གཞི་གྲངས་སྦྲེལ་ལམ་བང་རིམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཞི་གྲངས་སྦྲེལ་ལམ་བང་རིམ་ནི་རྩིས་འཁོར་དྲ་རྒྱའི་བང་རིམ་དམའ་བར་གཏོགས་ལ། དེར་སྤྱོད་པའི་འཕྲིན་ལམ་གཙོ་བོ་གཤམ་གྱི་རིགས་གཉིས་ཏེ། དང་པོ། ཚེག་ནས་ཚེག་གི་འཕྲིན་ལམ། འཕྲིན་ལམ་འདིའི་རིགས་ལ་གཅིག་གིས་གཅིག་ཡིན་པའི་ཚེག་ནས་ཚེག་གི་འཕྲིན་གཏོང་ཐབས་སྤྱོད་པ་ཡིན། གཉིས་པ། ཁྱབ་བསྒྲགས་འཕྲིན་ལམ། འཕྲིན་ལམ་འདིའི་རིགས་ལ་གཅིག་གིས་མང་པོར་བསྒྲགས་པའི་ཁྱབ་བསྒྲགས་འཕྲིན་གཏོང་ཐབས་ལམ་སྤྱོད་ཀྱིན་པས་བརྒྱུད་རིམ་ལ་རྙོག་འཛིན་ཅུང་ཆེ། ཁྱབ་བསྒྲགས་འཕྲིན་ལམ་ལ་གཙོ་འཁོར་མང་དུ་སྦྲེལ་ཡོད་པས། ངེས་པར་དུ་ཆེད་བཀོལ་གྱི་མཉམ་སྤྱོད་འཕྲིན་ལམ་གྲོས་མཐུན་ལ་བརྟེན་ནས་གཙོ་འཁོར་དག་གི་གཞི་གྲངས་སྐྱེལ་གཏོང་གི་སྡེབ་བསྒྲིག་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
数据链路层
ཕྱི་ཡིག་གི་མིང་།
Data Link Layer
དཀར་ཆག
1   ཚེག་ནས་ཚེག་གི་འཕྲིན་ལམ།
1.1  གཞི་གྲངས་སྦྲེལ་ལམ་དང་ལྡེབ།
1.2  རྩ་གནད་གསུམ།
2   ཚེག་ནས་ཚེག་གི་གྲོས་མཐུནPPP
2.1 གྲོས་མཐུནPPPཡི་ཁྱད་ཆོས།
3   གྲོས་མཐུནPPPཡི་ལྡེབ་མའི་རྣམ་གཞག
3.1 ཡིག་དུམ་གྱི་ངོ་བོ།
3.2 ཡིག་ཚིགས་ཁ་སྐོང་།
3.3 པེ་ཐེ0ཁ་སྐོང་།
4   ཁྱབ་བསྒྲགས་འཕྲིན་ལམ།
4.1 ཁྱབ་ཆུང་དྲ་རྒྱ།
4.2 CSMA/CD
5   འཕྲིན་ལམ་ཅན་གྱི་དབྱིན་ཐེ་དྲ་རྒྱ།
5.1 སྐུད་སྡུད་ཆས་སྤྱད་པའི་སྐར་དབྱིབས་ཐོ་ཕུ།
5.2 དབྱིན་ཐེ་དྲ་རྒྱའིMACབང་རིམ།
6   རྒྱ་བསྐྱེད་པའི་དབྱིན་ཐེ་དྲ་རྒྱ།
7   འགྲོས་མྱུར་དབྱིན་ཐེ་དྲ་རྒྱ།
7.1 100BASE-Tདབྱིན་ཐེ་དྲ་རྒྱ།
7.2 ཀྲེ་པེ་ཐེ་དབྱིན་ཐེ་དྲ་རྒྱ།
7.3 ཀྲེ་པེ་ཐེ10ཡི་དབྱིན་ཐེ་དྲ་རྒྱ།
7.4 ཐགས་ཡངས་མཐུད་པ།
1 ཚེག་ནས་ཚེག་གི་འཕྲིན་ལམ།

འདིར་ཚེག་ནས་ཚེག་གི་འཕྲིན་ལམ་སྤྱོད་པའི་གཞི་གྲངས་སྦྲེལ་ལམ་བང་རིམ་གྱི་གནད་དོན་དག་ལ་དཔྱད་པ་གཏོང་རྒྱུ་ཡིན།

