དྲ་རྒྱའི་བང་རིམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་དྲ་རྒྱའི་བརྒྱུད་སྦྲེལ་སྐོར་ལ་གྲོས་གླེང་དང་། དེ་མིན་དྲ་རྒྱ་མང་དག་ཅིག་ལམ་སྟོན་ཆས་ལ་བརྟེན་ནས་བརྒྱུད་སྦྲེལ་བྱས་ནས་གྲུབ་པའི་དྲ་རྒྱ་དེ་རིགས་ཀྱི་གནད་དོན་ཁ་ཤས་ལ་གྲོས་གླེང་བྱ། དྲ་རྒྱའི་བང་རིམ་ནས་མཁོ་འདོན་བྱས་པའི་ཞབས་འདེགས་རྣམ་གྲངས་མི་འདྲ་བ་གཉིས་ངོ་སྤྲོད་བྱས་རྗེས། ནང་དོན་གཙོ་བོ་དྲ་རྒྱའི་གྲོས་མཐུནIPསྟེ་སྐབས་འདིའི་ནང་དོན་གཙོ་བོ་འདི་ལ་གྲོས་གླེང་བྱ། IPགྲོས་མཐུན་གྱི་ནང་དོན་ཐད་ངོས་འཛིན་ཅུང་ཟབ་ཙམ་བྱས་ན་དབྱིན་ཐེ་དྲ་རྒྱའི་གང་འདྲ་བྱས་ནས་ལས་ཀ་བྱེད་ཀྱིན་ཡོད་པ་གཞི་ནས་རྟོགས་ཐུབ། འདིར་ད་དུང་དྲ་རྒྱའི་ཚད་འཛིན་ཚགས་ཡིག་གྲོས་མཐུནICMPདང་། རྒྱུན་སྤྱོད་ལམ་སྟོན་གདམ་གསེས་གྲོས་མཐུནIPམང་བསྒྲགས་ཀྱི་དོན་སྤྱི་བཅས་ལ་གྲོས་གླེང་བྱེད་རྒྱུ་དང་། མཇུག་ཏུ་ལྟར་སྣང་གི་ཆེད་སྤྱོད་དྲ་རྒྱVPNདང་། དྲ་རྒྱའི་གནས་བསྒྱུར་བNATངོ་སྤྲོད་རག་ཙམ་བྱ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
网络层
ཕྱི་ཡིག་གི་མིང་།
Network Layer
རིམ་གྲངས།
OSIཟུར་ལྟའི་དཔེ་དབྱིབས་ནང་གི་བང་རིམ་གསུམ་པ།
1 ཞབས་འདེགས་རིགས་གཉིས།

རྩིས་འཁོར་དྲ་རྒྱའི་ཁྱབ་ཁོངས་ནང་དྲ་རྒྱའི་བང་རིམ་གྱིས་སྐྱེལ་འདྲེན་བང་རིམ་ལ་ཞབས་འདེགས་གང་འདྲ་མཁོ་འདོན་བྱས་མིན་ཐད་རྩོད་གླེང་ཡུན་རིང་བྱུང་ཡོད། རྩོད་གླེང་དེའི་གནད་དོན་ངོ་མ་ནི་རྩིས་འཁོར་འཕྲིན་གཏོང་ཁྲོད་དྲ་རྒྱ་དང་རྒྱུད་ཁོངས་ཐོག་མ་གཉིས་གང་གིས་བློས་འཁེལ་བའི་གཏོང་སྤྱོད་ཀྱི་འགན་འཁུར་བ་དེ་ཡིན།

ཁ་ཅིག་གིས་གློག་འཕྲིན་དྲ་རྒྱའི་ལས་སྒྲུབ་ཉམས་མྱོང་ལ་བརྟེན་ནས་དྲ་རྒྱས་བློས་འཁེལ་བའི་གཏོང་སྤྱོད་ཀྱི་འགན་འཁུར་དགོས་པར་ངོས་འཛིན་གྱི་ཡོད།

ཚང་མས་ཤེས་གསལ་ལྟར་སྲོལ་རྒྱུན་གྱི་གློག་འཕྲིན་དྲ་རྒྱའི་ལས་སྒོ་གཙོ་བོ་ནི་ཁ་པར་ཞབས་འདེགས་མཁོ་འདོན་བྱེད་རྒྱུ་དེ་ཡིན། གློག་འཕྲིན་དྲ་རྒྱར་རིན་གོང་ཧ་ཅང་མཐོ་བའི་བྱ་རིམ་ཚོད་འཛིན་མཐུད་འཁོར་བེད་སྤྱོད་ཀྱིན་ཡོད་ལ། ཁ་གཏད་སྦྲེལ་མཐུད་ཀྱི་བྱ་ཐབས་སྤྱད་དེ་གློག་འཕྲིན་དྲ་རྒྱས་སྤྱོད་མཁན་ལ་བློས་འཁེལ་གྱི་བརྒྱུད་གཏོང་བྱེད་རྒྱུར་ཞབས་འདེགས་ཞུ་གྱིན་ཡོད། དེར་བརྟེན་ཁོ་ཚོས་རྩིས་འཁོར་དྲ་རྒྱའི་ཁ་པར་གཏོང་བ་བཞིན་ཁ་གཏད་སྦྲེལ་མཐུད་ཀྱི་འཕྲིན་གཏོང་བྱ་ཐབས་ཞིག་ལ་ངོས་འཛིན་གྱི་ཡོད། རྩིས་འཁོར་གཉིས་ཕན་ཚུན་འཕྲིན་གཏོང་བྱེད་སྐབས་སྔོན་ལ་སྦྲེལ་མཐུད་བྱེད་དགོས། དེས་ཕན་ཚུན་འཕྲིན་གཏོང་བྱེད་སྐབས་དགོས་ངེས་ཀྱི་དྲ་རྒྱའི་ཐོན་ཁུངས་ཁག་ཐེག་བྱེད། དེ་རྗེས་ཕན་ཚུན་སྦྲེལ་ཟིན་པའི་གློག་ལམ་ཟོལ་མ་བརྒྱུད་ནས་ཚོ་བགོད་སྐྱེལ་གཏོང་བྱ། ཚོ་བགོད་ཀྱི་མགོ་ཆ་འདི་ལ་དམིགས་སའི་གཙོ་འཁོར་གྱི་གནས་ཁ་སྐོང་བྱེད་མི་དགོས་ལ། གློག་ལམ་ཟོལ་མ་ཡི་སྒྲིག་ཨང་ཞིག་བཀོད་ན་འགྲིག་པ་ཡིན། དེར་བརྟེན་ཚོ་བགོད་འགྲོ་སོང་ཐད་གྲོན་ཆུང་ངེས་ཅན་ཞིག་བྱེད་ཐུབ། འཕྲིན་གཏོང་ཐབས་ཤེས་འདིར་གལ་ཏེ་དྲ་རྒྱའི་གྲོས་མཐུན་ཡང་བསྐྱར་བེད་སྤྱད་ན་སྐྱེལ་གཏོང་བྱས་པའི་ཚོ་བགོད་དག་ནོར་འཛོལ་དང་བསྐྱར་ཟློས་མེད་པར་འབྱོར་ཐུབ། འཕྲིན་བཏང་ཚར་རྗེས་གློག་ལམ་ཟོལ་མ་གློད་གྲོལ་བྱེད་དགོས། དཔེ་རིས1-1(a)ནི་དྲ་རྒྱས་གློག་ལམ་ཟོལ་མ་ལ་ཞབས་འདེགས་བྱས་པའི་དོན་མཚོན་རི་མོ་ཡིན། རྩིས་འཁོར་མ་ལགH1དངH2གཉིས་བརྗེ་བའི་ཚོ་བགོད་ཚང་མ་ངེས་པར་དུ་སྔོན་ལ་བཙུགས་ཟིན་པའི་གློག་ལམ་ཟོལ་མའི་ཐོག་བརྒྱུད་གཏོང་བྱེད་དགོས།

1.jpg

དཔེ་རིས1-1 དྲ་རྒྱའི་བང་རིམ་ནས་མཁོ་འདོན་བྱས་པའི་ཞབས་འདེགས་མི་འདྲ་བ་གཉིས(a)

1.1.jpg

དཔེ་རིས1-1 དྲ་རྒྱའི་བང་རིམ་ནས་མཁོ་འདོན་བྱས་པའི་ཞབས་འདེགས་མི་འདྲ་བ་གཉིས(b)

དབྱིན་ཐེ་དྲ་རྒྱའི་འཆར་འགོད་བསམ་བློ་ནི་འདི་ལྟ་སྟེ། དྲ་རྒྱ་བང་རིམ་གྱིས་སྟེང་དུ་སྟབས་བདེ་ལ། སྦྲེལ་མཐུད་བྱས་མེད་པ། ནུས་པ་གང་ཡོད་ཀྱིས་གཞི་གྲངས་ཡིག་ཚགས་ཕར་སྤྲོད་ཀྱི་ཞབས་འདེགས་མཁོ་འདོན་བྱེད་པ་དེ་ཡིན། དྲ་རྒྱས་ཚོ་བགོད་སྐྱེལ་གཏོང་བྱེད་སྐབས་ཐོག་མ་ནས་སྦྲེལ་མཐུད་བྱེད་མི་དགོས་ལ། ཚོ་བགོད་སོ་སོ་རང་རྐྱ་ཐུབ་པའི་ངང་སྐྱེལ་གཏོང་བྱེད་པ་ལས། སྔ་ཕྱིའི་ཚོ་བགོད་ལ་འབྲེལ་བ་མེད། དེ་ལྟ་ན་དྲ་རྒྱའི་བང་རིམ་གྱིས་སྐྱེལ་གཏོང་བྱས་པའི་ཚོ་བགོད་ལ་ནོར་འཛོལ་དང་། བོར་བརླག གོ་རིམ་ལྡོག་པ། བསྐྱར་ཟློས་འབྱུང་བ་སོགས་ཀྱི་གནས་ཚུལ་ལ་ཁག་ཐེག་མི་བྱ། བརྒྱུད་གཏོང་དྲ་རྒྱས་སྣེ་ནས་སྣེ་བར་བློས་འཁེལ་བའི་བརྒྱུད་གཏོང་ཞབས་འདེགས་མཁོ་འདོན་མི་བྱེད་པས། དྲ་རྒྱའི་ལམ་སྟོན་ཆས་སྟབས་བདེ་པོ་ཞིག་གིས་ཆོག གལ་ཏེ་གཙོ་འཁོར་གྱི་འཕྲིན་གཏོང་བློས་འཁེལ་ཞིག་དགོས་ན། དྲ་རྒྱའི་སྟེང་གི་གཙོ་འཁོར་གྱི་སྐྱེལ་གཏོང་བང་རིམ་གྱིས་ནོར་འཛོལ་སྒྲིག་གཅོད་དང་རྒྱུག་ཚད་ཚོད་འཛིན་སོགས་ལ་འགན་འཁུར་དགོས། ཇུས་འགོད་དེ་འདྲ་ཞིག་བེད་སྤྱད་པའི་ལེགས་ཆ་ནི་དྲ་རྒྱའི་བཟོ་བཅོས་འགྲོ་གྲོན་ཇེ་ཆུང་དང་འཁོར་སྐྱོད་སྐྱེན་ཞིང་སྤྱོད་སྒོ་མང་དག་ཅིག་ལ་མཐུན། དབྱིན་ཐེ་དྲ་རྒྱ་ད་ལྟའི་གཞི་ཁྱོན་འདི་ལྟ་བུ་ཞིག་འཕེལ་རྒྱས་བྱུང་བ་ལས། ཇུས་འགོད་རིགས་ལམ་འདི་ཡང་དག་པ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད། དཔེ་རིས1-1(b)ཡིས་དྲ་རྒྱས་གཞི་གྲངས་ཚགས་ཡིག་གི་ཞབས་ཞུ་མཁོ་འདོན་བྱེད་པ་མཚོན་ཡོད། གཙོ་འཁོརH1ཡིH2ལ་སྐྱེལ་གཏོང་བྱས་པའི་ཚོ་བགོད་སོ་སོས་རང་རང་གི་ལམ་སྟོན་གདམ་གསེས་བྱེད་ལ། དེའི་ཁྲོད་བོར་བརླག་འབྱུང་བའི་ཉེན་ཁའང་ཡོད།

