ཨར་ལས་སྒྱུ་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨར་ལས་སྒྱུ་རྩལ།
ཨར་ལས་སྒྱུ་རྩལ་ནི་ཉེ་བར་སྤྱོད་པ་དང་མཛེས་དཔྱོད་གཞི་གཅིག་ཏུ་བསྡུས་པ། ལག་རྩལ་དང་སྒྱུ་རྩལ་ཟུང་དུ་སྦྲེལ་བའི་རི་མོའི་ནང་གསེས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
建筑艺术
ཕྱི་ཡིག་གི་མིང་།
architectural art
1 ​ཨར་ལས་སྒྱུ་རྩལ་ནི།

ཨར་ལས་སྒྱུ་རྩལ་ནི་ཉེ་བར་སྤྱོད་པ་དང་མཛེས་དཔྱོད་གཞི་གཅིག་ཏུ་བསྡུས་པ།  ལག་རྩལ་དང་སྒྱུ་རྩལ་ཟུང་དུ་སྦྲེལ་བའི་རི་མོའི་ནང་གསེས་ཤིག་ཡིན།  ཨར་ལས་སྒྱུ་རྩལ་ནི་གཙོ་བོར་ཅར་སྐྲུན་དངོས་པོའི་སྙོམ་ངོས་ཀྱི་བཀོད་གཞི་དང་།  ལངས་ངོས་ཀྱི་རྣམ་པ།  གྲུབ་ཚུལ་གྱི་བཟོ་དབྱིབས།  ཕྱི་ནང་གི་བར་སྟོང་བཅས་ཀྱི་ཆ་བསྒྲིགས་དང་།  དེ་བཞིན་དུ་རྒྱན་སྤྲས་དང་།  འོད་མདངས། རྒྱུ་གཞི་སོགས་ཕྱོགས་ཀྱི་ཇུས་འགོད་དང་།  རབ་བྱུང་ཁོར་ཡུག་དང་མཛེས་དཔྱོད་ཐད་ཀྱི་འབྲེལ་བ་ཐག་གཅོད་བྱེད་པ་བཅས་ཀྱིས་གྲུབ་པའི་ཕྱོགས་བསྡུས་རང་བཞིན་ཅན་གྱི་བཟོ་བཀོད་ཀྱི་སྒྱུ་རྩལ་གྲུབ་ཡོད་པ་རེད།

