ས་སྐྱ་ལེགས་བཤད། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།
  • བརྩམས་ཆོས་ངོ་སྤྲོད།
  • མ་ཡིག

ས་སྐྱ་ལེགས་བཤད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(བརྩམས་ཆོས་ངོ་སྤྲོད།)

ས་སྐྱ་ལེགས་བཤད།
《ས་སྐྱའི་ལེགས་བཤད་རིན་པོ་ཆེའི་གཏེར》ཞེས་བྱ་བ། མཁས་པ་བརྟགས་པ། ཡ་རབས་བརྟགས་པ། བླུན་པོ་བརྟགས་པ། སྤེལ་མ་བརྟགས་པ། ངན་སྤྱོད་བརྟགས་པ། རང་བཞིན་བརྟགས་པ། མི་རིགས་པའི་ཚུལ་བརྟགས་པ། བྱ་བ་བརྟགས་པ། ཆོས་བརྟགས་པ་སྟེ་རབ་བྱེད་དགུའི་བདག་ཉིད་ཅན་གྱི་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དེ་དུས་རབས་བཅུ་གསུམ་པར་ས་སྐྱ་པཎྜི་ཏས་མཛད་པའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《萨迦格言》
རྩོམ་པ་པོ།
ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།
1 རྩོམ་པ་པོའི་ལོ་རྒྱུས།

ཆོས་རྗེ་ས་པཎ་ཀུན་དགའ་རྒྱལ་མཚན་ནི། བོད་རབ་བྱུང་གསུམ་པའི་ཆུ་སྟག(སྤྱི་ལོ1182)ལོ་ནས་རབ་བྱུང་བཞི་པའི་ལྕགས་ཕག(སྤྱི་ལོ1251)ལོའི་བར་ཡབ་ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གཅུང་པོ་དཔལ་ཆེན་འོད་པོ་ཆེ་དང༌། ཡུམ་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་ཆེ་ཆུང་གཉིས་ཀྱི་ནང་ནས་ཆེ་བ་ཡིན། དགུང་ལོ་ཆུང་དུས་ཀྱི་མཚན་ལ་དཔལ་ལྡན་དོན་གྲུབ་ཞུ་ཞིང༌། རྗེས་སུ་ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་པའི་མཚན་ལ་ཀུན་དགའ་རྒྱལ་མཚན་དུ་གསོལ།

ཕྱིས་མཁས་གྲུབ་མང་པོ་བླ་མར་བསྟེན་ཏེ་མདོ་སྔགས་ཀྱི་གཞུང་ལུགས་མང་པོ་དང་རིག་གནས་བཅུ་སོགས་ལ་སྦྱངས་པ་མཐར་ཕྱིན་པ་མཛད་དེ་པཎྚི་ཏའི་མཚན་སྙན་ཐོབ་ཅིང་བོད་ཀྱི་པཎྚི་ཏ་ཐོག་མར་གྱུར། རྒྱལ་དབང་ལྔ་པ་ཆེན་མོས་ཀྱང་རྗེ་འདི་པར་བོད་འདིར་གནས་ལྔ་རིག་པའི་སྲོལ་བྱུང་བ་འདི་ཉིད་ཀྱི་བཀའ་དྲིན་ཡིན་ཞེས་བསྔགས་བརྗོད་ཆེན་པོ་མཛད།