OSIམ་ལག་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་དྲ་རྒྱ་བང་རིམ་ཁྲོད་གློག་ལམ་ཟོལ་མའི་ཞབས་ཞུ་བཀོལ་སྤྱོད་བྱེད་པར་འདོད་ལ། དེ་མིན་ཁོང་ཚོས་དྲ་རྒྱ་བང་རིམ་ཁྲོད་གློག་ལམ་ཟོལ་མའི་ཞབས་ཞུ་ཡི་ཚད་གཞི་གྲགས་ཅན--ITU-TKཡིX.25གྲོས་གཞིའི་ཡི་གེ་ཁྱབ་སྤེལ་བྱས་མྱོང་མོད། འོན་ཀྱངX.25ད་ལྟ་འདས་ཟིན་པའི་ལོ་རྒྱས་སུ་གྱུར་ཡོད།

རེའུ་མིག1-1གློག་ལམ་ཟོལ་མ་དང་གཞི་གྲངས་ཡིག་ཚགས་ཀྱི་ཞབས་འདེགས་ཀྱི་གཙོ་བོའི་ཁྱད་པར་ཕྱོགས་བསྒྲིགས་བྱས་ཡོད།

རེའུ་མིག1-1 གློག་ལམ་ཟོལ་མ་དང་གཞི་གྲངས་གྲོས་གཞིའི་ཞབས་འདེགས་དཔྱད་བསྡུར།

02.jpg

TCP/IPམ་ལག་ཁྲོད་ཀྱི་དྲ་རྒྱའི་བང་རིམ་གྱིས་གཞི་གྲངས་ཚགས་ཡིག་གི་ཞབས་ཞུ་མཁོ་འདོན་བྱེད་པ་ཡིན། དེར་བརྟེན་གཤམ་ལ་ང་ཚོས་དྲ་རྒྱ་བང་རིམ་གྱིས་ཅི་ལྟརIPགཞི་གྲངས་ཚགས་ཡིག་སྐྱེལ་གཏོང་བྱེད་པ་ལ་བགྲོ་གླེང་ཞིབ་ཏུ་བྱེད།

2 དྲ་རྒྱའི་གྲོས་མཐུནIP

དྲ་རྒྱའི་གྲོས་མཐུནIPནིTCP/IPམ་ལག་ཁྲོད་ཀྱི་གྲོས་མཐུན་གཙོ་བོ་གཉིས་ཀྱི་ཡ་གྱལ[STEV94][CORE06][FORO06]ཡིན་པ་མ་ཟད་ཆེས་འགངས་ཆེ་བའི་དབྱིན་ཐེ་དྲ་རྒྱའི་ཚད་གཞིའི་གྲོས་མཐུན་ཞིག་ཀྱང་ཡིན། IPགྲོས་མཐུན་དང་མཉམ་སྦྱོར་གྱི་གྲོས་མཐུན་ཁག་བཞི་ནི།

(1)གནས་ཡུལ་དབྱེ་ཞིབ་གྲོས་མཐུན། ARP(Address Resolution Protocol)

(2)གནས་ཡུལ་ལྡོག་པ་དབྱེ་ཞིབ་གྲོས་མཐུན། RARP(Reverse Address Resolution Protocol)

(3)དྲ་རྒྱའི་ཚགས་ཡིག་ཚོད་འཛིན་གྲོས་མཐུན། ICMP(Internet Control Message Protocol)

(4)དྲ་རྒྱའི་ཚོ་དོ་དམ་གྲོས་མཐུན། IGMP(Internet Group Management Protocol)

2.jpg

དཔེ་རིས1-2 དྲ་རྒྱའི་གྲོས་མཐུན་དང་མཉམ་སྦྱོར་གྱི་གྲོས་མཐུན།

དཔེ་རིས1-2ནང་གྲོས་མཐུན་འདི་བཞི་དང་དྲ་རྒྱའི་གྲོས་མཐུན་གྱི་སྐོར་བཀོད་ཡོད། བང་རིམ་དེ་རུARPདངRARPཆེས་འོག་ཏུ་བྲིས་ཡོད། རྒྱུ་མཚན་ནིIPདུས་རྒྱུན་དུ་གྲོས་མཐུན་འདི་གཉིས་སྤྱོད་ཀྱི་ཡོད། ICMPདངIGMPབང་རིམ་དེའི་སྟེང་དུ་བྲིས་ཡོད། རྒྱུ་མཚན་ནི་གྲོས་མཐུན་དེ་གཉིས་ཀྱིསIPགྲོས་མཐུན་སྤྱོད་དགོས་པས་སོ།།  དྲ་རྒྱའི་གྲོས་མཐུནIPནི་རྩིས་འཁོར་དྲ་རྒྱ་མང་དག་ཞིག་མཉམ་དུ་སྦྲེལ་ནས་མཉམ་དུ་འཕྲིན་གཏོང་བྱེད་ཆེད་ཡིན། དེར་བརྟེནTCP/IPམ་ལག་ནང་གི་དྲ་རྒྱའི་བང་རིམ་ལ་དུས་རྒྱུན་དུ་དྲ་རྒྱའི་བང་རིམ་མམIPབང་རིམ་ཟེར།

3 བུ་དྲ་དང་རིམ་བརྒལ་དྲ་རྒྱ།
3_1  བུ་དྲའི་རིགས་དབྱེ།

1.རིམ་གཉིསIPཤག་གནས་ནས་རིམ་གསུམIPཤག་གནས་སུ།

ད་ལྟའི་དུས་ནས་བལྟས་ནARPANETགྱིསIPཤག་གནས་འཆར་འགོད་འོས་འཚམ་ཞིག་བྱས་མེད་ལ། དཔེར་ན།

དང་པོ། སྐབས་འགརIPཤག་གནས་ཀྱི་སྤྱོད་ཚད་ཧ་ཅང་དམའ། ཤག་གནས་རིགསAཡི་དྲ་རྒྱ་རུ་སྦྲེལ་པའི་གཙོ་འཁོར་གྱི་གྲངས་ཁྲི1000ལས་བརྒལ་ལ། ཤག་གནས་རིགསBཅན་གྱི་དྲ་རྒྱ་རུ་གཙོ་འཁོར་གྱི་གྲངས་ཁྲི6ཙམ་སྦྲེལ་ཆོག་མོད། འོན་ཀྱང་དྲ་རྒྱ་ཁ་ཤས་ཀྱིས་དྲ་རྒྱ་རུ་སྦྲེལ་བའི་རྩིས་འཁོར་ཁ་གྲངས་ལ་ཚོད་འཛིན་བྱེད་པས་གཙོ་འཁོར་གྱི་གྲངས་མཐོར་པོར་སླེབས་མི་ཐུབ།

གཉིས་པ། དངོས་ལུགས་བང་རིམ་རེ་ལ་དྲ་རྒྱ་ཨང་རྟགས་རེ་བགོས་ན་ལམ་སྟོན་རེའུ་མིག་ཆེ་དྲག་པས་དྲ་རྒྱའི་བྱེད་ནུས་དམན་པར་འགྱུར། ལམ་སྟོན་ཆས་རེ་རེ་ཡིས་ལམ་སྟོན་རེའུ་མིག་ནས་དྲ་རྒྱ་གཞན་ཞིག་གི་ལམ་སྟོན་ཆས་འོག་མར་ཇི་ལྟར་སྦྲེལ་བར་ཤེས་དགོས། དེ་བས་སྦྲེལ་རེས་དྲ་རྒྱ་དྲ་རྒྱའི་ཁྲོད་ཀྱི་དྲ་རྒྱའི་ཁ་གྲངས་ཇི་ལྟར་མང་ན་ལམ་སྟོན་ཆས་ཀྱི་ལམ་སྟོན་རེའུ་མིག་གི་རྣམ་གྲངས་ཀྱང་དེ་ལྟར་མང་དུ་འགྱུར། དེ་བས་ལམ་སྟོན་ཆས་ཕན་ཚུན་བར་ཆ་འཕྲིན་བརྗེ་རེས་བྱེད་ཚད་དྲག་ཏུ་འགྱུར་བས་ལམ་སྟོན་ཆས་དང་དབྱིན་ཐེ་དྲ་རྒྱའི་བྱེད་ནུས་དམའ་རུ་འགྲོ་བ་ཡིན།

གསུམ་པ། རིམ་གཉིསIPཤག་གནས་སྐྱེན་པོ་མེད།

གནད་དོན་འདི་ཐག་གཅོད་བྱེད་ཆེད་དུ1985ལོ་ནས་བཟུངIPཤག་གནས་སུ་བུ་དྲ་ཨང་རྟགས་ཀྱི་ཡིག་དུམ་ཞིག་ཁ་སྣོན་བྱས་ཏེ། རིམ་གཉིསIPཤག་གནས་དེ་རིམ་གསུམ་ཅན་དུ་བསྒྱུར། དེས་གོང་གི་གནད་དོན་ཐག་གཅོད་བྱས་པ་མ་ཟད་དྲ་རྒྱའི་ཤག་གནས་དེ་བེད་སྤྱོད་བྱེད་པའང་སྐྱེན་པོར་བཏང་། ཐབས་ཤེས་འདི་ལ་བུ་དྲའི་རིགས་དབྱེ(subnetting) [PEC950]དང་བུ་དྲའི་ལམ་སྟོན་གདམ་གསེས་ཟེར། བུ་དྲའི་རིགས་དབྱེ་འདི་དབྱིན་ཐེ་དྲ་རྒྱའི་ཚད་ལྡན་གྱི་གྲོས་མཐུན་དུ་གྱུར་ཡོད།

བུ་དྲའི་རིགས་དབྱེ་ཡི་རྩ་བའི་བསམ་བློ་ནི་གཤམ་གསལ་ལྟར།

(1)དངོས་ལུགས་དྲ་རྒྱ་མང་དག་ཡོད་པའི་ལས་ཁུངས་ཤིག་གིས་ཁོངས་སུ་གཏོགས་པའི་དངོས་ལུགས་དྲ་རྒྱའི་བུ་དྲ་མང་དག་ཞིག་ཏུ་རིགས་དབྱེ་ཡོད། བུ་དྲ་རིགས་དབྱེ་བྱེད་པ་ནི་ལས་ཁུངས་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པས་ལས་ཁུངས་གཞན་གྱིས་དྲ་རྒྱ་འདི་ལ་བུ་དྲ་ག་ཚོད་ཡོད་པ་མཐོང་མི་ཐུབ།

(2)བུ་དྲ་དབྱེ་པའི་ཐབས་ཤེས་ནི་དྲ་རྒྱའི་གཙོ་འཁོར་གྱི་ཨང་རྟགས་ཁྲོད་གནས་ཁ་ཤས་གཡར་ནས་བུ་དྲ་ཨང་རྟགསSubnet-idརུ་བྱེད་པ། དེ་ལྟ་ན་གཙོ་འཁོར་གྱི་ཨང་རྟགས་ཡང་དེ་ཙམ་གྱིས་ཉུང་དུ་འགྲོ་དེ་བས་རིམ་གཉིསIPཤག་གནས་ལས་ཁུངས་ནང་ཁུལ་གྱི་རིམ་གསུམIPཤག་གནས་སུ་འགྱུར་ཏེ་དེའི་ཤག་གནས་ལ། དྲ་རྒྱ་ཨང་རྟགས་དང་བུ་དྲ་ཨང་རྟགས། གཙོ་འཁོར་ཨང་རྟགས་བཅས་ཡོད། གཤམ་གྱི་འབྲི་སྟངས་ལྟར་མཚོན་ཏེ།

IPགནས།∷={<དྲ་རྒྱའི་ཨང་རྟགས>;<བུ་དྲའི་ཨང་རྟགས>;<གཙོ་འཁོར་ཨང་རྟགས>}(1-1)

(3)ཕྱིའི་དྲ་རྒྱ་ནས་ལས་ཁུངས་འདིའི་གཙོ་འཁོར་ཞིག་ལIPགཞི་གྲངས་ཡིག་ཚགས་སྐྱེལ་གཏོང་བྱེད་དུས། སྔར་བཞིནIPགཞི་གྲངས་ཡིག་ཚགས་ཀྱི་དམིགས་སའི་དྲ་རྒྱའི་ཨང་རྟགས་ལ་བརྟེན་ནས་དྲ་རྒྱའི་ལམ་སྟོན་ཆས་འཚོལ་བ་ཡིན། ལམ་སྟོན་ཆས་འདི་ལIPགཞི་གྲངས་ཡིག་ཚགས་འབྱོར་རྗེས་དམིགས་སའི་དྲ་རྒྱའི་ཨང་རྟགས་དང་བུ་དྲའི་ཨང་རྟགས་ལ་བརྟེན་ནས་དམིགས་སའི་བུ་དྲ་རྙེད་ཅིང་། དེ་ནསIPགཞི་གྲངས་ཡིག་ཚགས་དམིགས་སའི་འཁོར་གཙོར་གཏོང་སྤྲོད་བྱེད།

