནས་རང་སྲོག་བཅད།  ཆོས་དཔོན་གྱིས་རོའུ་སྨི་ཨོའུ་ཡི་ལག་ཏུ་ཡི་གེ་མ་འཕྲོད་ཚུལ་ཐོས་རྗེས་ལྟས་མི་ལེགས་པ་རྟོགས་ནས་མྱུར་སྐྱོབ་བྱེད་དུ་སོང་དུས་ཡོད་ཚད་འཕྱིས་སོང་བ་རེད།  ཀྲུའུ་ལི་ཡེ་གཞི་ནས་སད་པའི་ཚེ་རང་ཉིད་ཀྱི་དགའ་གྲོགས་ཤི་འདུག་པ་མཐོང་མུར།  སྡུག་བསྔལ་མ་བཟོད་པར་རོའུ་སྨི་ཨོའུ་ཡི་སྐེད་ཀྱི་གྲི་ཆུང་བླངས་ནས་རང་སྲོག་རང་གིས་བཅད།  ཁྱིམ་ཚང་གཉིས་ཀས་ཆོས་དཔོན་གྱི་ངག་ནས་ད་གཟོད་ན་གཞོན་ཕོ་མོ་ཟུང་གི་ཡ་ང་བའི་བརྩེ་དུངས་ཀྱི་གཏམ་རྒྱུད་དེ་གོ་བས།  གཞི་ནས་འདུམ་འགྲིག་ཡོང་བར་མ་ཟད།  ཁོ་གཉིས་ཀྱི་གཟུགས་བརྙན་གསེར་ལས་གྲུབ་པ་རེ་བཞེངས་ཏེ།  བསྐལ་པ་མ་སྟོངས་བར་དུ་ཝེ་ལུའོ་ན་ཞེས་པའི་ཁྲོང་ཁྱེར་དེར་རྗེས་དྲན་དུ་བཞེང་རྒྱུ་བྱས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།