རབ་བྱུང་བཞི་པའི་ཤིང་རྟ(སྤྱི་ལོ1234)ལོར། ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཐའི་ཙུང་ཨོ་གོ་ཏའི་བུ་ཆུང་བ་གོ་དན་གྱིས་སྲིད་དབང་བཟུང་རྗེས། འདིའི་ཁྲི་ལོ་དྲུག་པ་རབ་བྱུང་བཞི་པའི་ས་ཕག(སྤྱི་ལོ1239)ལོར་ས་སྐྱ་པ་དང༌། ཕག་གྲུ། འབྲི་གུང༌། ཚལ་པ། སྟག་ལུང་བཅས་ཀྱི་ཆོས་ལུགས་མི་སྣ་ཚོས་ཡོན་རྒྱལ་རབས་ཀྱི་རྒྱལ་པོ་དང་རྒྱལ་སྲས་སོ་སོར་མགོ་བཏགས་ཞུས། (ས་སྐྱ་པ་དང་ལྷ་སྡེ་གཞུང་པ་གཉིས་རྒྱལ་པོ་གོ་དན་རང་ཉིད་ལ་མགོ་བཏགས་ཞུས། དེ་བཞིན་དུ་འབྲི་གུང་པ་དང་གཙང་མགུར་མོ་བས་རྒྱལ་སྲས་མོང་གོལ་ཧན་ལ་མགོ་བཏགས་ཞུས། ཚལ་པས་རྒྱལ་སྲས་སེ་ཆེན་ཧན་ལ་མགོ་བཏགས་ཞུས། ཕག་གྲུ་གཡའ་བཟང་ཐང་པོ་ཆེ་བ་བཅས་ཀྱིས་ཧུ་ལའི་ཧུ་ལ་མགོ་བཏགས་ཞུས། སྟག་ལུང་པས་རྒྱལ་སྲས་ཨ་རི་བོ་ག་ལ་མགོ་བཏགས་ཞུས) ལོ་དེའི་ཕྱི་ལོ་རྒྱལ་པོ་གོ་དན་གྱིས་བློན་པོ་དོར་རྟ་ནག་པོས་གཙོ་བོར་བྱས་པའི་དམག་དཔུང་བོད་དུ་བཏང་ནས། མདོ་སྟོད། སོག་ཆུ་ཁ་རྣམས་སུ་ཡོད་པའི་བོད་མི་མཐོང་ཚད་གསོད་པ་དང༌། ཁང་པ་མེར་བསྲེག་པ། རྒྱུ་ནོར་འཕྲོག་པ་བཅས་བྱེད་བཞིན་དུ་དབུས་གཙང་དུ་ཡོང༌། འཕན་པོ་རྒྱལ་གྱི་ལྷ་ཁང་མེར་བསྲེགས་ནས་གྲྭ་པ་རབ་ཏུ་བྱུང་བ་ལྔ་བརྒྱ་ཙམ་དམར་གསོད་བྱས། རྭ་སྒྲེང་དགོན་པ་ལ་ཡང་གནོད་འཚེ་ཆེན་པོ་བྱས་པས་མཚོན་མགོ་བཏགས་མ་ཞུས་པའི་ས་གནས་ཚང་མར་བསྲེགས་གསོད་འཕྲོག་གསུམ་གྱི་སྒོ་ནས་མིང་མེད་དུ་གཏོང་བ་སོགས་བྱས།

དུས་སྐབས་དེར་བོད་ས་གནས་སུ་ཡོད་པའི་ཆབ་སྲིད་སྟོབས་ཤུགས་རྣམས་མཐུན་སྒྲིལ་མེད་པའི་ཁ་འཐོར་ཡིན་སྟབས་ཚང་མས་གཅིག་རྗེས་གཉིས་མཐུད་དུ་མགོ་བཏགས་ཞུས་ཏེ། སྤྱི་ལོ846ལོ་ནས་བཟུང་ལོ་གྲངས393རིང་བོད་ས་གནས་སུ་གཅིག་གྱུར་མེད་པའི་གནས་ཚུལ་མཇུག་སྒྲིལ་ཞིང༌། བོད་ས་གནས་དེ་ཡོན་རྒྱལ་རབས་ཀྱི་གོང་མའི་མངའ་ཁོངས་སུ་བསྡུས་ཏེ་སྲིད་འཛིན་དཔོན་རིགས་དང་དམག་ཁྲལ་བསྡུ་བའི་ལམ་ལུགས་བཙུགས། བོད་དུ་ཆོས་ལུགས་ལ་མཁས་པའི་བླ་མ་གང་ཡོད་ཞིབ་རྩད་བྱས་ཐོག་སྐབས་དེར་བོད་ས་གནས་སུ་ཆོས་ལུགས་མང་པོ་ཡོད་པའི་ནང་ནས་སྟོབས་ཆེ་ཤོས་ས་སྐྱ་པའི་ཆོས་ལུགས་ཡིན་པ་དང༌། སངས་རྒྱས་ཆོས་ལུགས་ལ་མཁས་ཤིང་བོད་ས་གནས་སུ་སྙན་གྲགས་ཆེ་ཤོས་ནི་ས་སྐྱ་པཎྜི་ཏ་ཡིན་པའི་གནས་ཚུལ་གོ་ཐོས་བྱུང་བའི་རྐྱེན་གྱིས་ས་པཎ་རང་ཉིད་དགུང་ལོ་དྲུག་ཅུ་རེ་གསུམ་པ་རབ་བྱུང་བཞི་པའི་ཤིང་འབྲུག(སྤྱི་ལོ1244)ལོར་ཡོན་རྒྱལ་རབས་ཀྱི་རྒྱལ་པོ་གོ་དན་གྱིས་རྡོར་སྲི་མགོན་དང་དབོན་ཇོ་དར་མ་གཉིས་ཀྱི་མདུན་ཧོར་ཡུལ་དུ་ཆོས་སྟོན་པའི་བླ་མར་ཕེབས་དགོས་པའི་ཞུ་ཡིག(ཞུ་ཡིག་འདིའི་ངོ་བཤུས《ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད》ཀྱི་ཤོག་གྲངས67ནས་གྲངས་གོང་གསལ་གྱི་མཇུག་ན་གསལ)དང༌།