2.བུ་དྲའི་སྒྲིབ་ཨང་།

ད་ལྟ་ང་ཚོར་ལྷག་ཡོད་པའི་གནས་ཚུལ་ནི་གཞི་གྲངས་ཡིག་ཚགས་གཅིག(དམིགས་སའི་གནས145.13.3.0)ལམ་སྟོན་ཆསR1ལ་འབྱོར་ཚར་བར་ཆ་བཞག་ན། ལམ་སྟོན་ཆས་འདིས་ག་འདྲ་བྱས་ཏེ་བུ་དྲ145.13.3.0ལ་བརྒྱུད་འགྲེམ་བྱེད་དམ།

ང་ཚོས་ཤེས་གསལ་ལྟརIPགཞི་གྲངས་ཡིག་ཚགས་ཀྱི་མགོ་ཆས་དམིགས་སའི་གཙོ་འཁོར་གྱིས་སྦྲེལ་ཡོད་པའི་དྲ་རྒྱ་དེའི་བུ་དྲ་ཁག་དབྱེ་ཡོད་མེད་ལ་ཤེས་རྟོགས་བྱེད་མི་ཐུབ། དེའི་རྒྱུ་མཚན་ནི་གནས32ཀྱིIPཤག་གནས་ཀྱི་གཞི་གྲངས་ཡིག་ཚགས་མགོ་ཆར་བུ་དྲ་དབྱེ་བའི་ཆ་འཕྲིན་གང་ཡང་ཚུད་མེད་པས་སོ།། དེར་བརྟེན་ངེས་པར་དུ་ཐབས་ཤེས་གཞན་ཞིག་སྤྱོད་དགོས་པ་ནི་བུ་དྲ་སྒྲིག་ཨང་གི་ཐབས་ཡིན།

བུ་དྲའི་སྒྲིབ་ཨང་སྤྱད་པའི་ལེགས་ཆ་ནི། དྲ་རྒྱར་བུ་དྲ་ཁག་དབྱེ་ཡོད་མེད་གང་ཡིན་རུང་བུ་དྲ་སྒྲིག་ཨང་དངIPཤག་གནས་རིམ་ལྟརANDཡིས་རྩིས་བརྒྱབ་ན་མྱུར་བར་དྲ་རྒྱའི་གནས་དེ་ཐོབ་པ་དེ་ཡིན། དེ་བས་ལམ་སྟོན་ཆས་ཀྱིས་ཚོ་བགོད་སྒྲིག་གཅོད་བྱེད་སྐབས་ཀྱང་བརྩི་ཐབས་འདི་སྤྱད་ཆོག

འདིར་གསལ་བོར་ཤེས་དགོས་པ་ནི། བུ་དྲར་མ་དབྱེ་ན་བུ་དྲ་མེད་པས་དེ་ལ་ད་དུང་བུ་དྲའི་སྒྲིབ་ཨང་སྤྱོད་དགོས་དོན་ཅི་ཕྱིར་ཞེས་ན། དེ་ནི་ལམ་སྟོན་རེའུ་མིག་འཚོལ་བདེ་བའི་ཆེད་ཡིན། ད་ལྟའི་དབྱིན་ཐེ་དྲ་རྒྱའི་ཚད་གཞིས་གཏན་འཁེལ་བྱས་པ་ལྟར་ན། དྲ་རྒྱ་ཚང་མས་ངེས་པར་དུ་བུ་དྲའི་སྒྲིབ་ཨང་སྤྱོད་དགོས་པ་མ་ཟད་ལམ་སྟོན་རེའུ་མིག་ཁྲོད་དུ་ངེས་པར་དུ་བུ་དྲའི་སྒྲིབ་ཨང་ཞེས་པའི་བྱང་བུ་ཞིག་ཡོད་དགོས། གལ་ཏེ་དྲ་རྒྱ་ཞིག་ལ་བུ་དྲར་དབྱེ་མེད་ན་དྲ་རྒྱ་དེའི་བུ་དྲའི་སྒྲིབ་ཨང་ལ་སོར་འཇོག་ཀྱི་བུ་དྲའི་སྒྲིབ་ཨང་སྤྱོད་དགོས། སོར་འཇོག་གི་བུ་དྲའི་སྒྲིབ་ཨང་ཁྲོད་ཀྱི1གི་གནས་དངIPཤག་གནས་ནང་གི་དྲ་རྒྱའི་ཨང་རྟགས་ཡིག་དུམNet-idགཉིས་ལྟོས་ཟླ་ཡིན། གལ་ཏེ་སོར་འཇོག་བུ་དྲའི་སྒྲིབ་ཨང་དང་བུ་དྲར་དབྱེ་མེད་པའིIPཤག་གནས་གཉིས་ལ་བརྩི་ཐབསANDསྤྱད་ནIPཤག་གནས་འདིའི་དྲ་རྒྱའི་གནས་ཐོན་ཐུབ། དེ་ལྟར་བྱས་ན་གནས་འདིའི་རིགས་དབྱེའི་གནས་མི་ཤེས་ནའངIPཤག་གནས་འདི་རིགས་གང་དུ་གཏོགས་པ་ཤེས་ཐུབ།

རིགསAགནས་ཀྱི་སོར་འཇོག་བུ་དྲའི་སྒྲིབ་ཨང་ནི255.0.0.0འམ0XFF000000ཡིན།

རིགསBགནས་ཀྱི་སོར་འཇོག་བུ་དྲའི་སྒྲིབ་ཨང་ནི255.255.0.0འམ0XFFFF0000 ཡིན།

རིགསCགནས་ཀྱི་སོར་འཇོག་བུ་དྲའི་སྒྲིབ་ཨང་ནི255.255.255.0 འམ 0XFFFFFF00ཡིན།

དཔེ་རིས1-3ནིIPཤག་གནས་རིགས་འདི་དག་གི་དྲ་རྒྱའི་གནས་དང་དེ་མཐུན་གྱི་སོར་འཇོག་བུ་དྲའི་སྒྲིབ་ཨང་ཡིན།

3.jpg

དཔེ་རིས1-3 རིགསAདང་རིགསB། རི གསCབཅས་ཀྱིIPཤག་གནས་ཀྱི་སོར་འཇོག་བུ་དྲའི་སྒྲིབ་ཨང་།

བུ་དྲའི་སྒྲིབ་ཨང་ནི་དྲ་རྒྱ་གཅིག་གམ་བུ་དྲ་གཅིག་གི་གཏོགས་གཤིས་འགངས་ཆེན་ཞིག་ཡིན། RFC950དེ་དབྱིན་ཐེ་དྲ་རྒྱའི་ཚད་གཞིར་གྱུར་རྗེས། ལམ་སྟོན་ཆས་ཀྱིས་ཉེ་བའི་ལམ་སྟོན་ཆས་དང་ཆ་འཕྲིན་བརྗེ་རེས་བྱེད་སྐབས་ངེས་པར་དུ་རང་ཉིད་ཀྱི་དྲ་རྒྱ་ཡི་བུ་དྲའི་སྒྲིབ་ཨང་ལམ་སྟོན་ཆས་ཕ་རོལ་བོར་སྤྲོད་དགོས།

3_2  ཚོ་བགོད་བརྒྱུད་འགྲེམ།

བུ་དྲ་དབྱེ་རྗེས་ཚོ་བགོད་བརྒྱུད་འགྲེམ་གྱི་བརྩི་ཐབས་ངེས་པར་དུ་བཟོ་བཅོས་བྱེད་དགོས། བུ་དྲ་རིགས་དབྱེ་སྤྱད་རྗེས་ལམ་སྟོན་རེའུ་མིག་ལ་ངེས་པར་དུ་གཤམ་གྱི་ནང་དོན་གསུམ་ཚང་དགོས། དམིགས་སའི་དྲ་རྒྱའི་གནས་དང་བུ་དྲའི་སྒྲིབ་ཨང་། ཤག་གནས་འོག་མ་བཅས་སོ།།

བུ་དྲ་རིགས་དབྱེ་བྱས་རྗེས་ལམ་སྟོན་ཆས་ཀྱིས་ཚོ་བགོད་བརྒྱུད་འགྲེམ་བྱེད་པའི་བརྩི་ཐབས་གཤམ་ལྟར།

(1)འབྱོར་ཟིན་པའི་གཞི་གྲངས་ཡིག་ཚགས་ཀྱི་མགོ་ཆ་ནས་དམིགས་སའིIPཤག་གནསDལེན་པ།

(2)ཐད་ཀར་གཏོང་སྤྲོད་བྱེད་མིན་ལ་བལྟ་ཞིབ་བྱས་ནས། ཐད་ཀར་གཏོང་སྤྲོད་ཡིན་ཚེ་ཤག་གནསDལ་སྤྲད་ནས་ཚོ་བགོད་བརྒྱུད་འགྲེམ་གྱི་མཇུག་རྫོགས་པ། གལ་ཏེ་མིན་ཚེ་བར་བརྒྱུད་གཏོང་སྤྲོད་དེ་གོ་རིམ(3)ལག་བསྟར་བྱེད།

(3)གལ་ཏེ་ལམ་སྟོན་རེའུ་མིག་དམིགས་སའི་ཤག་གནསDཡིས་དམིགས་འཛུགས་བྱས་པའི་གཙོ་འཁོར་གྱི་ལམ་སྟོན་ཆས་ཡོད་ན་གཞི་གྲངས་ཡིག་ཚགས་ལམ་སྟོན་ཆས་རེའུ་མིག་ཏུ་ཡོད་པའི་ལམ་སྟོན་ཆས་འོག་མར་སྐྱེལ་གཏོང་བྱེད། དེ་མིན་ཚེ་གོ་རིམ(4)ལག་བསྟར་བྱེད།

(4) ལམ་སྟོན་རེའུ་མིག་ཁྲོད་ཀྱི་ཕྲེང་བ་རེ་རེར་བུ་དྲའི་སྒྲིབ་ཨང་དང་ཤག་གནསDཡིས་རིམ་བཞིནANDབརྩི་ཐབས་སྤྱད་ནས་རྩིས་ན་ཐོབ་འབྲསNཡིན། གལ་ཏེNདང་ཕྲེང་དེའི་དམིགས་སའི་དྲ་རྒྱའི་གནས་ཡུལ་ཟླ་སྒྲིག་བྱུང་ན་གཞི་གྲངས་ཡིག་ཚགས་ལམ་སྟོན་ཆས་རེའུ་མིག་ཏུ་ཡོད་པའི་ལམ་སྟོན་ཆས་འོག་མར་སྐྱེལ་གཏོང་བྱེད། དེ་མིན་གོ་རིམ(5)ལག་བསྟར་བྱེད།

(5) གལ་ཏེ་ལམ་སྟོན་རེའུ་མིག་སོར་འཇོག་གི་ལམ་སྟོན་ཞིག་ཡོད་ན་གཞི་གྲངས་ཡིག་ཚགས་ལམ་སྟོན་ཆས་རེའུ་མིག་ཏུ་ཡོད་པའི་ལམ་སྟོན་ཆས་འོག་མར་སྐྱེལ་གཏོང་བྱེད། དེ་མིན་གོ་རིམ(6)ལག་བསྟར་བྱེད།

(6)ཚོ་བགོད་བརྒྱུད་འགྲེམ་ནོར་འཁྲུལ་བྱུང་བ་སྙན་ཞུ་བྱེད་པ།

4 ཚོད་འཛིན་ཚགས་ཡིག་གྲོས་མཐུནICMP

IPགཞི་གྲངས་ཡིག་ཚགས་བརྒྱུད་འགྲེམ་དང་གཏོང་སྤྲོད་ལེགས་གྲུབ་འབྱུང་ཆེད། དྲ་རྒྱའི་བང་རིམ་དུ་དྲ་རྒྱའི་ཚོད་འཛིན་ཚགས་ཡིག་གྲོས་མཐུནICMP [RFC792]སྤྱད་ཡོད། ICMPཡིས་གཙོ་འཁོར་འམ་ལམ་སྟོན་ཆས་ཀྱི་ནོར་འཛོལ་སྙན་ཞུ་དང་རྒྱུན་མིན་གྱི་གནས་ཚུལ་མཁོ་འདོན་བྱེད། ICMPནི་དབྱིན་ཐེ་དྲ་རྒྱའི་ཚད་གཞིའི་གྲོས་མཐུན་ཡིན། འོན་ཀྱང ICMPམཐོ་རིམ་གྱི་གྲོས་མཐུན་མིན་པརIPབང་རིམ་གྱི་གྲོས་མཐུན་ཡིན། ICMPཚགས་ཡིག་ནིIPབང་རིམ་གྱི་གཞི་གྲངས་ཡིག་ཚགས་ཀྱི་གཞི་གྲངས་ཡིན། དེ་ལ་གཞི་གྲངས་ཡིག་ཚགས་ཀྱི་མགོ་ཆ་བསྣན་རྗེསIPགཞི་གྲངས་ཡིག་ཚགས་གྲུབ་སྟེ་སྐྱེལ་སྤྲོད་གྲུབ་བྱ། ICMPཚགས་ཡིག་རྣམ་གཞག་དཔེ་རིས1-4ལྟར།