1_1  གཞི་གྲངས་སྦྲེལ་ལམ་དང་ལྡེབ།

འདིར་ང་ཚོས་གསལ་ཁ་འབྱེད་དགོས་པ་ཞིག་ནི་སྦྲེལ་ལམ་དང་གཞི་གྲངས་སྦྲེལ་ལམ་གཉིས་དོན་གཅིག་ཏུ་མ་ངེས་ཏེ། སྦྲེལ་ལམ(link)ཞེས་པ་མཐུད་གནས་གཅིག་ནས་ཉེ་གནས་ཀྱི་མཐུད་གནས་གཞན་བར་གྱི་དངོས་ལུགས་སྐུད་ལམ་ལ་ཟེར་ཞིང་། བར་དུ་ཕན་ཚུན་བསྣོལ་བའི་མཐུད་གནས་གཅིག་ཀྱང་མེད། གཞི་གྲངས་ཀྱི་འཕྲིན་གཏོང་བའི་སྐབས་སུ་རྩིས་འཁོར་གཉིས་བར་གྱི་འཕྲིན་ལམ་དེ་འདི་ལྟ་བུའི་སྦྲེལ་ལམ་གང་མང་ཞིག་བརྒྱུད་དགོས།

གཞི་གྲངས་སྦྲེལ་ལམ(data link)ནི་གོ་དོན་གཞན་གཞི་སྟེ། དེ་ནི་སྐུད་ལམ་གཅིག་གི་སྟེང་གཞི་གྲངས་བརྒྱུད་གཏོང་བྱེད་དགོས་དུས་དེ་ལ་ངེས་པར་མཁོ་བའི་དངོས་ལུགས་སྐུད་ལམ་ལས་ད་དུང་དགོས་ངེས་ཀྱི་འཕྲིན་གཏོང་གྲོས་མཐུན་ཁ་ཅིག་གིས་གཞི་གྲངས་འདྲེན་གཏོང་ལ་ཚོད་འཛིན་བྱེད་དགོས། གྲོས་མཐུན་འདི་དག་གི་སྲ་ཆས་དང་མཉེན་ཆས་སྦྲེལ་ལམ་སྟེང་བཞག་ཚེ་གཞི་གྲངས་སྦྲེལ་ལམ་གྲུབ་པ་ཡིན། དེ་ཡི་རྒྱུན་སྤྱོད་ཀྱི་ཐབས་ལམ་ནི་དྲ་རྒྱའི་འཚམ་སྒྲིག་ཆས་སྤྱད་དེ་གྲོས་མཐུན་འདི་དག་གི་སྲ་ཆས་དང་མཉེན་ཆས་མངོན་འགྱུར་བྱེད། སྤྱིར་བཏང་གི་འཚམ་སྒྲིག་ཆས་ལ་གཞི་གྲངས་སྦྲེལ་ལམ་བང་རིམ་དང་དངོས་ལུགས་བང་རིམ་གཉིས་ཀྱི་བྱེད་ནུས་ལྡན།

གཤམ་དུ་ཚེག་ནས་ཚེག་གི་གཞི་གྲངས་སྦྲེལ་ལམ་བང་རིམ་གྱི་གྲོས་མཐུན་གཞི་གྲངས་སྡེ་ཚན་ལྡེབ་ཅེས་པ་ངོ་སྤྲོད་བྱ།

གཞི་གྲངས་སྦྲེལ་ལམ་བང་རིམ་གྱིས་དྲ་རྒྱ་བང་རིམ་ནས་ཐོན་པའི་གཞི་གྲངས་རྣམས་ལྡེབ་ཏུ་བཟོས་ཏེ་སྦྲེལ་ལམ་དུ་གཏོང་བ་མ་ཟད། སྡུད་ལེན་བྱས་པའི་ལྡེབ་མའི་སྟེང་གི་གཞི་གྲངས་རྣམས་བླངས་ཏེ་དྲ་རྒྱའི་བང་རིམ་ལ་སྤྲོད་པ་ཡིན། དབྱིན་ཐེ་དྲ་རྒྱའི་སྟེང་དྲ་རྒྱ་བང་རིམ་གྱི་གྲོས་མཐུན་གྱི་གཞི་གྲངས་སྡེ་ཚན་ནིIPགཞི་གྲངས་སྙན་ཞུ་ཡིན།