དངུལ་བྲེ་ཆེན་ལྔ། གོས་ཆེན་གྱི་ཆོས་གོས་མུ་ཏིག་གི་ཆོམ་བུ་ཅན་མུ་ཏིག་རྡོག་པོ་དྲུག་སྟོང་ཉིས་བརྒྱ་ཡོད་པ་གཅིག གོས་ལི་ཧང་མདོག་གི་རིང་འགག་ལྷམ་འབོབ་བཅས། གོས་ཆེན་ཁ་ཐི་ཡུག་གཉིས། ཐོན་ཐི་ཡུག་གཉིས། གོས་ཆེན་སྣ་ཚོགས་ཡུག་ཉི་ཤུ་ཐམ་པ་བཅས་བསྐུར་བ་འབྱོར་ཞིང༌། ཡི་གེའི་ནང་དོན་ལ་གདན་དྲངས་པ་ལྟར་མ་ཕེབས་ན་བོད་དུ་དམག་དཔུང་གཏོང་རྒྱུ་ཡིན་ཞེས་གསལ་བས་དགུང་ལོ་མཐོ་ཡང་བོད་མི་རིགས་ཀྱི་བདེ་འཇགས་དང་ཆོས་ལུགས་ཁག་གི་བདེ་འཇགས་ཀྱི་ཆེད་དུ་རང་སྲོག་ཕངས་མེད་མཛད་དེ་ཧོར་ཡུལ་དུ་བྱོན།

དགུང་ལོ་དྲུག་ཅུ་རེ་ལྔ་བཞེས་པ་རབ་བྱུང་བཞི་པའི་མེ་རྟ(སྤྱི་ལོ1246)ལོའི་ཟླ་བ་བརྒྱད་པར་ཧོར་རྒྱལ་པོའི་རྒྱལ་ས་ལིང་ཅུ་རྩེ(དེང་སང་ཀན་སུའུ་ཞིང་ཆེན་གྱི་ཝུ་ཝེ་ས་ཁུལ་གནས་ཡུལ་འགུ་ཚང་གྲོལ་བརྡལ)ལ་ཕེབས་འབྱོར་བྱུང་ཞིང་།  རྒྱལ་པོ་གོ་དན་ཧོར་ཡུལ་དུ་སོང་ནས་ཚུར་ལོག་པ་དང་མེ་ལུག་ལོའི་ཟླ་བ་དང་པོ་ལ་མཇལ་ཞིང་། མཆོད་ཡོན་གྱི་འབྲེལ་བ་བཙུགས། བོད་དུ་དཔོན་རིགས་བསྐོ་ལུགས་དང་། ཁྲལ་འུལ་བསྐུལ་ཚུལ་སོགས་ལ་ཞལ་འཆམ་པས། བོད་ཀྱི་བཀའ་གྲོས་ལ་དབང་བའི་བླ་དཔོན་སེར་སྐྱ་རྣམས་ལ་འཕྲིན་ཡིག་སྔ་ཕྱི་ལན་གཉིས་བཏང་སྟེ། བོད་ཡུལ་ཧོར་རྒྱལ་པོའི་མངའ་ཁོངས་སུ་བཅུག རྒྱལ་ཁབ་གཅིག་གྱུར་ཡོང་བ་ལ་མི་ཉམས་པའི་མཛད་རྗེས་བཞག དགུང་ལོ་བདུན་པ་རབ་བྱུང་བཞི་པའི་ལྕགས་ཕག(སྤྱི་ལོ1251)ལོར་ལང་གྲུའུ་སྤྲུལ་བའི་སྡེ་རུ་སྐུ་གཤེགས།