4.jpg

དཔེ་རིས1-4 ICMPཡིག་ཚགས་ཀྱི་རྣམ་གཞག

ICMPཡིག་ཚགས་ཀྱི་རྣམ་གྲངས་ལ་དབྱེ་བ་གཉིས་ཡོད་དེ། ICMPནོར་འཛོལ་གྱི་སྙན་ཞུ་ཡིག་ཚགས་དངICMPགྱི་འདྲི་གཅོད་ཡིག་ཚགས། ICMPཡིག་ཚགས་མདུན་གྱི་ཡིག་ཚགས་བཞི་ཡི་རྣམ་གཞག་གཅིག་གྱུར་ཡིན་པ་དང་ཁྱོན་ཡིག་དུམ་གསུམ་ཡོད་དེ། རིགས་རྣམ། ཚབ་ཨང་དང་ཞིབ་བཤེར་བསྡོམས་བཅས་གསུམ་པོ་ཡིན། དེར་མཐུན་པའི་ཡིག་ཚགས་བཞི་པོའི་ནང་དོན་དངICMPགྱི་རིགས་རྣམ་ལ་འབྲེལ་བ་དམ་དུ་ཡོད། ཆེས་མཇུག་མའི་གཞི་གྲངས་ཡིག་དུམ་གྱི་རིང་ཚདICMPརིགས་རྣམ་ལ་རགས་ལས། རེའུ་མིག1-2རུ་རྒྱུན་སྤྱོད་ཀྱིICMPཡིག་ཚགས་ཀྱི་རིག་རྣམ་འགའ་བསྟན་ཡོད།

རེའུ་མིག1-2རྒྱུན་སྤྱོད་ཀྱིICMPཡིག་ཚགས་ཀྱི་རིགས་རྣམ་འགའ།

01.jpg

ICMPནོར་འཛོལ་ཡིག་ཚགས་སྙན་ཞུར་རིགས་ལྔ་ཡོད་དེ།

(1)མཇུག་གནས་སུ་སླེབས་མི་ནུས། ལམ་སྟོན་ཆས་སམ་གཙོ་འཁོར་གྱིས་གཞི་གྲངས་ཡིག་ཚགས་གཏོང་མ་ཐུབ་ན་ཁུངས་སྣེ་ལ་མཇུག་གནས་སུ་སླེབས་མི་ཐུབ་པའི་སྙན་ཞུ་ཕུལ་དགོས།

(2)ཁུངས་སྣེ་ཚོད་འཛིན་བྱེད་པ། ལམ་སྟོན་ཆས་སམ་གཙོ་འཁོར་རུ་འཚང་ཁ་བྱས་ཏེ་གཞི་གྲངས་ཡིག་ཚགས་བོར་བརླག་བྱུང་ན་ཁུངས་སྣེ་ལ་ཁུངས་སྣེ་ཚོད་འཛིན་གྱི་སྙན་ཞུ་ཕུལ་བ། ཁུངས་སྣེ་ཡིས་དེ་ཚོར་རྗེས་གཞི་གྲངས་གཏོང་བའི་མྱུར་ཚད་དལ་མོར་གཏོང་བ།

(3)དུས་ཚོད་བརྒལ་བ། ལམ་སྟོན་ཆས་ལ་འཚོ་བའི་དུས་ཚོད་ཀླད་ཀོར་ཡིན་པའི་གཞི་གྲངས་ཡིག་ཚགས་འབྱོར་ན་གཞི་གྲངས་ཡིག་ཚགས་འདི་དོར་བ་མ་ཟད་ཁུངས་སྣེ་ལ་དུས་ཚོད་བརྒལ་བའི་སྙན་ཞུ་ཕུལ་བ།

(4)ཞུགས་གྲངས་ཀྱི་གནད་དོན། ལམ་སྟོན་ཆས་སམ་དམིགས་སའི་གཙོ་འཁོར་ལ་འབྱོར་བའི་གཞི་གྲངས་ཡིག་ཚགས་ཀྱི་མགོ་ཆ་ཁྲོད་ཀྱི་ཡིག་དུམ་གྱི་གྲངས་ཐང་ཡང་དག་མིན་ཚེ། གཞི་གྲངས་ཡིག་ཚགས་འདི་དོར་བ་མ་ཟད་ཁུངས་སྣེ་ལ་ཞུགས་གྲངས་ནོར་འཁྲུལ་གྱི་སྙན་ཞུ་ཕུལ་བ།

(5)ལམ་སྟོན་བསྒྱུར་བ། ལམ་སྟོན་ཆས་ཀྱིས་ལམ་སྟོན་བསྒྱུར་བའི་ན་སྙན་ཞུ་རྩིས་འཁོར་ལ་སྤྲད་ན་གཙོ་འཁོར་ལ་ཐེངས་རྗེས་མར་གཞི་གྲངས་ཡིག་ཚགས་བསྐུར་དུས་ལམ་སྟོན་ཆས་གཞན་ལ་སྤྲོད་པ་ཤེས་སུ་འཇུག་དགོས།

གཤམ་དུICMPནོར་འཛོལ་སྙན་ཞུ་ཡིག་ཚགས་བསྐུར་མི་རུང་བའི་གནས་ཚུལ་འགའ་ཡིན།

(1)ICMPནོར་འཛོལ་སྙན་ཞུ་ཡིག་ཚགས་ལICMPནོར་འཛོལ་སྙན་ཞུ་ཡིག་ཚགས་བསྐུར་མི་དགོས།

(2)ལྷེབ་མ་དང་པོའི་གཞི་གྲངས་ཡིག་ཚགས་ལ་གཏོགས་པའི་རྗེས་འཇུག་གཞི་གྲངས་ཡིག་ཚགས་ལྷེབ་ལICMPནོར་འཛོལ་སྙན་ཞུ་ཡིག་ཚགས་བསྐུར་མི་དགོས།

(3)མང་བསྒྲགས་ཤག་གནས་ཅན་གྱི་གཞི་གྲངས་ཡིག་ཚགས་ཚང་མ་ལICMPནོར་འཛོལ་སྙན་ཞུ་ཡིག་ཚགས་བསྐུར་མི་དགོས།

(4)དམིགས་བསལ་ཤག་གནས་ཅན་གྱི་གཞི་གྲངས་ཡིག་ཚགས་ལICMPནོར་འཛོལ་སྙན་ཞུ་ཡིག་ཚགས་བསྐུར་མི་དགོས།

རྒྱུན་སྤྱོད་ཀྱིICMPའདྲི་གཅོད་ཡིག་ཚགས་ལ་རིགས་གཉིས་ཡོད་དེ།

(1)རེ་ཞུ་དང་དྲིས་འདེབས་ཕྱིར་གཏོང་། ICMPརེ་ཞུ་ཡིག་ཚགས་ཕྱིར་གཏོང་ནི་གཙོ་འཁོར་རམ་ལམ་སྟོན་ཆས་ཀྱིས་ངེས་གཏན་གྱི་དམིགས་སའི་གཙོ་འཁོར་ལ་འདྲི་གཅོད་བསྐུར་བ་དེ་ཡིན། དེ་འབྱོར་བའི་གཙོ་འཁོར་གྱིས་ངེས་པར་དུ་འབྱུང་སའི་གཙོ་འཁོར་རམ་ལམ་སྟོན་ཆས་ལICMPལན་གྱི་ཡིག་ཚགས་ཕྱིར་གཏོང་བྱེད་པ། འདྲི་གཅོད་ཡིག་ཚགས་འདི་སྤྱད་པ་ནི་དམིགས་སའི་གཙོ་འཁོར་ལ་འབྱོར་ཡོད་མེད་ཞིབ་བཤེར་བྱ་རྒྱུའི་ཆེད་དུ་ཡིན།

(2)དུས་ཚོད་རྟོལ་རེ་ཞུ་དང་ལན་འདེབས།

ICMPདུས་ཚོད་རྟོལ་སྙན་ཞུ་ཡིག་ཚགས་ནི་གཙོ་འཁོར་རམ་ལམ་སྟོན་ཆས་ཤིག་ལ་མིག་སྔའི་ཚེས་གྲངས་དང་དུས་ཚོད་ཀྱི་ལན་འདེབས། ICMPདུས་ཚོད་རྟོལ་ལན་འདེབས་ཡིག་ཚགས་ཁྲོད་ཡིག་དུམ་གྱི་གནས32ཡོད། དེར་འཁོད་པའི་ཧྲིལ་གྲངས་ཀྱིས1900ལོའི་ཟླ1ཚེས1ཉིན་ནས་ད་བར་དུ་སྐར་ཆ་དུ་འདས་པ་མཚོན། དུས་ཚོད་རྟོལ་རེ་ཞུ་དང་ལན་འདེབས་ཀྱིས་དུས་ཚོད་མཉམ་འགྲོས་དང་དུས་ཡུན་ཚད་འཇལ་བྱེད་པ་ཡིན།

5 ལམ་སྟོན་གདམ་གསེས་གྲོས་མཐུན།

འདིར་ང་ཚོས་རྒྱུན་སྤྱོད་ཀྱི་ལམ་སྟོན་ལམ་སྟོན་གདམ་གསེས་གྲོས་མཐུན་ཁག་གཅིག་དང་ལམ་སྟོན་རེའུ་མིག་ཁྲོད་ཀྱི་ལམ་སྟོན་ནི་ཅི་ལྟར་ཐོབ་པའི་སྐོར་གྲོས་གླེང་བྱེད་པར་བྱ།

5_1 འབྲེལ་ཡོད་ཀྱི་རྩ་བའི་དོན་སྤྱི།
5_1_1 ལམ་སྟོན་བརྩི་ཐབས།

ལམ་སྟོན་གདམ་གསེས་གྲོས་མཐུན་གྱི་གཙོ་གནད་ནི་ལམ་སྟོན་བརྩི་ཐབས་ཡིན་ཏེ། བརྩི་ཐབས་ག་འདྲ་ཞིག་སྤྱད་ནས་ལམ་སྟོན་རེའུ་མིག་ནང་གི་རྣམ་གྲངས་དེ་རྣམས་ཐོབ་པར་བྱེད་པ་དེའོ།། བློ་དང་མཐུན་པའི་ལམ་སྟོན་བརྩི་ཐབས་ལ་གཤམ་གྱི་ཁྱད་ཆོས[BELL86]དག་ལྡན་དགོས་ཏེ།

(1)བརྩི་ཐབས་ནི་ངེས་པར་དུ་ཡང་དག་པ་དང་ཆ་ཚང་བ་ཞིག་ཡིན་དགོས། འདིར་ཡང་དག་པ་ཞེས་པའི་ནང་དོན་ནི་ལམ་སྟོན་རེའུ་མིག་འདིས་བསྟན་པའི་ལམ་སྟོན་བརྒྱུད་ན་ཚོ་བགོད་དམིགས་སའི་དྲ་རྒྱ་དང་དམིགས་སའི་གཙོ་འཁོར་དུ་སླེབས་ཐུབ།

(2)བརྩི་ཐབས་འདིར་རྩིས་རྒྱག་རྒྱུ་སྟབས་བདེ་པོ་ཡིན་དགོས། ལམ་སྟོན་གདམ་གསེས་ཀྱི་བརྩི་ཐབས་འདིས་དྲ་རྒྱའི་འཕྲིན་གཏོང་ལ་དགོས་མེད་ཀྱི་འགྲོ་གྲོན་མི་གཏོང་བ།

(3)བརྩི་ཐབས་འདིས་དྲ་རྒྱའི་འཕྲིན་གཏོང་དང་དྲ་རྒྱའི་ཐོ་ཕུ་ཡི་འགྱུར་བ་ལ་བསྟུན་ཐུབ་དགོས། དྲ་རྒྱའི་འཕྲིན་གཏོང་གི་ཚད་ལ་འགྱུར་བ་བྱུང་དུས་བརྩི་ཐབས་ཀྱིས་དེ་དང་བསྟུན་ནས་སྦྲེལ་ལམ་སོ་སོའི་ཁུར་པོ་ཆ་སྙོམ་དུ་བྱེད་པ། ཚིགས་ཚེག་ཁ་ཤས་དང་སྦྲེལ་ལམ་ལ་གནད་དོན་བྱུང་ཚེ་བརྩི་ཐབས་འདིས་དུས་དང་བསྟུན་ནས་ལམ་སྟོན་བསྒྱུར་བ་ཡིན།

