དཀར་པོའི་སྦག་བཙོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དཀར་པོའི་སྦག་བཙོག
དཀར་པོའི་སྦག་བཙོག་ནི་མི་རྣམས་ཀྱིས་ས་འོག་ཏུ་འཐིམ་དཀའ་བའི་སྤོས་འགྱིག་གི་གད་སྙིགས་ཀྱིས་ཁོར་ཡུག་སྦག་བཙོག་བཟོས་པའི་སྣང་ཚུལ་རིགས་ཤིག་གི་སྒོ་ནས་བཏགས་པའི་མིང་བརྡ་ཞིག་ཡིན་ལ། དེ་ནི་ཆ་རྡུལ་མཐོན་པོའི་རིགས་ཀྱི་འདྲེས་སྦྱོར་དངོས་རྫས་ཀྱིས་བཟོས་པའི་འཚོ་བའི་སྤོས་འགྱིག་ཐོན་རྫས་རིགས་རྣམ་པ་སྣ་ཚོགས་བཀོལ་སྤྱོད་བྱས་རྗེས། གང་བྱུང་དུ་གཡུགས་པ་ཡིས་སྲ་གཟུགས་ཀྱི་ཟོག་རོར་གྱུར་བ་དེ་ལ་ཟེར་ཞིང་། མི་རྣམས་ཀྱིས་གད་སྙིགས་གང་སར་གཡུགས་པ་ཡིས་ཐག་གཅོད་ལེགས་པོ་བྱ་དཀའ་བར་གྱུར་ནས། ཁོར་ཡུག་གི་སྦག་བཙོག་ཧ་ཅང་ཚབས་ཆེན་དུ་གྱུར་བའི་སྣང་ཚུལ་བྱུང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白色污染
ཕྱི་ཡིག་གི་མིང་།
White pollution
ཁོངས་གཏོགས།
ཁོར་ཡུག་སྦག་བཙོག
མིང་གཞན་ལ།
འགྱིག་སྙིགས་འབག་བཙོག
བྱེད་ཐབས་གཙོ་བོ།
འགྱིག་སྣོད་ཚོད་འཛིན་བྱེད་པ།
1 གོ་དོན།

དཀར་པོའི་སྦག་བཙོག་ནི་སྤོས་འགྱིག་རིགས་ཀྱི་གད་སྙིགས་ཀྱིས་བཟོས་པའི་ཁོར་ཡུག་སྦག་བཙོག་ལ་ཟེར་བ་ཡིན། དེ་ཡང་སྤོས་འགྱིག་གི་རིགས་ནི་ས་འོག་ཏུ་འཐིམ་དཀའ་བ་དང་། ཁོར་ཡུག་གི་མཛེས་ཆ་ལ་གནོད་པ་ཚབས་ཆེན་ཐེབས་པ་ཡིན་ལ། དེའི་ནང་གི་གྲུབ་ཆ་ལ་གབ་པའི་རང་བཞིན་གྱི་གནོད་སྐྱོན་ཆེན་པོ་ལྡན་ཞིང་། འགྱིག་ཁུག་རིགས་མང་ཆེ་བའི་ཁ་དོག་ནི་དཀར་པོ་ཡིན་པས་མིང་ལ་ཡང་དཀར་པོའི་སྦག་བཙོག་ཟེར་བ་ཡིན།

དཀར་པོའི་སྦག་བཙོག་གི་གནད་དོན་ནི་ཉིན་རེ་བཞིན་ཚབས་ཆེན་དུ་འགྲོ་བཞིན་པའི་སྒང་འདིར། མི་རྣམས་ཀྱིས་ད་ཡོད་ཀྱི་འགྱིག་ཁུག་རིགས་དེའི་ཚབ་བྱེད་ཅིག་རྙེད་ཐུབ་པར་རེ་བ་ཡིན་ལ། དེ་ནི་དཀར་པོའི་སྦག་བཙོག་མི་བཟོ་བའི་སྤོས་འགྱིག་གི་ཚབ་བྱེད་ཐོན་རྫས་ཡིན་དགོས་པ་དང་། ས་འོག་ཏུ་འཐིམ་སླ་བའི་འགྱིག་གི་རིགས་ཡིན་དགོས། ཡང་རྣམ་པ་གསར་བའི་ནུས་པ་ཁྱད་འཕགས་ལྡན་པའི་འགྱིག་གི་རིགས་དེའི་ཁྱད་ཆོས་ནི་ཅི་ལྟ་བུ་ཞིག་ཡིན་དགོས་ཤེ་ན། དེ་ནི་དུས་ཡུན་རིང་བོར་བཀོལ་སྤྱོད་བྱ་ཐུབ་པར་མ་ཟད། མི་རྣམས་ཀྱིས་གང་བྱུང་དུ་གཡུགས་པའི་དབང་དུ་བཏང་ཡང་། ཁོར་ཡུག་གི་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་རྫས་འགྱུར་གྱི་གྲུབ་ཚུལ་ལ་འགྱུར་བ་མངོན་གསལ་བྱུང་བ་ཡིས། ས་འོག་ཏུ་འཐིམ་པར་གྱུར་ན་རང་བྱུང་གི་ཁོར་ཡུག་ལའང་གནོད་པ་ཆེན་པོ་ཐེབས་མི་སྲིད།