ས་པཎ་འདིས་མཛད་པའི་གསུང་རྩོམ་པོད་གསུམ་ཙམ་ཡོད་ཅིང་གྲགས་ཆེ་བ་ནི《ཐུབ་པའི་དགོངས་པ་རབ་ཏུ་གསལ་བའི་བསྟན་བཅོས》དང༌།《ལེགས་པར་བཤད་པའི་རིན་པོ་ཆེའི་གཏེར》རམ《ས་སྐྱ་ལེགས་བཤད》།《གཞུང་ལུགས་ལེགས་པར་བཤད་པ་ཞེས་བྱ་བའི་བསྟན་བཅོས》།《རོལ་མོའི་བསྟན་བཅོས》།《གཞུང་ལུགས་སྤྱི་ལ་མཁོ་བའི་མཁས་པ་ལ་འཇུག་པའི་སྒོ》། 《སྒྲ་ལ་འཇུག་པ》།《སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ》། 《སྐྱེས་བུ་རྣམ་དབྱེ་གཞོན་ནུའི་མགུལ་རྒྱན》། 《ཚད་མ་རིགས་གཏེར》།《བདེ་བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བ》། 《སྨྲ་སྒོའི་བསྡུས་དོན》། 《སྡེབ་སྦྱོར་མེ་ཏོག་ཆུན་པོ》། 《མངོན་བརྗོད་ཀྱི་བསྟན་བཅོས་ཚིག་གཏེར》།《སྨན་དཔྱད་ཀྱི་བསྟན་བཅོས་ཡན་ལག་བརྒྱད་པའི་བསྡུས་དོན》།《བསྟན་བཅོས་མཁས་པའི་ཁ་རྒྱན》སོགས་ཡོད་ལ། བརྗོད་བྱའི་ཆ་ནས་ནང་དོན་རིག་པ༌དང༌། ཚད་མ་རིག་པ། སྒྲ་རིག་པ། གསོ་བ་རིག་པ། སྙན་ངག སྡེབ་སྦྱོར། རོལ་མོ་བཅས་རིག་གནས་ཆེ་ཆུང་ཀུན་ལ་ཁྱབ་ཡོད།

ས་པཎ་གྱི་ལོ་རྒྱུས་དང་རྣམ་ཐར་སྐོར་འགྲོ་མགོན་ཆོས་རྒྱལ་འཕགས་པས་མཛད་པའི《ས་སྐྱ་པཎ་ཆེན་གྱི་རྣམ་ཐར》དང་ས་སྐྱ་པཎ་ཆེན་རང་ཉིད་ཀྱི་དངོས་སློབ་ལྷོ་པ་མཁན་ཆེན་རིན་ཆེན་དཔལ་གྱིས་མཛད་པའི《ས་སྐྱ་པཎྜི་ཏ་ཆེན་པོའི་རྣམ་ཐར》ས་སྐྱ་བདག་ཆེན་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི《ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད》ཀྱི་ཤོག་གྲངས་47ནས85བར་གསལ།