(4)བརྩི་ཐབས་ལ་གཏན་ཆགས་རང་བཞིན་དགོས།

(5)བརྩི་ཐབས་འདྲ་མཉམ་ཡིན་དགོས།

(6)བརྩི་ཐབས་ནི་ཁྱད་དུ་འཕགས་པ་ཞིག་ཡིན་དགོས། བརྩི་ཐབས་འདིས་ཆེས་ལེགས་པའི་ལམ་སྟོན་འཚོལ་བ་ཡིན་པས། ཆ་སྙོམས་ཚོ་བགོད་ཀྱི་དུས་འགྱངས་ཆེས་ཐུང་ལ་དྲ་རྒྱ་ནུས་ཚད་ཆེས་མཐོ་བར་འདེགས་ངེས།

ལམ་སྟོན་གདམ་གསེས་བརྩི་ཐབས་ཤིག་ཡིན་ན་དེ་ཉིད་བློ་དང་མཐུན་པའི་བརྩི་ཐབས་ཤིག་ཡིན་དགོས་ཏེ། བཀོལ་སྤྱོད་ཀྱི་ཆ་རྐྱེན་མི་འདྲ་བའི་འོག་གོང་དུ་བསྟན་པའི་ཕྱོགས་དྲུག་པོ་དེ་ལའང་གཙོ་ཕལ་གྱི་དབྱེ་བ་བྱེད།

5_1_2 གདམ་གསེས་གྲོས་མཐུན།

དབྱིན་ཐེ་དྲ་རྒྱར་སྤྱོད་པའི་ལམ་སྟོན་གདམ་གསེས་གྲོས་མཐུན་དེ་བབ་བསྟུན་གྱི་རང་བཞིན་དང་ཁྱབ་ཚུལ་གྱི་ལམ་སྟོན་གདམ་གསེས་གྲོས་མཐུན་ཞིག་ཡིན་དགོས། གཤམ་གྱི་རྒྱུ་རྐྱེན་གཉིས་གཞི་བྱས་ནས་དབྱིན་ཐེ་དྲ་རྒྱར་བང་རིམ་དབྱེ་བའི་ལམ་སྟོན་གདམ་གསེས་གྲོས་མཐུན་འདི་སྤྱད་པ་ཡིན།

(1)དབྱིན་ཐེ་དྲ་རྒྱའི་ཁྱབ་ཁོངས་ཧ་ཅང་ཆེ་ལ་དེ་རུ་ལམ་སྟོན་ཆས་ཁྲི་ཕྲག་དུ་མ་ཞིག་སྦྲེལ་ཡོད། གལ་ཏེ་ལམ་སྟོན་ཆས་ཐ་དག་གིས་དྲ་རྒྱ་རུ་སྦྲེལ་པ་ན་ལམ་སྟོན་རེའུ་མིག་ཀྱང་ཧ་ཅང་རྒྱ་ཆེ་བ་མ་ཟད། དེ་ཉིད་སྒྲིག་གཅོད་བྱེད་པའང་དུས་ཚོད་རིང་བོ་ཞིག་དགོས། ལམ་སྟོན་ཆས་འདི་དག་གི་བར་ལམ་སྟོན་ཆ་འཕྲིན་བརྗེ་རེས་བྱེད་པ་མཁོ་བའི་ཐགས་ཞེང་འགེངས་བར་འགྱུར།

(2)ལས་ཁུངས་མང་ཆེ་བས་རང་ལས་ཁུངས་ཀྱི་དྲ་རྒྱའི་འདུ་འགོད་དང་ལམ་སྟོན་གདམ་གསེས་གྲོས་མཐུན་སོགས་ཕྱི་རོལ་ལ་ཤེས་སུ་འཇུག་མི་འདོད་པར། དབྱིན་ཐེ་དྲ་རྒྱར་སྦྲེལ་བར་སྙམ་པ་ཡིན། དེ་བས་དབྱིན་ཐེ་དྲ་རྒྱས་སྦྲེལ་རེས་དྲ་རྒྱ་ཧྲིལ་བོ་ཅུང་ཆུང་བའི་རང་སྐྱོང་རྒྱུད་ཁོངས་དུ་མ་ཞིག་ཏུ་བགོས།

མིག་སྔར་དབྱིན་ཐེ་དྲ་རྒྱ་ཁྲོད་ཀྱིISPཆེ་ཤོས་ཞིག་རང་སྐྱོང་རྒྱུད་ཁོངས་གཅིག་ཡིན། དེ་བས་དབྱིན་ཐེ་དྲ་རྒྱས་ལམ་སྟོན་གདམ་གསེས་གྲོས་མཐུན་གཤམ་གྱི་རིགས་གཉིས་སུ་དགར་ཡོད།

(1)ནང་ཁུལ་དྲ་སྒོ་གྲོས་མཐུནIGPའདི་ཉིད་ནི་རང་སྐྱོང་རྒྱུད་ཁོངས་ཤིག་གི་ཁྲོད་དུ་སྤྱོད་པའི་ལམ་སྟོན་གདམ་གསེས་གྲོས་མཐུན་ཡིན། གྲོས་མཐུན་འདི་དང་རང་སྐྱོང་རྒྱུད་ཁོངས་གཞན་དག་གིས་བེད་སྤྱོད་བྱེད་པའི་ལམ་སྟོན་གདམ་གསེས་གྲོས་མཐུན་ལ་འབྲེལ་བ་མེད། མིག་སྔར་ལམ་སྟོན་གདམ་གསེས་གྲོས་མཐུན་འདིའི་རིགས་བེད་སྤྱོད་བྱེད་པ་ཤིན་ཏུ་མང་། དཔེར་ནRIPདངOSPFགྲོས་མཐུན་ལྟ་བུ།

(2)ཕྱིའི་དྲ་སྒོ་གྲོས་མཐུནEGPགལ་ཏེ་འབྱུང་སའི་གཙོ་འཁོར་དང་དམིགས་སའི་གཙོ་འཁོར་གཉིས་རང་སྐྱོང་རྒྱུད་ཁོངས་མི་འདྲ་བར་གནས་ཡོད་ཚེ། གཞི་གྲངས་ཡིག་ཚགས་རང་སྐྱོང་རྒྱུད་ཁོངས་གཅིག་གི་མཐར་སླེབས་ཚེ་གྲོས་མཐུན་ཤིག་སྤྱད་དེ་ལམ་སྟོན་གདམ་གསེས་ཀྱི་ཆ་འཕྲིན་རང་སྐྱོང་རྒྱུད་ཁོངས་གཞན་ཞིག་ལ་སྐྱེལ་གཏོང་བྱེད། གྲོས་མཐུན་འདི་ལ་ཕྱིའི་དྲ་སྒོ་གྲོས་མཐུནEGPཞེས་ཟེར། མིག་སྔར་བེད་སྤྱོད་བྱེད་རྒྱ་ཆེ་བའི་ཕྱིའི་དྲ་སྒོ་གྲོས་མཐུན་ནིBGPཡི་པར་གཞི4(BGP-4)དེ་ཡིན།

དཔེ་རིས1-5ནི་རང་སྐྱོང་རྒྱུད་ཁོངས་གཉིས་ཕན་ཚུན་མཉམ་དུ་སྦྲེལ་བའི་དོན་མཚོན་རི་མོ་ཡིན། རང་སྐྱོང་རྒྱུད་ཁོངས་ཀྱིས་རང་ཉིད་ཀྱི་ནང་རོལ་དུ་ལམ་སྟོན་གདམ་གསེས་གྲོས་མཐུན་གང་ཞིག་སྤྱོད་པ་གཏན་འཁེལ་བྱེད་དགོས། འོན་ཀྱང་རང་སྐྱོང་རྒྱུད་ཁོངས་སོ་སོའི་ནང་རོལ་དུ་ལམ་སྟོན་ཆས་གཅིག་གམ་གང་མང་ཡོད། རང་སའི་རྒྱུད་ཁོངས་ཀྱི་ལམ་སྟོན་གདམ་གསེས་གྲོས་མཐུན་འཁོར་བསྐྱོད་བྱེད་པ་ལས་གཞན་རང་སྐྱོང་རྒྱུད་ཁོངས་བར་གྱི་ལམ་སྟོན་གདམ་གསེས་གྲོས་མཐུན་ཡང་འཁོར་སྐྱོད་བྱེད་དགོས(BGP-4)

5.jpg

དཔེ་རིས1-5 རང་སྐྱོང་རྒྱུད་ཁོངས་དང་ནང་ཁུལ་དྲ་སྒོ་གྲོས་མཐུན། ཕྱིའི་དྲ་སྒོ་གྲོས་མཐུན།

ཅུང་ཆེ་བའི་རང་སྐྱོང་རྒྱུད་ཁོངས་ཞིག་ལ་མཚོན་ན་དྲ་རྒྱ་ཡོད་ཚད་མུ་མཐུད་དུ་རིགས་དུ་མར་དབྱེ་ཆོག་དཔེར་ན་སྦྲེལ་ལམ་གྱི་མྱུར་ཕྱོད་མཐོན་པོའི་དྲ་རྒྱ་གཅིག་དང་མྱུར་ཕྱོད་ཅུང་དམའ་བའི་ཁྱབ་ཆུང་དྲ་རྒྱ་དུ་མ་བཟོ་བཀོད་བྱེད་ཆོག ཁྱབ་ཆུང་དྲ་རྒྱ་སོ་སོ་ལམ་སྟོན་ཆས་བརྒྱུད་ནས་དྲ་གཙོ་རུ་སྦྲེལ་བ་དང་། ཁྱབ་ཁུལ་ཞིག་ནས་དམིགས་གནས་མ་རྙེད་ན་དྲ་གཙོ་བརྒྱུད་ནས་ཁྱབ་ཆུང་དྲ་རྒྱ་གཞན་ཞིག་ལ་སླེབས་པའམ། ཡང་ན་ཕྱིའི་ལམ་སྟོན་ཆས་བརྒྱུད་དེ་རང་སྐྱོང་རྒྱུད་ཁོངས་གཞན་ཞིག་ནས་འཚོལ་ཞིབ་བྱེད།


5_2 ནང་ཁུལ་དྲ་སྒོ་གྲོས་མཐུནRIP
5_2_1 རྩ་བའི་རིགས་ལམ།

ལམ་སྟོན་ཆ་འཕྲིན་གྲོས་མཐུནRIPནི་ནང་ཁུལ་དྲ་སྒོ་གྲོས་མཐུནIGPཁྲོད་ཀྱི་ཆེས་ཐོག་མར་ཁྱབ་གདལ་སོང་བའི་གྲོས་མཐུན་ཡིན། [RFC 1058]RIPནི་བར་ཐག་ཕྱོགས་ཚད་ཀྱི་ལམ་སྟོན་གདམ་གསེས་གཞི་བྱས་པའི་ཁྱབ་ཚུལ་གྱི་གྲོས་མཐུན་ཞིག་ཡིན། དེ་ནི་དབྱིན་ཐེ་དྲ་རྒྱའི་ཚད་གཞིའི་གྲོས་མཐུན་ཞིག་ཡིན་ལ་དེ་ལ་སྟབས་བདེ་བའི་ཁྱད་ཆོས་ཡོད།

RIPགྲོས་མཐུན་གྱི་ཁྲོད་ཀྱི་བར་ཐག་ཅེས་པ་ལ་མཆོངས་གྲངས་ཞེས་ཀྱང་ཟེར། དེ་ནི་ལམ་སྟོན་ཆས་རེ་བརྒྱུད་ཚེ་མཆོངས་གྲངས1ཁ་སྣོན་བྱེད་པས་སོ།། RIPལྟར་ན་ལམ་སྟོན་ཆས་ཡག་ཤོས་ནི་ལམ་སྟོན་ཆས་སུ་བརྒྱུད་པའི་གྲངས་ཉུང་བ་དེ་ཡིན། RIPལྟར་ན་རྒྱུ་ལམ་གཅིག་ཏུ་ལམ་སྟོན་ཆས15ལས་བརྒལ་མི་རུང་། དེར་བརྟེན་བར་ཐག16ཡིན་ཚེ་དམིགས་སར་སླེབས་མི་ཐུབ་པ་མཚོན། དེ་བསRIPསྦྲེལ་རེས་དྲ་རྒྱ་ཆུང་ཤོས་ཁོ་ནར་འཚམ་པ་ཡིན། ཡིད་གཟབ་བྱེད་དགོས་པ་ལ་ཐད་ཀར་དྲ་རྒྱ་རུ་སྦྲེལ་བའི་བར་ཐག་ཀྱང0རུ་གཏན་འཁེལ་བྱེད།