2 ཨར་ལས་སྒྱུ་རྩལ་གྱི་རྒྱུ་རྐྱེན།

ཡོངས་སུ་རྫོགས་པའི་ཨར་ལས་སྒྱུ་རྩལ་གྱི་ཁོངས་སུ་གཤམ་གསལ་གྱི་རྒྱུ་རྐྱེན་ཚང་དགོས་པ་སྟེ།  ①ཁོར་ཡུག  ཨར་སྐྲུན་དང་དེ་ཉིད་འཁོར་སའི་རང་བྱུང་ཁོར་ཡུག་གི་བར་དང་།  དེ་བཞིན་དུ་ཨར་སྐྲུན་དང་ཨར་སྐྲུན་བར་དུ་བྱུང་བའི་ཨར་བར་དུ་བྱུང་བའི་ཨར་ལས་ཀྱི་ཁོར་ཡུག་ལྷུན་གྲུབ་དང་འགྲིག་པོ་ཡོང་དགོས་པ།  ②རྩ་ལག་ཨར་སྐྲུན་གཅིག་རྐྱང་ནང་གི་ཆ་ཤས་ཁག་པར་དུ་འབྲེལ་བ་མཐུན་འགྲིག་བྱུང་ནས་མིག་ཤེས་ཀྱི་ལོངས་སུ་སྤྱད་འོས་པའི་རྩ་བ་ཡན་ལག་བཅས་པ་ལྡན་དགོས་པ། ③བཟོ་བཀོད།  རྣམ་པ་སྣ་ཚོགས་པའི་སྙོམ་ངོས་དང་ལངས་ངོས་དང་གྲུབ་ཚུལ་དང་རྒྱན་སྦྲས་བཅས་ཀྱིས་གྲུབ་པའི་བཟོ་བཀོད་སྣ་ཚོགས་ནི་ཨར་ལས་སྒྱུ་རྩལ་གྱི་གཞི་རྩར་གྱིར་བའི་རྒྱུ་རྐྱེན་ཡིན།  ④རྣམ་པ་མཛེས་པའི་ངེས་སྲོལ།  ཁོར་ཡུག་དང་རྩ་ལག་དང་བཟོ་བཀོད་གསུམ་དང་།  དེ་བཞིན་དུ་གྲུབ་ཚུལ་དང་འོད་མདངས་དང་རྒྱུ་གཞི་གསུམ་ལ་སོགས་པ་ཚང་མ་མཛེས་པའི་ངེས་སྲོལ་དང་མཐུན་དགོས་པ་དང་།  དེ་ལས་གཙོ་ཆེ་ཤོས་ནི་ཆ་ཚད་ཀྱི་བསྡུར་བ་དང་འགྲོས་ཚིགས་དང་ཉམས་སྣང་ཡིན།  ⑤རྟགས་མཚན་གྱི་གོ་དོན།  ཨར་སྐྲུན་གྱི་གཏིང་ཟབ་ལོད་ནི་དེའི་རྟགས་མཚན་གྱི་གོ་དོན་ཐོག་ནས་མཚོན་དགོས་པ་ལ།  རྟགས་མཚན་གྱི་བརྗོད་གཞི་ནི་དེའི་ནང་གི་ཟུར་གཏོགས་སྒྱུ་རྩལ་ཏེ་དཔེར་ན་བརྐོས་དཀྲོལ་དང་རི་མོ་སོགས་ལས་མཚོན་པ་ཡིན་ལ།  ཡང་ན་ཁོར་ཡུག་དང་རྩ་ལག་དང་བཟོ་བཀོད་བཅས་ཀྱི་ཐོག་ནས་མཚོན་པ་ཡིན།  ⑥ཟུར་གཏོགས་སྒྱུ་རྩལ་དང་ཨར་སྐྲུན་ཆུང་ཙག    དེ་དག་ནི་ཨར་ལས་སྒྱུ་རྩལ་ལ་མེད་དུ་མི་རུང་བའི་གྲུབ་ཆ་ཡིན་པ་དང་།  ཁོར་ཡུག་དང་རྩ་ལག་གི་གྲུབ་ཆ་བྱས་ཆོག་པ་དང་།  མཚན་གྱི་གོ་དོན་གྱི་མཚོན་བྱེད་ཡིན་པའི་ངོས་ནས་ཐད་ཀར་སྣང་བརྙན་ནམ་ཡི་གེ་ཡིས་རྟགས་མཚན་གྱི་བརྗོད་གཞི་དང་ནང་དོན་བསྟན་ཆོག