2 སྤྱི་ཚོགས་ཀྱི་རྒྱབ་ལྗོངས།

བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་སོང་རྗེས་བོད་ཁམས་སིལ་བུར་གྱུར་ནས་བཀས་བཀོད་རྒྱུད་འཛིན་གྱི་བཅད་བཟུང་ས་ཁུལ་ཞིག་ཏུ་གྱུར། དུས་རབས་བཅུ་གསུམ་པའི་ཡས་མས་སུ་བསླེབས་རྗེས། བཀས་བཀོད་རྒྱུད་འཛིན་བཅད་བཟུང་ས་ཁུལ་གྱི་དབང་སྒྱུར་མཁན་བར་གྱི་འཐབ་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་ཅིང་། ཞིང་བྲན་བདག་པོའི་གྲལ་རིམ་དང་ཞིང་བྲན་བར་གྱི་འགལ་བའང་རིམ་བཞིན་རྣོ་ངར་ཅན་དུ་གྱུར། དེ་དང་མཉམ་དུ་ཞིང་བྲན་བདག་པོ་ཚོའི་བར་གྱི་འཐབ་རྩོད་དང་གཞི་གཅིག་ཏུ་འདྲེས་པའི་གྲུབ་མཐའི་བར་གྱི་འཐབ་རྩོད་ཀྱང་རིམ་བཞིན་ཛ་དྲག་ཏུ་སོང་། རྒྱལ་ཡོངས་ཀྱི་མངའ་ཁོངས་སུ་ཧོར་གྱི་དམག་ཤུགས་མགྱོགས་མྱུར་གྱིས་ཇེ་ཆེར་སོང་སྟེ། ཁོ་ཚོས་མཐའ་བཞིའི་མི་རིགས་རྣམས་ཟིལ་གྱིས་མནན་པ་དང་རྒྱལ་ཡོངས་གཅིག་གྱུར་གྱི་ཕྱོགས་སུ་ཁ་ལོ་བསྒྱུར། དེར་མ་ཟད་ཁོ་ཚོས་དབུས་གཙང་ས་ཁུལ་དུའང་དམག་ཤུགས་ཆེན་པོ་དྲངས་ནས་བོད་འབངས་རྣམས་མངའ་ཁོངས་སུ་བསྡུ་རྒྱུའི་ཐབས་བཀོད་འཐེན་པས། བོད་དུ་ཆབ་སྲིད་ཀྱི་འཐབ་རྩོད་ཛ་དྲག་ཅན་བྱུང་། གནས་ཚུལ་དེ་དག་གི་དབང་གིས་སྤྱི་ཚོགས་ཟིང་ཆ་ཆེ་ཞིང་དམངས་སེམས་མི་བདེ་བར་གྱུར་པར་མ་ཟད། ཞིང་བྲན་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལའང་ཤུགས་རྐྱེན་ཟབ་མོ་ཞིག་ཐེབས་པ་རེད། འགལ་བ་དེ་དག་ཇི་ལྟར་ཐག་གཅོད་བྱེད་རྒྱུ་དང་། བོད་ཀྱི་སྤྱི་ཚོགས་དེ་སྔར་བཞིན་མདུན་ཕྱོགས་སུ་ཇི་ལྟར་གོམ་ཁ་བསྒྱུར་རྒྱུ་ནི་ལོ་རྒྱུས་ཀྱིས་བོད་མི་དམངས་དང་། ལྷག་པར་ས་གནས་ཁག་གི་མགོ་འདྲེན་རྣམས་ལ་བཏོན་པའི་གནད་དོན་འབྱོལ་ཐབས་མེད་པ་ཞིག་ཡིན་པས་དེ་ལ་ངེས་པར་རང་སྟེང་ནས་ལན་འདེབས་དགོས།

ས་སྐྱ་པ་ཀུན་དགའ་རྒྱལ་མཚན་གྱིས་རང་ཉིད་གསར་དུ་དར་བའི་ཞིང་བྲན་བདག་པོའི་གྲལ་རིམ་གྱི་འཐུས་ཚབ་པ་ཞིག་དང་། ས་སྐྱ་པའི་གྲུབ་མཐའི་བདག་པོ་དང་། རིག་གནས་ཆེན་པོ་ལྔ་ལ་མཁས་པའི་པཎྚི་ཞིག་ཡིན་པ་བཅས་ཀྱི་ཆ་ནས། སྐབས་དེའི་དགོས་མཁོ་དང་མཐུན་པར་ལེགས་བཤད་ཀྱི་རྣམ་པ་སྤྱད་ནས་གནད་དོན་དེ་དག་ལ་ལན་བཏབ།