RIPགྲོས་མཐུན་ལ་ཁྱད་ཆོས་འགའ་ཡོད་པ་གཤམ་ལྟར།

(1)ཉེ་བའི་ལམ་སྟོན་ཆས་ཁོ་ན་དང་ཆ་འཕྲིན་བརྗེ་རེས་བྱེད་པ། ལམ་སྟོན་ཆས་གཉིས་བར་འཕྲིན་གཏོང་བྱེད་དུས་ལམ་སྟོན་ཆས་གཞན་དུ་བརྒྱུད་མི་དགོས་ཚེ་འདི་ཉིད་ལ་ཉེ་བའི་ལམ་སྟོན་ཆས་ཟེར། RIPགྲོས་མཐུན་གྱིས་མི་ཉེ་བའི་ལམ་སྟོན་ཆས་བར་ཆ་འཕྲིན་བརྗེ་རེས་མི་བྱེད་པ་གཏན་འཁེལ་བྱས་ཡོད།

(2)ལམ་སྟོན་ཆས་ཀྱིས་བརྗེ་རེས་བྱེད་པ་ཆ་འཕྲིན་ནི་ལམ་སྟོན་ཆས་ཀྱིས་རྟོགས་པའི་ཆ་འཕྲིན་ཡོད་ཚད་དེ་རང་ཉིད་ཀྱི་ལམ་སྟོན་རེའུ་མིག་ཡིན་དགོས།

(3)དུས་ཚོད་གཏན་འཁེལ་བྱས་ནས་དུས་ལྟར་ལམ་སྟོན་ཆ་འཕྲིན་བརྗེ་རེས་བྱེད་པ། དཔེར་ན། སྐར་ཆ་སུམ་བཅུ་ནང་ཆ་འཕྲིན་ཐེངས་རེ་བརྗེ་རེས་བྱེད་པ། ལམ་སྟོན་ཆས་ཀྱིས་འབྱོར་བའི་ལམ་སྟོན་ཆ་འཕྲིན་གཞིར་བཟུང་ནས་ལམ་སྟོན་རེའུ་མིག་གསར་བསྒྱུར་བྱེད་པ་དང་། དྲ་རྒྱའི་ཐོ་ཕུ་འགྱུར་བ་བྱུང་ཚེ་ལམ་སྟོན་ཆས་ཀྱིས་དུས་དང་བསྟུན་ནས་ཉེ་བའི་ལམ་སྟོན་ཆས་ལ་ཐོ་ཕུ་འགྱུར་ལྡོག་བྱུང་བའི་ལམ་སྟོན་ཆ་འཕྲིན་བརྡ་ཁྱབ་བྱེད།

ལམ་སྟོན་རེའུ་མིག་ཁྲོད་ཀྱི་ཆ་འཕྲིན་གཙོ་བོ་ནི་དྲ་རྒྱ་གཞན་ཞིག་ལ་འབྱོར་བའི་བར་ཐག་བརྒྱུད་དགོས་པའི་གནས་ཡུལ་འོག་མ་སོགས་ཡིན། ལམ་སྟོན་རེའུ་མིག་གསར་བསྒྱུར་བྱེད་པའི་རྩ་དོན་ནི་དམིགས་སའི་དྲ་རྒྱ་ཞིག་ལ་འབྱོར་བའི་ཆེས་ཐུང་བའི་བར་ཐག་འཚོལ་རྒྱུ་དེ་ཡིན །གསར་བསྒྱུར་བརྩི་ཐབས་འདི་ལ་ཐག་ཕྱོགས་ཚད་ཀྱི་བརྩི་ཐབས་ཟེར།

5_2_2 བར་ཐག་ཕྱོགས་ཚད་རྩིས་ཐབས།

ཉེ་བའི་ལམ་སྟོན་ཆས་རེ་བསྐུར་བའིRIPཡིག་ཚགས་གཤམ་གྱི་གོ་རིམ་བརྒྱུད་དགོས།

(1)གནསXཡིན་པའི་ཉེ་བའི་ལམ་སྟོན་ཆས་ཀྱིས་བསྐུར་ཡོང་བའིRIPཡིག་ཚགས་ཁྲོད་ཀྱི་རྣམ་གྲངས་ཡོད་ཚད་ལ་བཟོ་བཅོས་བྱེད་དེ། འོག་མ་ཞེས་པའི་ཡིག་དུམ་ཁྲོད་ཀྱི་གནས་ཡུལ་རྣམསXལ་བསྒྱུར་བ། བར་ཐག་ཡིག་དུམ་ཡོད་ཚད་ལ་གྲངས་ཐང1སྣོན་པར་བྱེད་པ་དེ་ཡིན། རྣམ་གྲངས་རེ་རེར་གནད་འགག་གཞི་གྲངས་གསུམ་ཡོད་དེ། དམིགས་སའི་དྲ་རྒྱNལ། བར་ཐག་ནིdདང་ལམ་སྟོན་ཆས་འོག་མ་ནིXཡིན།

(2)བཟོ་བཅོས་བྱས་ཟིན་པའིRIPཡིག་ཚགས་རྣམ་གྲངས་རེ་རེར་གཤམ་གྱི་གོ་རིམ་འདི་དག་བརྒྱུད་དགོས། གལ་ཏེ་སྔར་གྱི་ལམ་སྟོན་རེའུ་མིག་ཁྲོད་དམིགས་སའི་དྲ་རྒྱNམེད་ན་རྣམ་གྲངས་དེ་ལམ་སྟོན་རེའུ་མིག་ཏུ་འགོད་པ།

དེ་མིན(ལམ་སྟོན་རེའུ་མིག་ནང་དུ་དམིགས་སའི་དྲ་རྒྱNཡོད་ན་ལམ་སྟོན་ཆས་ཀྱི་གནས་འོག་མ་འཚོལ་ཞིབ་བྱེད་པ)

གལ་ཏེ་ལམ་སྟོན་ཆས་འོག་མའི་གནསXཡིན་ན་སྔ་མའི་ལམ་སྟོན་རེའུ་མིག་ཁྲོད་ཀྱི་རྣམ་གྲངས་འབྱོར་བའི་རྣམ་གྲངས་དག་ཏུ་བརྗེ་བ།

དེ་མིན(རྣམ་གྲངས་དེ་ནི་དམིགས་སའི་དྲ་རྒྱNལ་སྤྲོད། འོན་ཀྱང་ལམ་སྟོན་ཆས་འོག་མXམིན)

གལ་ཏེ་འབྱོར་བའི་རྣམ་གྲངས་ཁྲོད་ཀྱི་བར་ཐགDལམ་སྟོན་རེའུ་མིག་ཁྲོད་ཀྱི་བར་ཐག་ལས་ཐུང་ན་ལམ་སྟོན་རེའུ་མིག་གསར་བསྒྱུར་བྱེད། དེ་མིན་ན་ལས་ཅི་ཡང་མི་བྱེད།

(3)གལ་ཏེ་སྐར་མ་གསུམ་དུ་ཉེ་བའི་ལམ་སྟོན་ཆས་ཀྱི་ལམ་སྟོན་རེའུ་མིག་གསར་བསྒྱུར་བྱས་པ་མ་འབྱོར་ཚེ་ཉེ་བའི་ལམ་སྟོན་ཆས་དེ་འབྲས་མེད་དུ་ངོས་འཛིན།

(4)ཕྱིར་ལོག

གོང་དུ་བསྟན་པའི་བར་ཐག་ཕྱོགས་ཚད་བརྩི་ཐབས་ཀྱི་རྨང་གཞི་ནིBellman-Ford

བརྩི་ཐབས་ཡིན། བརྩི་ཐབས་འདིའི་གནད་འགག་ནི་གཙོ་བོ་གཤམ་ལྟར། གལ་ཏེXཡི་ཚིགས་ཚེགAནསBབར་གྱི་ལམ་ཐག་ཐུང་ཤོས་ཀྱི་ཚིགས་ཚེག་གཅིག་ཡིན་ན། ལམ་ཐགA→B བར་ཀྱི་ལམ་ཐག་དེA→XདངX→Bབགོ་བར་བྱེད། དེ་ལསA→XདངX→B སོ་སོའི་ཚིགས་ཚེགA ནསXདང་། XནསBབར་གྱི་ལམ་ཐག་ནི་ཆེས་ཐུང་བའི་ལམ་ཐག་ཡིན།

5_3 ནང་གི་དྲ་སྒོ་གྲོས་མཐུནOSPF
5_3_1 OSPFགྲོས་མཐུན་གྱི་རྩ་བའི་ཁྱད་ཆོས།

གྲོས་མཐུན་དེའི་མིང་ལ་ཐོག་མའི་རྒྱུ་ལམ་ཐུང་ཤོས་འབྱེད་པOSPFཟེར། དེ་ནིRIPཡི་ཞན་ཆ་སེལ་ཆེད1989ལོར་གསར་དུ་བཏོན་པ་དང་། OSPFཡི་རིགས་ལམ་ཧ་ཅང་སླ་མོད། འོན་ཀྱང་དེ་ཉིད་མངོན་འགྱུར་བྱེད་པར་རྙོག་འཛིང་ཆེན་པོ་ཡོད། OSPFཡི་པར་གཞི་གཉིས་པOSPF2དེ་དབྱིན་ཐེ་དྲ་རྒྱའི་ཚད་གཞི་གྲོས་མཐུན[RFC2328]དུ་གྱུར་ཡོད།

OSPFཡི་ཁྱད་ཆོས་གཙོ་བོ་ནི་ཁྱབ་ཚུལ་ཅན་གྱི་སྦྲེལ་ལམ་རྣམ་པའི་གྲོས་མཐུན་བེད་སྤྱོད་བྱས་པ་དེ་ཡིན། RIPགྲོས་མཐུན་དང་བསྡུར་ནOSPFཡི་གནད་འགག་གསུམ་ནསRIPདང་མི་འདྲ་ས་ཡོད།

(1)རང་སྐྱོང་རྒྱུད་ཁོངས་རང་གི་ལམ་སྟོན་ཆས་ཡོད་ཚད་ལ་ཆ་འཕྲིན་གཏོང་བ། འདི་རུ་ཧུང་ཧྥན་ཐབས་ཞེས་པ་ཞིག་སྤྱད། ཐབས་འདིས་ལམ་སྟོན་ཆས་ཕྱི་འདྲེན་དང་ནང་འཇུག་གི་སྣེ་ནས་ཉེ་བའི་ལམ་སྟོན་ཆས་ཡོད་ཚད་ལ་ཆ་འཕྲིན་བསྐུར་བ་ཡིན།

(2)སྐྱེལ་གཏོང་བྱས་པའི་ཆ་འཕྲིན་ནི་ལམ་སྟོན་ཆས་འདི་དང་ཉེ་བའི་ལམ་སྟོན་ཆས་གཞན་དག་གི་སྦྲེལ་ལམ་གྱི་རྣམ་པ་ཡིན། སྦྲེལ་ལམ་གྱི་རྣམ་པས་ལམ་སྟོན་ཆས་འདི་ཉེ་བའི་ལམ་སྟོན་ཆས་གཞན་པ་གང་དག་དང་སྦྲེལ་ཡོད་པ་མཚོན།

(3)སྦྲེལ་ལམ་གྱི་རྣམ་པ་ལ་འགྱུར་ལྡོག་བྱུང་དུས་ལམ་སྟོན་ཆས་ཀྱིས་ད་གཟོད་ཧུང་ཧྥན་ཐབས་སྤྱད་ནས་ཆ་འཕྲིན་འདི་ལམ་སྟོན་ཆས་གཞན་དག་ལ་སྐྱེལ་གཏོང་བྱེད་པ་ཡིན།

གོང་གི་གནད་འགག་གསུམ་ལསOSPFདངRIPགཉིས་ཀྱི་ལས་ཀའི་རིགས་ལམ་གྱི་ཁྱད་པར་མཐོང་ཐུབ།

5_3_2 OSPFཡི་ཚོ་བགོད་རིགས་ལྔ།

OSPFལ་གཤམ་གྱི་ཚོ་བགོད་རིགས་ལྔ་ཡོད་དེ།

(1)རིགས་དང་པོ། མཚམས་འདྲིའི་ཚོ་བགོད། ཉེ་བའི་གནས་ཚིགས་སུ་འབྱོར་མིན་ལ་རྒྱུས་ལོན་བྱེད།

(2)རིགས་གཉིས་པ། གཞི་གྲངས་མཛོད་ཞིབ་བརྗོད་ཚོ་བགོད། ཉེ་བའི་གནས་ཚིགས་ལ་རང་ཉིད་ཀྱི་སྦྲེལ་ལམ་གྱི་རྣམ་པའི་གཞི་གྲངས་མཛོད་ཁྲོད་ཀྱི་སྦྲེལ་ལམ་རྣམ་པའི་རྣམ་གྲངས་ཀྱི་ཆ་འཕྲིན་ཉིང་བསྡུས་སྐྱེལ་གཏོང་བྱེད་པ།