ང་ཚོས་སེམས་ཤུགས་གཙོ་བོ་ཚེག་ནས་ཚེག་གི་འཕྲིན་ལམ་གྱི་གཞི་གྲངས་སྦྲེལ་ལམ་བང་རིམ་གྱི་གྲོས་མཐུན་སྟེང་འདོན་ཆེད་གཤམ་གྱི་དཔེ་རིས1-1(a)ལས་མཐོང་བའི་དབྱིབས་རྣམ་བང་རིམ་དེ་གསུམ་སྤྱད་ཆོག དབྱིབས་རྣམ་བང་རིམ་དེ་གསུམ་ཁྲོད་ཀྱི་སྦྲེལ་ལམ་གང་རུང་སྟེང་མཐུད་སྣེ་རེ་རེར་དྲ་རྒྱའི་བང་རིམ་དང་གཞི་གྲངས་སྦྲེལ་ལམ་བང་རིམ། དངོས་ལུགས་བང་རིམ་བཅས་བང་རིམ་གསུམ་ཁོ་ནའོ།

1.jpg

དཔེ་རིས1-1 ཚེག་ནས་ཚེག་གི་འཕྲིན་ལམ་སྤྱོད་པའི་གཞི་གྲངས་སྦྲེལ་ལམ་བང་རིམ།

ཚེག་ནས་ཚེག་གི་འཕྲིན་ལམ་གྱི་གཞི་གྲངས་སྦྲེལ་ལམ་བང་རིམ་གྱིས་འཕྲིན་གཏོང་བའི་བརྒྱུད་རིམ་གཤམ་ལྟར།

(1)མཐུད་སྣེAཡི་གཞི་གྲངས་སྦྲེལ་ལམ་བང་རིམ་གྱིས་དྲ་རྒྱ་བང་རིམ་ནས་ཐོན་པའིIPགཞི་གྲངས་སྙན་ཞུ་ལ་མགོ་མཇུག་ཁ་གསབ་བྱས་ཏེ་ལྡེབ་མ་ཚགས་བྱེད་པ།

(2)མཐུད་སྣེAཡིས་ལྡེབ་མ་དེ་མཐུད་སྣེBཡི་གཞི་གྲངས་སྦྲེལ་ལམ་བང་རིམ་ལ་གཏོང་བ།

(3)མཐུད་སྣེBཡི་གཞི་གྲངས་སྦྲེལ་ལམ་བང་རིམ་གྱིས་སྡུད་ལེན་བྱས་པའི་ལྡེབ་མ་ལ་ནོར་འཛོལ་མེད་ཚེ་ལྡེབ་མའི་སྟེང་གིIPགཞི་གྲངས་སྙན་ཞུ་གོང་གི་དྲ་རྒྱ་བང་རིམ་ལ་སྤྲོད་པ།

གཞི་གྲངས་སྦྲེལ་ལམ་བང་རིམ་གྱིས་དངོས་ལུགས་བང་རིམ་གྱི་པེ་ཐེ་འདྲེན་གཏོང་གི་ཚུལ་ལ་བལྟ་མི་དགོས་ཤིང་། ང་ཚོས་ད་དུང་དེ་ལས་སླ་བར་ལྡེབ་མ་གང་གཞི་གྲངས་སྦྲེལ་ལམ་བང་རིམ་གཉིས་བར་གྱི་ཆ་སྙོམས་ལས་ཕན་ཚུན་བརྒྱུད་གཏོང་བྱས་པར་སྙམ་ཡང་རུང་། དཔེ་རིས1-1(b)ཡིས་མཚོན་པ་ལྟར།

1_2  རྩ་གནད་གསུམ།

གཞི་གྲངས་སྦྲེལ་ལམ་བང་རིམ་གྱི་གྲོས་མཐུན་ལ་རིགས་མང་ཡང་རྩ་གནད་གསུམ་དེ་སྤྱི་མཐུན་དུ་སྣང་སྟེ། ལྡེབ་ཚགས་བྱེད་པ། མངོན་གསལ་གྱི་འདྲེན་གཏོང་དང་ནོར་འཛོལ་ཞིབ་བཤེར་བཅས་སོ།། གཤམ་དུ་རྩ་གནད་གསུམ་རེ་རེ་བཞིན་བཤད་པར་བྱ།