3 བསམ་བློའི་ནང་དོན།

གཅིག རྒྱལ་སྲིད་སྐྱོང་ལུགས།

《ས་སྐྱ་ལེགས་བཤད》ལ་བསྡོམས་པས་རབ་ཏུ་བྱེད་པ་དགུ་སྟེ་ཤོ་ལོ་ཀ་བཞི་བརྒྱ་དང་ང་བདུན་ཡོད། རྩོམ་པ་པོས་ལེགས་བཤད་འདིའི་ཁྲོད་ཀྱི་ཤོ་ལོ་ཀ་མང་པོ་ཞིག་ཏུ་ཆབ་སྲིད་ཇི་ལྟར་སྐྱོང་བའི་ཐད་ཀྱི་ལྟ་ཚུལ་བརྗོད་ཡོད། ཁོང་གིས་རྒྱལ་སྲིད་ཆོས་ཀྱིས་སྐྱོང་དགོས་པ་དང་། ཆོས་སྲིད་ཟུང་འབྲེལ་བྱ་དགོས་ཚུལ་དྲིལ་སྒྲོག་བྱས་ཡོད།

སྤྱིར་ལེགས་བཤད་འདི་ལ་ལོ་རྒྱུས་དང་གྲལ་རིམ་གྱི་བཀག་རྒྱའི་རང་བཞིན་མངོན་པར་གསལ་ནའང་། བོད་ཀྱི་ཆབ་སྲིད་ཀྱི་སྟོབས་ཤུགས་སོ་སོའི་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར་ཡོད་ལ། མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་པར་མ་ཟད། ཧོར་གྱི་དབང་སྒྱུར་པས་ཀྱང་བརྩི་མཐོང་དང་རྒྱབ་སྐྱོར་བྱས། དེ་ལ་བརྟེན་ནས། བོད་ནང་ཁུལ་དང་རྒྱལ་ཡོངས་གཅིག་གྱུར་ལ་མཛད་རྗེས་བླ་ན་མེད་པ་ཞིག་བཞག་ཡོད།

གཉིས། མི་ཆོས་ཀྱི་མཚན་ཉིད་རིག་པ།

ས་པཎ་ཀུན་དགའ་རྒྱལ་མཚན་གྱིས《ས་སྐྱ་ལེགས་བཤད》དུ་རྒྱལ་སྲིད་བདེ་ལ་འབེབས་པ་དང་ལེགས་པར་སྐྱོང་བའི་ཚུལ་བསྟན་ཡོད་པར་མ་ཟད། འཇིག་རྟེན་གྱི་འགྲོ་ལུགས་འདུག་སྟངས་ཀྱི་ཕྱོགས་ནས་ཀྱང་གདམས་ངག་བསླབ་བྱ་གནང་ཡོད་དེ།

(1)ས་པཎ་ནི་མཁས་པ་ཆེན་པོ་ཞིག་ཡིན་པའི་རྐྱེན་གྱིས། ལེགས་བཤད་ཀྱི་བསྟན་བཅོས་འདི་རུ་སློབ་གཉེར་སྐོར་གྱི་ལྟ་ཚུལ་མང་པོ་ཞིག་བརྗོད་ཡོད་དེ། དཀའ་སྤྱད་འབད་བརྩོན་གྱིས་སློབ་སྦྱོང་བྱེད་པ་ལ་བསྟོད་བསྔགས་དང་། ལེ་ལོ་སྒྱིད་ལུག་ཏུ་གྱུར་ནས་སློབ་གཉེར་མི་བྱེད་པ་ལ་སྐྱོན་བརྗོད་བྱས་པ།

(2)ཞི་དུལ་དང་ཁེངས་སྐྱུངས་ལ་བསྟོད་བསྔགས་དང་ང་རྒྱལ་དང་ཁེངས་དྲེགས་ལ་སྐྱོན་བརྗོད་བྱས་པ།

(3)ནོར་འཁྲུལ་ཡོ་བསྲང་ལ་བསྟོད་བསྔགས་དང་སྐྱོན་འགེབས་མཛེས་འཆོས་ལ་སྐྱོན་བརྗོད་བྱས་པ།

(4)བྱ་བ་གང་ཞིག་སྒྲུབ་ནའང་ཞིབ་དཔྱོད་དང་ནན་མོ་བྱེད་པ་ལས་གྱ་ཚོམ་དང་འོལ་ཚོད་ཀྱིས་མི་འཇུག་པར་གདམས་པ།