3 ཨར་ལས་སྒྱུ་རྩལ་གྱི་ཁྱད་ཆོས།

ཨར་ལས་ཀྱི་ཁྱད་ཆོས་ནི་ཨར་ལས་སྒྱུ་རྩལ་གྱི་ཆེས་ཐད་ཀ་དང་ཆེས་མངོན་གསལ་གྱི་མཚོན་ཚུལ་ཡིན་ལ།  དེར་དུད་རབས་དང་མི་རིགས་དང་དཔེ་སྲོལ་བཅས་ཀྱི་ཚོད་འཛིན་ཐེབས་ཡོད་པ་དང་།  དེ་དག་ལས་དུས་རབས་ཀྱི་ཁྱད་ཆོས་ནི་ཅུང་ཟད་སྣང་བ་ཚ་པོ་ཡིད་པ་དང་མི་རིགས་ཀྱི་ཁྱད་ཆོས་ནི་ཅུང་ཟད་གཏན་ཆགས་ཡོད་པ་རེད།  ཡོ་རོབ་ཀྱི་ཨར་ལས་ལ་སྤྱི་ལོའི་སྔོན་གྱི་དུས་རབས7-6ནའི་དུས་སུ་ཀེ་རེ་སིའི་ཨར་ལས་ཀྱི་ཀ་བ་བསྟར་མ་ཅན་གྱི་ཁྱད་ཆོས་གྲུབ་པ་དང་། རོ་མའི་དུས་སྐབས་སུ་གོང་དུ་འཕེལ་བ་དང་རིག་རྩལ་བསྐྱར་དར་དུས་སྐབས་སུ་ཚད་ལྡན་བྱུང་ཐོག་ཡོ་རོབ་དང་ཨ་མི་རི་ཁ་གླིང་གི་གནའ་སྲོལ་རིང་ལུགས་ཀྱི་ཨར་ལས་ཀྱི་ཁྱད་ཆོས་ཆགས་པ་རེད།  དེ་ཡང་རི་མོ་དང་འདྲ་འབག་ནང་བཞིན་ཡོ་རོབ་ཀྱི་ཨར་ལས་ཀྱི་ཁྱད་ཆོས་ལ་ཡང་པཱ་རོ་ཁོ་དང་།  ལུའི་ཁོ་ཁོ། རོལ་སྨོན་རིང་ལུགས་སོགས་སྒྱུ་རྩལ་གྱི་ཁྱད་ཆོས་ཁག་གིས་བསྲེགས་སྦྱངས་ཐོབ་ཡོད་པ་དང་།  དེ་ནས་དུས་རབས20པར་དེབ་རབས་རིང་ལུགས་པའི་ཨར་ལས་བྱུང་བ་རེད། 

ཀྲུང་གོའི་ཨར་ལས་ལོ་ངོ་སྟོང་ཕྲག་དུ་མའི་བྱུང་འཕེལ་གྱི་ལོ་རྒྱུས་ལྡན་པ་དང་།  དེ་ལ་ཐོག་མ་ཉིད་ནས་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ཆེ་བ་ལྡན་ཡོད་པ་རེད།  ཡོ་རོལ་ཀྱི་གནའ་རབས་ཨར་ལས་དང་བསྡུར་ན་ཀྲུང་གོའི་གནའ་རབས་ལས་ལ་གཞི་རྩའི་ཁྱད་ཆོས་གསུམ་ལྡན་པ་སྟེ།  མཛེས་དཔྱོད་ཀྱི་རིན་ཐང་དང་མི་ཆོས་ཀྱི་རིན་ཐང་གཅིག་ཏུ་དྲིལ་ཡོད་པ་དང་གཅིག  ཟབ་ཡངས་ཀྱི་རིག་གནས་སྲོལ་རྒྱུན་ལྡན་པ་དང་མི་ཆོས་རིང་ལུགས་ཀྱི་དགོངས་པ་གསལ་པོ་ལྡན་པ་དང་གཉིས། ཆ་ཡོངས་སུ་རྫོགས་པ་དང་ཕྱོགས་བསྡུས་ཀྱི་ཟས་ཆེ་བ་དང་གསུམ་མོ། ། ཉེ་རབས་དང་དེང་རབས་ཀྱི་ཀྲུང་གོའི་ཨར་ལས་སྒྱུ་རྩལ་ནས་ཕུལ་དུ་བྱུང་བའི་སྲོལ་རྒྱུན་འཛིན་དང་དེང་རབས་འཛམ་གླིང་གི་ཨར་ལས་སྒྱུ་རྩལ་གྱི་དགེ་མཚན་ཉེར་ལེན་བྱེད་པའི་ཉམས་ལེན་གྱི་ཁྲོད་དུ་བསྟུད་མར་གོང་སྤེལ་དང་གསར་གཏོད་བྱས་ཏེ་སྤྱི་ཚོགས་གོང་འཕེལ་ཡོང་བའི་རྟགས་མཚན་ཆགས་ཡོད་པ་རེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།