(3)རིགས་གསུམ་པ། སྦྲེལ་ལམ་གྱི་རྣམ་པའི་རེ་ཞུ་ཚོ་བགོད། ཕ་རོལ་བོར་སྦྲེལ་ལམ་གྱི་རྣམ་པའི་རྣམ་གྲངས་ཆ་འཕྲིན་སྐྱེལ་གཏོང་བྱ་བར་རེ་ཞུ་བྱེད་པ།

(4)རིགས་བཞི་བ། སྦྲེལ་ལམ་རྣམ་པ་གསར་བསྒྱུར་གྱི་ཚོ་བགོད། ཧུང་ཧྥན་ཐབས་སྤྱད་ནས་དྲ་རྒྱ་ཡོངས་ཀྱི་སྦྲེལ་ལམ་རྣམ་པ་གསར་བསྒྱུར། འདི་ཉིད་ནིOSPFགྲོས་མཐུན་གྱི་གྲུབ་ཆ་གཙོ་བོ་ཡིན།

(5)རིགས་ལྔ་བ། སྦྲེལ་ལམ་གྱི་རྣམ་པ་ངོས་འཛིན་བྱེད་པའི་ཚོ་བགོད། དེས་སྦྲེལ་ལམ་ཚོ་བགོད་གསར་བསྒྱུར་ལ་ངོས་འཛིན་བྱེད།

OSPFཡིས་ཉེ་བའི་ལམ་སྟོན་ཆས་གཉིས་བར་སྐར་ཆ་བཅུའི་ནང་ཚོ་བགོད་རེ་ཞུ་ཐེངས་རེར་ཕན་ཚུན་སྐྱེལ་གཏོང་བྱེད་དགོས་པ་གཏན་འཁེལ་བྱས་ཡོད། དེ་བས་ཉེ་བའི་གནས་ཚིགས་གང་དག་ལ་སྐྱེལ་གཏོང་བྱེད་ཐུབ་མིན་ཤེས།

OSPFཡིས་ལམ་སྟོན་ཆས་རེ་ལ་གཞི་གྲངས་མཛོད་ཞིབ་བརྗོད་ཀྱི་ཚོ་བགོད་དང་ཉེ་བའི་ལམ་སྟོན་ཆས་ལ་གཞི་གྲངས་མཛོད་དེ་རུ་ཡོད་པའི་སྦྲེལ་ལམ་གྱི་རྣམ་པའི་ཆ་འཕྲིན་བརྗེ་རེས་བྱེད་དུ་འཇུག ཆ་འཕྲིན་ཉིང་བསྡུས་ཀྱིས་གཞི་གྲངས་མཛོད་དུ་བྲིས་ཟིན་པའི་ལམ་སྟོན་ཆས་ཀྱི་སྦྲེལ་ལམ་རྣམ་པའི་ཆ་འཕྲིན་བསྟན་ཡོད། ཉེས་པའི་ལམ་སྟོན་ཆས་སུ་བརྒྱུད་པའི་གཞི་གྲངས་མཛོད་ཞིབ་བརྗོད་ཀྱི་ཚོ་བགོད་བརྗེ་རེས་བྱས་རྗེས་ལམ་སྟོན་ཆས་ཀྱིས་སྦྲེལ་ལམ་རྣམ་པའི་རེ་ཞུ་ཚོ་བགོད་སྤྱད་ནས་ཕ་རོལ་ལ་རང་ལ་མཁོ་བའི་སྦྲེལ་ལམ་རྣམ་པའི་ཆ་འཕྲིན་གཏོང་བར་རེ་ཞུ་བྱེད་པ་ཡིན། ཚོ་བགོད་བརྗེ་རེས་ཀྱི་ལས་འདི་དག་བགྱིས་ནས་དྲ་རྒྱ་ཡོངས་ཀྱི་འགྲོས་མཉམ་གྱི་སྦྲེལ་ལམ་གཞི་གྲངས་མཛོད་འདི་བསྐྲུན་ཐུབ།

5_4 ཕྱིའི་དྲ་སྒོ་གྲོས་མཐུནBGP

1989ལོར་ཕྱིའི་དྲ་སྒོ་གྲོས་མཐུན་ཏེ་མཐའ་མཚམས་དྲ་སྒོ་གྲོས་མཐུན་མཛོདBGP ཞེས་པ་ཁྱབ་བསྒྲགས་བྱས། BGPནིASམི་འདྲ་བའི་ལམ་སྟོན་ཆས་བར་ལམ་སྟོན་ཆ་འཕྲིན་བརྗེ་རེས་བྱེད་པའི་གྲོས་མཐུན་ཞིག་ཡིན། སྟབས་བདེ་བའི་ཆེད་དུ་ང་ཚོསBGP-4ཡོད་ཚདBGPརུ་བསྡུས་འབྲི་བྱས་ཡོད།

ནང་ཁུལ་དྲ་སྒོ་གྲོས་མཐུན་གྱིས་གཞི་གྲངས་ཡིག་ཚགས་ཤིགASཁྲོད་ནུས་པ་ཡོད་པའི་ངང་ཁུངས་གནས་ནས་དམིགས་སའི་གནས་ལ་སྐྱེལ་གཏོང་བྱ་བར་ཐབས་འདོན་པ་ཡིན། ASགཅིག་གི་ནང་རོལ་དུ་ཕྱོགས་གཞན་དག་གི་གནད་དོན་ལ་བསམ་བློ་གཏོང་མི་དགོས་མོད། འོན་ཀྱངBGPབེད་སྤྱོད་བྱེད་པའི་ཁོར་ཡུག་མི་འདྲ། དེ་ནི་རྒྱུ་རྐྱེན་གཉིས་ལ་རག་ལས་ཡོད་པ་གཤམ་ལྟར།

དང་པོ། དབྱིན་ཐེ་དྲ་རྒྱའི་ཁྱབ་ཁོངས་ཆེ་དྲག་པའིASབར་ལམ་སྟོན་གདམ་གསེས་བྱེད་པ་ཧ་ཅང་ཁག་པོ་ཡིན།

གཉིས་པ། ASབར་ལམ་སྟོན་ཆས་གདམ་གསེས་བྱེད་པ་ཡིས་འབྲེལ་ཡོད་ཀྱི་ཇུས་གཞི་ལ་བསམ་བློ་གཏོང་དགོས།

BGPབཀོད་སྒྲིག་བྱེད་སྐབསASཡི་དོ་དམ་པས་ངེས་པར་དུ་ལམ་སྟོན་ཆས་གཅིག་གདམས་ནསASཡིBGPགཏམ་བཤད་མཁན་དུ་བྱེད་པ། སྤྱིར་བཏང་དུBGPཡི་གཏམ་བཤད་གཉིས་ཀྱིས་མཉམ་སྤྱོད་དྲ་རྒྱ་ཞིག་སྤྱད་ནས་གཅིག་ཏུ་སྦྲེལ་ལ། BGPགཏམ་བཤད་མཁན་ནིBGPཡི་མཐའ་མཚམས་ལམ་སྟོན་ཡིན་མིན་གང་ཡང་རུང་།

5_5 ལམ་སྟོན་ཆས་ཀྱི་གྲུབ་ཚུལ།
5_5_1 ལམ་སྟོན་ཆས་ཀྱི་སྒྲིག་གཞི།

ལམ་སྟོན་ནི་ནང་འཇུག་དང་ཕྱིར་འདོན་མཐུད་སྣེ་དུ་མ་ཅན་གྱི་ཆེད་སྤྱོད་རྩིས་འཁོར་ཞིག་ཡིན། དེ་ལས་འགན་གཙོ་བོ་ནི་ཚོ་བགོད་བརྒྱུད་གཏོང་བྱེད་རྒྱུ་དེ་ཡིན། ལམ་སྟོན་ཆས་ཤིག་གི་ནང་འཇུག་མཐུད་སྣེ་ལ་ཚོ་བགོད་འབྱོར་རྗེས་ཚོ་བགོད་དུ་ཡོད་པའི་དམིགས་སའི་གནས་ལྟར་ལམ་སྟོན་ཆས་ཀྱི་ཕྱི་འདྲེན་མཐུད་སྣེ་ཡིས་ཚོ་བགོད་དེ་ལམ་སྟོན་འོག་མ་ལ་སྤྲོད་ནུས། ལམ་སྟོན་ཆས་ཀྱིས་ཚོ་བགོད་བརྒྱུད་གཏོང་བྱེད་པ་འདི་དྲ་རྒྱ་བང་རིམ་གྱི་ལས་འགན་གཙོ་བོར་གྱུར་ཡོད།

དཔེ་རིས1-6ནི་ལམ་སྟོན་ཆས་གྲུབ་ཚུལ་སྟོན་པའི་རི་མོ་ཡིན།

དཔེ་རིས1-6ལས་ལམ་སྟོན་ཆས་སྒྲིག་གཞི་ལ་ཁག་གཉིས་སུ་དབྱེ་ཆོག་ལ། ལམ་སྟོན་གདམ་གསེས་ཆ་དང་ཚོ་བགོད་བརྒྱུད་གཏོང་གི་ཆ་གཉིས་སོ།།

ལམ་སྟོན་གདམ་གསེས་ཀྱི་ཆ་ཤས་འདི་ལ་ཚོད་འཛིན་གྱི་ཆ་ཡང་ཟེར། དེའི་སྒྲིག་ཆས་གཙོ་བོ་ལམ་སྟོན་གདམ་གསེས་ཆས་ཡིན། ལམ་སྟོན་གདམ་གསེས་ཆས་ཀྱི་ལས་འགན་གཙོ་བོ་ནི་གདམས་ཟིན་པའི་ལམ་སྟོན་གདམ་གསེས་གྲོས་མཐུན་གཞི་བྱས་ནས་ལམ་སྟོན་རེའུ་མིག་བཟོ་བ་དང་། དུས་ལྟར་ཉེ་བའི་ལམ་སྟོན་ཆས་དང་ལམ་སྟོན་ཆ་འཕྲིན་བརྗེ་རེས་བྱས་ནས་ལམ་སྟོན་རེའུ་མིག་གསར་བསྒྱུར་དང་ལེགས་བཅོས་བྱེད་པ་དེ་ཡིན།

6.jpg

དཔེ་རིས1-6 ལམ་སྟོན་ཆས་ཀྱི་སྒྲིག་གཞི།

ཚོ་བགོད་བརྒྱུད་གཏོང་གི་ཆ་ནི་འདིར་གྲོས་གླེང་བྱེད་པའི་གནད་དོན་གཙོ་བོ་ཡིན། འདི་ལ་གྲུབ་ཆ་གསུམ་ཡོད་པ་སྒྲིག་གཞི་བརྗེ་རེས་དང་། ནང་འཇུག་མཐུད་སྣེ་ཚོ་ཞིག་དང་ཕྱིར་འདྲེན་མཐུད་སྣེའི་ཚོ་བཅས་གསུམ་ཡིན །

སྒྲིག་གཞི་བརྗེ་རེས་རྩ་འཛུགས་བརྗེས་རེས་ཀྱང་ཟེར། དེ་ཡི་བྱེད་ནུས་ནི་བརྒྱུད་གཏོང་རེའུ་མིག་གཞི་བྱས་ནས་ཚོ་བགོད་སྒྲིག་གཅོད་བྱེད་པ་དང་།ནང་འཇུག་མཐུད་སྣེ་ཞིག་ལ་འབྱོར་བའི་ཚོ་བགོད་དེ་ཕྱི་འདྲེན་མཐུད་སྣེ་འོས་འཚམ་ཞིག་ནས་བརྒྱུད་གཏོང་བྱེད་པ་དེ་ཡིན། དེ་ནི་སྒྲིག་གཞི་བརྗེ་རེས་དྲ་རྒྱ་ཞིག་ཡིན་མོད། འོན་ཀྱང་དྲ་རྒྱ་འདིའི་རིགས་ལམ་སྟོན་ཆས་སུ་ཡོངས་སུ་ཚུད་ཡོད། དེ་བས་སྒྲིག་གཞི་བརྗེ་རེས་འདི་ཉིད་ལམ་སྟོན་ཆས་ཁྲོད་ཀྱི་དྲ་རྒྱ་ཞིག་ཏུ་བལྟས་ཆོག