(1)ལྡེབ་མ་ཚགས་བྱེད་པ།

ལྡེབ་མ་ཚགས་བྱེད་པ་ནི(Framing)གཞི་གྲངས་ཚན་པ་གཅིག་ལ་མགོ་མཇུག་ཁ་གསབ་བྱས་ཏེ་ལྡེབ་མ་ཞིག་གྲུབ་པ་དེ་ཡིན། སྡུད་སྣེ་ཡིས་དངོས་ལུགས་བང་རིམ་ལས་ཐོན་པའི་པེ་ཐེ་རྒྱུན་སྡུད་ལེན་བྱས་རྗེས་མགོ་མཇུག་གི་རྟགས་ལ་གཞིགས་ནས་པེ་ཐེ་ཡི་རྒྱུན་ལས་ལྡེབ་མ་དེ་གང་ནས་མགོ་བརྩམས་པ་དང་མཇུག་བསྡུ་བ་ཤེས། དཔེ་རིས1-2ལས་ལྡེབ་མའི་མགོ་མཇུག་ཚགས་བྱས་ནས་ལྡེབ་གྲུབ་པའི་ཚུལ་མངོན་པ་ཡིན། ང་ཚོས་ཤེས་གསལ་ལྟར་ཚོ་ཁག་བརྗེ་སྤོར་གྱི་གོ་དོན་གཙོ་བོ་ཞིག་ནི་དབྱིན་ཐེ་དྲ་རྒྱའི་སྟེང་གཏོང་བའི་གཞི་གྲངས་ཡོད་ཚད་ཀྱི་བརྒྱུད་གཏོང་གི་འཇལ་བྱེད་ནི་ཚོ་ཁག(IPགཞི་གྲངས་སྙན་ཞུ)ཡིན། དྲ་རྒྱ་བང་རིམ་གྱིIPགཞི་གྲངས་སྙན་ཞུ་དེ་གཞི་གྲངས་སྦྲེལ་ལམ་བང་རིམ་ལ་བརྒྱུད་གཏོང་བྱས་རྗེས་དེ་ཉིད་ལྡེབ་མའི་གཞི་གྲངས་ཀྱི་ཆ་ཤས་སུ་གྱུར་བ་རེད། ལྡེབ་ཀྱི་གཞི་གྲངས་ཀྱི་སྔ་རྗེས་སུ་མགོ་མཇུག་ཁ་གསབ་བྱས་རྗེས་ལྡེབ་མ་ཆ་ཚང་ཞིག་གྲུབ་པ་ཡིན་ཕྱིན། ལྡེབ་ཀྱི་རིང་ཚད་ནི་གཞི་གྲངས་ཚན་པའི་རིང་ཚད་ལ་ཁ་གསབ་བྱས་པའི་མགོ་མཇུག་གི་རིང་ཚད་བསྣན་པ་དང་མཚུངས། ཁ་གསབ་བྱས་པའི་མགོ་མཇུག་གི་ཁྱད་ཆོས་གཙོ་བོ་ཞིག་ནི་ལྡེབ་མ་ཁ་ཁར་འབྱེད་ཐུབ་པ་དེ་ཡིན་པ་དང་། ད་དུང་དགོས་ངེས་ཀྱི་ཚོད་འཛིན་ཆ་འཕྲིན་གང་མང་ཞིག་ཀྱང་འདུ། ལྡེབ་བརྒྱུད་གཏོང་བྱེད་དུས་ལྡེབ་མའི་མགོ་ནས་མགོ་རྩོམ་དགོས་པ་དང་། རིགས་མི་འདྲ་བའི་གཞི་གྲངས་སྦྲེལ་ལམ་བང་རིམ་གྱི་གྲོས་མཐུན་ཡོད་ཚད་ལ་ལྡེབ་མའི་མགོ་དང་མཇུག་གི་རྣམ་བཞག་གཏན་འཁེལ་བ་དེར་ངེས་ཆ་གསལ་པོ་ཡོད་དགོས། ལྡེབ་འདྲེན་གཏོང་གི་ལས་ཕྱོད་མཐོ་རུ་འདེགས་ཆེད་དེ་ཡི་གཞི་གྲངས་ཚན་པའི་རིང་ཚད་དེ་མགོ་མཇུག་གི་ཚད་ལས་ཅི་ནུས་ཀྱིས་རིང་དུ་གཏོང་དགོས། ཡིན་ན་ཡང་རིགས་མི་འདྲ་བའི་སྦྲེལ་ལམ་བང་རིམ་གྱི་གྲོས་མཐུན་སོ་སོར་ལྡེབ་མའི་གཞི་གྲངས་ཚན་པའི་རིང་ཐུང་ལ་ཚད་གཞི་གཏན་འཁེལ་ཡོད་པ་རེད། ཆེས་ཆེ་བའི་བརྒྱུད་གཏོང་གི་སྡེ་ཚནMTU(Maximum Transfer Unit) དཔེ་རིས1-2ལས་ལྡེབ་མའི་མགོ་མཇུག་གི་གནས་དང་གཞི་གྲངས་ཚན་པ་བར་གྱི་འབྲེལ་བ་མཚོན།