(5)ཉེན་ཁར་མི་འཇིགས་ཤིང་འགྱུར་མེད་བརྟན་བརླིང་རང་ཚུགས་ཐུབ་པ་ལ་གཟེངས་བསྟོད་དང་། དར་ལྕོག་རླུང་གིས་བསྐྱོད་པ་ལྟར་རྟག་ཏུ་འགྱུར་ལྡོག་སྐྱེན་པ་དག་ལ་དགག་པ།

(6)བྱ་བ་གང་ཡང་བློ་འདྲི་གྲོས་བསྡུར་བྱ་དགོས་པ།

མདོར་ན། སྤྱི་ཚོགས་འཚོ་བ་ནི་ཁྲ་ཁྲ་རིག་ཅིག་ཡིན་པས་བཟང་ངན་ཡག་བཙོག་ཐམས་ཅད་མཉམ་དུ་གནས་ལ། མི་དང་མིའི་བར་གྱི་འབྲེལ་བའང་སྣ་མང་རྙོག་འཛིང་ཞིག་ཡིན། ས་པཎ་ནི་མཐོང་རྒྱ་ཆེ་ཞིང་སྤྱི་ཚོགས་ཁྲོད་ཀྱི་རིམ་པ་མི་འདྲ་བའི་མི་རྣམས་ལ་འབྲེལ་འདྲིས་བྱས་མྱོང་ལ། དོན་དག་སྣ་ཚོགས་བརྒྱུད་མྱོང་བ་ཞིག་ཡིན་པར་བརྟེན། ལེགས་བཤད་འདི་རུ་མི་ཆོས་ཀུན་སྤྱོད་ཀྱི་སྐོར་རྒྱ་ཆེ་ཞིང་སྣ་འཛོམས་པ་ཞིག་བྲིས་ཡོད། 

4 སྒྱུ་རྩལ་གྱི་གྲུབ་འབྲས།

ཚིག་གི་སྡེབ་སྟངས་ལེགས་པ་དང་། མི་སྣ་བཟོ་སྐྲུན་བྱས་པ་མངོན་གསལ་སྙིང་བསྡུས་ཡིན་པ། དཔེ་འགོད་བྱས་པ་གསོན་ཉམས་ལྡན་པ། གཤིབ་བསྡུར་བྱས་པ་མངོན་གསལ་ཡིན་པ། ངོ་མཚར་བའི་གཏམ་དཔེ་དྲངས་ཡོད་པ་སོགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན།

མདོར་ན། ས་པཎ་གྱིས་བོད་བཙན་པོའི་དུས་སྐབས་ཀྱི་ལེགས་བཤད་འབྲི་བའི་ལུགས་སྲོལ་རྒྱུན་འཛིན་ད་ང། དམངས་ཁྲོད་རྩོམ་རིག་གི་ཉིང་བཅུད་སྡུད་ལེན། རྒྱ་གར་མཁས་པས་བརྩམས་པའི་ལུགས་ཀྱི་བསྟན་བཅོས་ལ་ཟུར་ལྟ་བཅས་བྱས་ཏེ་ལེགས་བཤད་འདི་བརྩམས་ཤིང་། བོད་ལ་ལེགས་བཤད་ཅེས་པའི་རྩོམ་ལུས་རང་རྐྱ་འཕེར་བ་ཞིག་གསར་གཏོད་དང་གཏན་འབེབས་མཛད། ལེགས་བཤད་ཀྱི་བསྟན་བཅོས་འདིའི་ཕུན་སུམ་ཚོགས་པའི་ནང་དོན་དང་ངོ་མཚར་བའི་སྒྱུ་རྩལ་མཚོན་ཐབས་ལ་བོད་རིགས་མི་དམངས་དང་མཁས་དབང་རིམ་བྱོན་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བར་མ་ཟད། ཕྱིས་སུ་མཁས་པ་མང་པོས་བསྟན་བཅོས་འདི་ཉིད་ལ་ལད་མོ་བྱས་ཏེ་ལེགས་བཤད་མི་ཉུང་བ་ཞིག་བྲིས་ཡོད་པ་དཔེར་ན《དགེ་ལྡན་ལེགས་བཤད》དང《ཆུ་ཤིང་གི་བསྟན་བཅོས》སོགས་ལྟ་བུའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-03-09

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།