2 འབྱུང་ཁུངས།

དཀར་པོའི་སྦག་བཙོག་གི་འབྱུང་ཁུངས་གཙོ་བོ་ནི་ཟས་རིགས་ཀྱི་སྣོད་དང་ལྦུ་བ་ཅན་གྱི་སྤོས་འགྱིག་གི་སྣོད། མགྱོགས་ཟས་ཀྱི་སྣོད་སོགས་ཡིན་ལ། དེ་ནི་རང་རྒྱལ་གྱི་གྲོང་ཁྱེར་ན་དམིགས་བསལ་དུ་ཡོད་པའི་ཁོར་ཡུག་སྦག་བཙོག་ཡིན་ཞིང་། མི་ཚོགས་འདུ་ས་གང་དུ་ཡང་སྤོས་འགྱིག་གི་ཐོན་རྫས་འབོར་ཆེན་མཐོང་རྒྱུ་ཡོད་དེ། དེ་དག་ནི་རང་བྱུང་ཁམས་ནས་ཐོན་ནས་མིའི་རིགས་ཀྱིས་གསར་བཟོ་བྱས་པ་དང་། མཐའ་མཇུག་རང་བྱུང་ཁམས་ལ་འཐིམ་དཀའ་བར་གྱུར་ནས། རང་བྱུང་ཁམས་ཆེན་པོའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་ཚབས་ཆེན་ཐེབས་པ་རེད།


3 སྤྱི་ཚོགས་ལ་ཐེབས་པའི་གནོད་སྐྱོན།

མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་འཚོ་བའི་དགོས་མཁོ་སྟབས་བདེ་རང་བཞིན་ཅན་དུ་འགྱུར་བའི་གོ་རིམ་ཁྲོད། མིའི་རིགས་ཀྱི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཀྱི་ཡོད་བྱད་སྣ་ཚོགས་ཀྱང་སྟབས་བདེ་རང་བཞིན་ཅན་དུ་འཕེལ་རྒྱས་འགྲོ་བཞིན་ཡོད་དེ། དཔེར་ན་ཐེངས་གཅིག་མ་གཏོགས་བཀོལ་སྤྱོད་བྱེད་མི་ཐུབ་པའི་དཀར་ཡོལ་དང་འགྱིག་ཁུག ཐུར་མ། ཇ་ཕོར་སོགས་མིའི་རིགས་ཀྱི་འཚོ་བའི་ཁྲོད་དུ་ཡོངས་ཁྱབ་ཀྱི་སྒོ་ནས་བཀོལ་སྤྱོད་བྱེད་བཞིན་ཡོད་ཅིང་། ཡོ་བྱད་འདི་དག་ནི་ཁྱེར་བདེ་ཞིང་རིན་གོང་དམའ་བས་མིའི་འཚོ་བར་སྟབས་བདེ་སྐྲུན་བཞིན་ཡོད་། ཡང་ཕྱོགས་གཅིག་ནས་འདི་དག་བཀོལ་སྤྱོད་བྱས་རྗེས་གང་སར་འཕངས་པས་འགྱིག་སྙིགས་འབག་བཙོག་ཐེབས་པ་རེད། རང་རྒྱལ་ནི་འཛམ་གླིང་སྟེང་འགྱིག་རྫས་ཐོན་སྐྱེད་དང་འཛད་སྤྱོད་བྱེད་མཁན་གྱི་ཨང་བཅུའི་གྲལ་གྱི་གཅིག་ཡིན་པས་འགྱིག་སྙིགས་འབག་བཙོག་ཆེན་པོ་ཐེབས་བཞིན་ཡོད། སྤྱི་ལོ1995ལོར་རྒྱལ་ཡོངས་ཀྱི་འགྱིག་རྫས་འཛད་སྤྱོད་ཀྱི་སྤྱིའི་བསྡོམས་གྲངས་ཏུན1100ལ་སོན་པ་དང་། འགྱིག་རྫས་འདི་དག་སའི་ནང་དུ་འཐིམས་རྗེས་རྩྭ་དང་ཞིང་སོགས་སྐྱེས་མི་ཐུབ་པར་མ་ཟད་ཕྱི་ལོར་སྐྱེས་ཚད་ཇེ་ཉུང་དུ་འགྲོ་སྲིད། ད་དུང་དེའི་རྫས་འགྱུར་སོགས་ཀྱིས་ས་འོག་གི་ཆུ་ལའང་འབག་བཙོག་ཆེན་པོ་ཐེབས་ངེས། འགྱིག་སྙིགས་དེ་དག་གྲོང་ཁྱེར་གྱི་གད་སྙིགས་གཞན་དག་དང་ལྷན་དུ་མེར་བསྲེགས་ན་མཁའ་དབུགས་ལ་བཙོག་སྒྱུར་ཐེབས་ནས་མིའི་བདེ་ཐང་ལའང་གནོད་པ་ཆེན་པོ་ཐེབས་ངེས་ཡིན།