2.jpg

དཔེ་རིས1-2 ལྡེབ་ཀྱི་མགོ་མཇུག་སྤྱད་དེ་ལྡེབ་མ་ཚགས་བྱེད་པ་མཚོན།

(2)མངོན་གསལ་འདྲེན་གཏོང་།

ལྡེབ་ཀྱི་མགོ་དང་མཇུག་གི་མཚོན་རྟགས་ལ་ཆེད་དུ་ཚོད་འཛིན་ཡིག་རྟགས་སྤྱད་པས། བརྒྱུད་གཏོང་བྱས་པའི་གཞི་གྲངས་ཁྲོད་པེ་ཐེ8ཀྱི་སྡེབ་སྒྲིག་གང་རུང་དང་ལྡེབ་མའི་མཚམས་གཅོད་པའི་ཚོད་འཛིན་ཡིག་རྟགས་ཀྱི་པེ་ཐེའི་ཨང་སྒྲིག་གཉིས་གཅིག་འདྲ་ཡིན་ཚེ། ཚོད་འཛིན་ཡིག་རྟགས་ལ་སྐྱོན་འབྱུང་བས་དེ་འདྲ་མི་རུང་།

བརྒྱུད་གཏོང་བྱ་བའི་ལྡེབ་མ་ནི་ཡིག་རྐྱང་ཡིག་ཆ་ཡིན་ཚེ། དེ་ཡི་གཞི་གྲངས་ཚན་པརSOHདངEOTལྟ་བུའི་ལྡེབ་མའི་མཚམས་ཀྱི་ཚོད་འཛིན་ཡིག་རྟགས་འབྱུང་མི་སྲིད། དེ་ཕྱིར་མཐེབ་གཞོང་ལས་ཡིག་རྟགས་ཅི་ཞིག་ནང་འཇུག་བྱས་རུང་འདི་ལྟ་བུའི་ལྡེབ་མའི་སྟེང་ལ་བཞག་ནས་བརྒྱུད་གཏོང་རུང་བས་འདི་ལྟ་བུ་ནི་མངོན་གསལ་བརྒྱུད་གཏོང་ཡིན།

གཞི་གྲངས་སྡེ་ཚན་དེASCIIཨང་ཀིས་གྲུབ་པའི་ཡིག་རྐྱང་ཡིག་ཆ་མིན་དུས་གནས་ཚུལ་སྔོན་དང་མི་འདྲ་སྟེ། གལ་ཏེ་གཞི་གྲངས་ཁྲོད་ཀྱི་ཡིག་ཚིགས་ག་གེ་མོའི་གཉིས་གོང་འགྲིལ་ལུགས་ཀྱི་ཚབ་ཨང་དེSOHདང་ཡང་ནEOTལྟ་བུའི་ཚོད་འཛིན་ཡིག་རྟགས་དང་འདྲ་ཚེ་གཞི་གྲངས་སྦྲེལ་ལམ་བང་རིམ་གྱིས་ལྡེབ་མའི་མཐའ་མཚམས་འཚོལ་བར་ནོར་འཕྱུག་འབྱུང་།  (དཔེ་རིས1-3ལ་གཟིགས)ལྡེབ་མའི་ཆ་ཤས་ཙམ་སྡུད་ལེན་བྱས་ཏེ་ཆ་ཤས་གཞན་དེའི་གཞི་གྲངས་རྣམས་དོར་བར་ངེས། (ཆ་ཤས་དེ་ཡི་ལྡེབ་མཚམས་ཚོད་འཛིན་ཡིག་རྟགསSOHའཚོལ་མི་ཐུབ)