དཔེ་རིས1-6ཁྲོད་ལམ་སྟོན་ཆས་ཀྱིས་ནང་འཇུག་དང་ཕྱིར་འདྲེན་གྱི་མཐུད་སྣེ་སོ་སོར་རི་མོ་གྲུ་བཞི་གསུམ་རེ་ཡོད་དེ། གྲུ་བཞིའི་ནང་ཨང་ཀི1དང་། 2དང3གྱིས་སོ་སོས་དངོས་ལུགས་བང་རིམ་དང་། སྦྲེལ་ལམ་བང་རིམ། དྲ་རྒྱའི་བང་རིམ་གསུམ་གྱི་སྒྲིག་གཅོད་དཔེ་དབྱིབས་མཚོན་ཡོད། དངོས་ལུགས་བང་རིམ་གྱིས་པེ་ཐེ་བསྡུ་ལེན་བྱེད། སྦྲེལ་ལམ་བང་རིམ་གྱིས་གྲོས་མཐུན་ལྟར་སྐྱེལ་གཏོང་བྱས་པའི་ཚོ་བགོད་ཀྱི་ལྡེབ་བསྡུ་ལེན་བྱེད། ལྡེབ་ཀྱི་མགོ་ཆ་དང་མཇུག་ཆ་དོར་རྗེས་ཚོ་བགོད་དྲ་རྒྱའི་བང་རིམ་གྱི་སྒྲིག་གཅོད་དཔེ་དབྱིབས་སུ་སྐྱེལ། ལམ་སྟོན་ཆས་ཀྱི་ནང་འཇུག་དང་ཕྱི་འདྲེན་གྱི་མཐུད་སྣེ་ལམ་སྟོན་ཆས་ཀྱི་སྐུད་པའི་མཐུད་ཁ་རུ་སྦྱར་ཡོད།

ཚོ་བགོད་ཅིག་གིས་བརྒྱུད་གཏོང་རེའུ་མིག་འཚོལ་ཞིབ་བྱེད་པའི་དུས་སུ། དེའི་མཇུག་ཏུ་ནང་འཇུག་མཐུད་སྣེ་ལ་ཚོ་བགོད་གཞན་ཞིག་འབྱོར་བ་ན། ཚོ་བགོད་རྗེས་མ་འདིས་ངེས་པར་དུ་གྲལ་གྱི་མཇུག་ཏུ་བསྒྲིགས་ཏེ་སྒུག་དགོས། དེ་ལས་དུས་འགྱངས་བྱུང་ངེས་ཡིན། དཔེ་རིས1-7ཡིས་ནང་འཇུག་མཐུད་སྣེ་གྲལ་དུ་བསྒྲིགས་པའི་ཚོ་བགོད་མཚོན་ཡོད།

7.jpg

དཔེ་རིས1-7 ནང་འཇུག་མཐུད་ཁར་འབྱོར་བའི་ཚོ་བགོད་སྒྲིག་གཅོད།

གཤམ་དུ་ང་ཚོས་ཕྱི་འདྲེན་མཐུད་སྣེ་གནས་ཚུལ་ལ་ལྟ་ཞིབ་བྱ། (དཔེ་རིས1-8)ཕྱིར་འདྲེན་མཐུད་སྣེ་ལ་སྒྲིག་གཞི་བརྗེ་རེས་ནས་ཚོ་བགོད་འབྱོར་རྗེས་དེ་དག་ལམ་སྟོན་ཆས་ཕྱི་རོལ་གྱི་སྐུད་ལམ་དུ་སྐྱེལ་གཏོང་བྱེད། དྲ་རྒྱའི་བང་རིམ་གྱི་སྒྲིག་གཅོད་དཔེ་དབྱིབས་སུ་བར་ལྷོད་ཁུལ་མེད་པས། འདི་ཉིད་གྲལ་ཞིག་ཏུ་བྱས་ཆོག་སྒྲིག་གཞི་བརྗེ་རེས་ནས་བཏང་བའི་ཚོ་བགོད་ཀྱི་མྱུར་ཚད་དེ་ཕྱི་འདྲེན་སྦྲེལ་ལམ་ནས་སྐྱེལ་གཏོང་བྱས་པའི་མྱུར་ཚད་ལས་བརྒལ་ན། སྐྱེལ་གཏོང་བྱེད་མ་ཐུབ་པའི་ཚོ་བགོད་གྲལ་འདི་རུ་ཉར་གསོག་བྱེད། སྦྲེལ་ལམ་བང་རིམ་གྱི་སྒྲིག་གཅོད་དཔེ་དབྱིབས་ཀྱིས་ཚོ་བགོད་སྟེང་སྦྲེལ་ལམ་བང་རིམ་གྱི་མགོ་ཆ་དང་མཇུག་ཆ་སྦྱར་ཏེ་དངོས་ལུགས་བང་རིམ་ལ་སྤྲད་ནས་ཕྱིའི་སྐུད་ལམ་དུ་གཏོང་དུ་འཇུག

གོང་གིས་གྲོས་གླེང་ཚོ་བགོད་ལམ་སྟོན་ཆས་ཀྱི་ནང་འཇུག་དང་ཕྱིར་འདྲེན་མཐུད་སྣེ་ནས་སྒྲིག་གཅོད་བྱེད་པར་སྒུག་དགོས་པ་མཐོང་ཐུབ། ཚོ་བགོད་སྒྲིག་གཅོད་ཀྱི་མྱུར་ཚད་འབྱོར་བའི་མྱུར་ཚད་ལས་དམའ་ན་གྲལ་གྱི་ཉར་གསོག་གི་བར་ཆ0རུ་འགྱུར། ཉར་གསོག་གི་བར་ཆ་མེད་ཚེ་ཚོ་བགོད་དོར་བར་བྱེད།

8.jpg

དཔེ་རིས1-8 ཕྱིར་འདྲེན་མཐུད་སྣེ་ལ་སྒྲིག་གཞི་བརྗེ་རེས་ནས་ཚོ་བགོད་འབྱོར་རྗེས་དེ་དག་ལམ་སྟོན་ཆས་ཕྱི་རོལ་གྱི་སྐུད་ལམ་དུ་སྐྱེལ་གཏོང་བྱེད།

5_5_2 སྒྲིག་གཞི་བརྗེ་རེས།

9.jpg

དཔེ་རིས1-9 རྒྱུན་སྤྱོད་ཀྱི་བརྗེ་རེས་ཐབས་ཤེས(a)གསོག་ཆས་བརྒྱུད་པ། (b)མ་སྐུད་བརྒྱུད་པ། (c)དྲ་རྒྱ་བརྒྱུད་པ།

སྒྲིག་གཞི་བརྗེ་རེས་ནི་ལམ་སྟོན་ཆས་ཁྲོད་ཀྱི་སྒྲིག་ཆས་གཙོ་བོ[KURO05]ཞིག་ཡིན། དེ་ཡིས་ཚོ་བགོད་ནང་འཇུག་མཐུད་སྣེ་ཞིག་ནས་འོས་འཚམ་གྱི་ཕྱི་འདྲེན་མཐུད་སྣེ་ཞིག་ལ་སྐྱེལ། འདི་ལ་བརྗེ་རེས་བྱ་ཐབས་གང་མང་ཞིག་ཡོད་དེ། དཔེ་རིས1-9ཡིས་རྒྱུན་སྤྱོད་ཀྱི་ཐབས་ལམ་གསུམ་བསྟན་ཡོད། ཐབས་ལམ་འདི་གསུམ་པོས་ནང་འཇུག་མཐུད་སྣེI1ལ་འབྱོར་བའི་ཚོ་བགོད་དེ་ཕྱིར་འདྲེན་མཐུད་སྣེQ2ལ་སྐྱེལ་གཏོང་བྱེད་པ་ཡིན།

དེང་གི་ལམ་སྟོན་ཆས་མང་དག་ཞིག་གིས་ཉར་གསོག་ཆས་བརྒྱུད་ནས་ཚོ་བགོད་བརྗེ་རེས་བྱེད་པ་ཡིན། དཔེ་རིས1-9(a)ཡིས་ཚོ་བགོད་ཉར་གསོག་ཆས་བརྒྱུད་དེ་བརྗེ་རེས་བྱེད་པ་མཚོན་ཡོད། སྔོན་བྱུང་གི་ལམ་སྟོན་ཆས་དང་བསྡུར་ན་འདི་ལ་དམིགས་གནས་འཚོལ་ཞིབ་དང་ཚོ་བགོད་ཉར་གསོག་ཆས་སུ་ཉར་བའི་ལས་རྣམ་ནང་འཇུག་མཐུད་སྣེ་ཁྲོད་བགྱི་བའི་ཁྱད་ཆོས་ཡོད། Ciscoཀུང་སིའིCitalyst8500རྟགས་ཅན་གྱི་བརྗེ་ཆས་དག་དང BayNetworkཀུང་སིའིAccelar1200རྟགས་ཅན་གྱི་ལམ་སྟོན་ཆས་ལ་མཉམ་སྤྱོད་ནང་གསོག་ཆས་སྤྱོད་པའི་ཐབས་སྤྱད་ཡོད།

དཔེ་རིས1-9(b)ནི་མ་སྐུད་བརྒྱུད་དེ་བརྗེ་རེས་བྱེད་པའི་དོན་མཚོན་རི་མོ་ཡིན། ཐབས་ལམ་འདིའི་རིགས་སྤྱོད་དུས་གཞི་གྲངས་ཡིག་ཚགས་དག་ནང་འཇུག་མཐུད་སྣེ་ནས་མཉམ་སྤྱོད་མ་སྐུད་བརྒྱུད་དེ་འོས་འཚམ་གྱི་ཕྱི་འདྲེན་མཐུད་སྣེ་རུ་ཐད་ཀར་སྐྱེལ་གཏོང་བྱེད་པ་ལས། ལམ་སྟོན་གདམ་གསེས་ཆས་ལ་བརྟེན་མི་དགོས། མ་སྐུད་མཉམ་སྤྱོད་བྱས་ཡོད་པས་དུས་ཚོད་གཅིག་གི་ནང་ཚོ་བགོད་གཅིག་ལས་བརྒྱུད་མི་ཐུབ།

དཔེ་རིས1-9(c)རུ་གཞུང་འཕྲེད་སྒྲིག་གཞི་བརྗེ་རེས་བརྒྱུད་དེ་རྗེས་རེས་བྱེད་པའི་རྣམ་པ་བྲིས་ཡོད། བརྗེ་རེས་ཀྱི་རྣམ་པ་འདི་ལ་ནམ་རྒྱུན་དུ་སྦྲེལ་རེས་དྲ་རྒྱ་ཟེར། དེ་ལ་མ་སྐུད2Nཡོད་པས། ནང་འཇུག་མཐུད་སྣེNདང་ཕྱི་འདྲེན་མཐུད་སྣེNགཉིས་ཕན་ཚུན་སྦྲེལ་ཐུབ། ནང་འཇུག་མཐུད་སྣེ་ལ་ཚོ་བགོད་གཅིག་འབྱོར་སྐབས་ནང་འཇུག་མཐུད་སྣེ་དང་འབྲེལ་བའི་ཆུ་སྙོམས་མ་སྐུད་ལ་སྐྱེལ་གཏོང་བྱེད། གལ་ཏེ་དྲང་འཕྱང་མ་སྐུད་ཁོམ་པར་གནས་ཚེ་ཚིགས་ཚེག་འདི་ཡིས་དྲང་འཕྱང་མ་སྐུད་དང་ཆུ་སྙོམས་མ་སྐུད་གཉིས་སྦྲེལ་བར་བྱེད། དེ་རྗེས་ཚོ་བགོད་ཕྱི་འདོན་མཐུད་སྣེ་རུ་སྐྱེལ་གཏོང་བྱེད། གལ་ཏེ་དྲང་འཕྱང་མ་སྐུད་དེ་གཞན་པས་སྤྱད་ཡོད་ན། རྗེས་ནས་འབྱོར་བའི་ཚོ་བགོད་ཀྱིས་ངེས་པར་དུ་ནང་འཇུག་མཐུད་སྣེ་རུ་གྲལ་བསྒྲིགས་ཏེ་སྒུག་དགོས། ཐབས་འདིའི་སྤྱད་པའི་ལམ་སྟོན་ཆས་ཀྱིས་ངེས་པར་དུ་ནང་འཇུག་མཐུད་སྣེ་རུ་གྲལ་བསྒྲིགས་ཏེ་སྒུག་དགོས། ཐབས་འདི་སྤྱད་པའི་ལམ་སྟོན་ཆས་ཀྱི་དཔེ་ནིCiscoཀུང་སི་ཡི1200རྟགས་ཅན་གྱི་ལམ་སྟོན་ཆས་དག་ཡིན། དེས་སྤྱོད་པའི་སྦྲེལ་རེས་དྲ་རྒྱའི་ཐགས་ཞེང་ནི60Gb/sཡིན།


བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་རྒྱ། གཞན་དག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-28

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།