4 རྒྱལ་ནང་གི་སྲིད་ཇུས།
4_1 སྲིད་འཛིན་གྱི་ཕྱོགས།

གཅིག དོ་དམ་ལ་ཤུགས་སྣོན་པ། ཐེངས་གཅིག་ལ་བཀོལ་བའི་འགྱིག་རྫས་རིགས་བཀོལ་སྤྱོད་བྱེད་པར་བཀའ་རྒྱ་བཏང་ནས་གཏན་འགོག་བྱེད་པ།

གཉིས། ཕྱིར་བསྡུ་བཀོལ་སྤྱོད་བྱེད་པ། གཙང་དག་ཡིན་པའི་འགྱིག་ཁུག་རིགས་ཕྱིར་བླངས་ནས་ལས་སྣོན་བྱས་ཏེ་རྒྱུ་ཆ་སྣ་ཚོགས་བཟོས་ནས་འབག་བཙོག་མི་ཐེབས་པ་དང་ཕན་ནུས་ལྡན་པར་གཏོང་དགོས།

4_2  ལག་རྩལ་གྱི་ཕྱོགས།

གཅིག ཤོག་བུས་འགྱིག་རྫས་ཀྱི་ཚབ་བྱེད་པ། སྤྱིར་བཏང་ཤོག་བུའི་རིགས་ནི་སའི་འོག་ཏུ་འཐིམས་སླ་བས་འབག་བཙོག་མི་ཐེབས་པ།

གཉིས། ཁྲིམས་ལུགས་ཀྱི་སྟེང་ནས་གཏན་འབེབས་བྱེད་དགོས་པ། རང་རྒྱལ་གྱི་ཁྱབ་ཁོངས་སོ་སོ་ནས་མཐུག་ཚད་ཧོ་སྨི0.025ལས་དམའ་བའི་འགྱིག་ཁུག་ཐོན་སྐྱེད་བྱས་མི་ཆོག ཁྲོམ་ར་དང་ཚོང་ཁང་སོགས་ཀྱིས་འགྱིག་ཁུག་ལ་རིན་ལེན་དགོས་པའི་རྩ་དོན་ལག་བསྟར་བྱེད་དགོས་ཤིང་རིན་མེད་སྒོས་གཅིག་ཀྱང་བྱིན་མི་ཆོག་པར་བྱ་དགོས།

འབག་བཙོག་བཅོས་ཐབས།

གཅིག སློབ་གསོ་ཁྱབ་སྒྲོག་བྱེད་པར་ཤུགས་སྣོན་དགོས་པ། སྤྱི་ཚོགས་སྟེང་གི་ལས་ཁུངས་དང་ལས་རིགས་སོ་སོས་མི་དམངས་ལ་སྐུལ་སློང་དང་སློབ་གསོ་བཏང་ནས་འགྱིག་སྙིགས་འབག་བཙོག་གི་གནོད་འཚེ་ངོས་ཟིན་དུ་འཇུག་དགོས།

གཉིས། དོ་དམ་ལ་ཤུགས་སྣོན་པ། འགྱིག་སྙིགས་རིགས་གཙང་སེལ་བྱེད་དགོས་པ་དང་བྱེད་ཐབས་སྣ་མང་སྤྱོད་པ།

གསུམ། ཕྱིར་བསྡུ་བེད་སྤྱོད། གང་སར་མི་འཕེན་པར་ཕྱིར་བསྡུས་ནས་ལས་སྣོན་བྱས་ཏེ་བཀོལ་སྤྱོད་བྱེད་པ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-14

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།