3.jpg

དཔེ་རིས1-3 གཞི་གྲངས་སྡེ་ཚན་ལEOTདང་འདྲ་མཚུངས་ཀྱི་ཚབ་ཨང་ཐོན་པ།

དཔེ་རིས1-3ལས་མཐོང་བའི་ལྡེབ་མ་འདྲེན་གཏོང་དེ་མངོན་གསལ་འདྲེན་གཏོང་མིན་པ་གསལ་བོར་ཤེས་ཏེ། གཞི་གྲངས་ལས་ཡིག་རྟགསEOTམངོན་པ་དང་འཕྲད་ཚེ་བརྒྱུད་གཏོང་མི་ཐུབ་ཅིང་། གཞི་གྲངས་ཁྲོད་ཀྱིEOTདེ་སྡུད་སྣེ་ཡིས་བརྒྱུད་གཏོང་མཇུག་རྫོགས་པའི་ཚོད་འཛིན་ཡིག་རྟགས་སུ་ངོས་འཛིན་པ་དང་། དེ་རྗེས་ཀྱི་གཞི་གྲངས་ལསSOHམ་རྙེད་པར་སྡུད་སྣེ་ཡིས་གོ་ནོར་གྱི་ལྡེབ་མར་ངོས་བཟུང་ནས་དོར་བར་བྱེད། དོན་དངོས་ཐོག་གཞི་གྲངས་ཁྲོད་མངོན་པའི“EOT” ནི་གཉིས་གོང་འགྲིལ་ལུགས་ཀྱི་གཞི་གྲངས00000100ཡིན་པ་ལས་ཚོད་འཛིན་ཡིག་རྟགས་མིན།

མངོན་གསལ་འདྲེན་གཏོང་གི་གནད་དོན་ཐག་གཅོད་ཆེད་ངེས་པར་དུ་གཞི་གྲངས་ཁྲོད་འབྱུང་ཉེན་པའི་ཚོད་འཛིན་ཡིག་རྟགས“SOH”དང“EOT”གཉིས་སྡུད་སྣེ་ནས་ཚོད་འཛིན་ཡིག་རྟགས་སུ་འགྲེལ་མི་རུང་། ལག་ཏུ་བསྟར་ཐབས་ནི། གཏོང་གནས་ཀྱི་གཞི་གྲངས་སྦྲེལ་ལམ་བང་རིམ་གྱིས་གཞི་གྲངས་ཁྲོད་མངོན་པའི་ཚོད་འཛིན་ཡིག་རྟགས“SOH”དང“EOT”ཡི་སྔོན་དུ་བརྗེ་སྤོར་ཡིག་རྟགས“ESC”ཅིག་བར་འཇུག་བྱེད་པ། འདྲེན་གནས་ཀྱི་གཞི་གྲངས་སྦྲེལ་ལམ་བང་རིམ་གྱིས་གཞི་གྲངས་དེ་དྲ་རྒྱ་བང་རིམ་ལ་བསྐྱལ་བའི་ཚེ་ན་བར་དུ་བཅུག་པའི་བརྗེ་སྤོར་ཡིག་རྟགས་བསུབ་དགོས། ཐབས་ལམ་འདི་ལ་ཡིག་ཚིགས་ཁ་སྐོང(byte stuffing)ངམ་ཡིག་རྟགས་ཁ་སྐོང(character stuffing)ཟེར། གལ་ཏེ་བརྗེ་སྤོར་ཡིག་རྟགས་དེ་ཡང་གཞི་གྲངས་ཁྲོད་མངོན་པ་ཡིན་ན། ཐག་གཅོད་སྟངས་སྔར་བཞིན་བརྗེ་སྤོར་ཡིག་རྟགས་ཀྱི་སྔོན་དུ་བརྗེ་སྤོར་ཡིག་རྟགས་ཤིག་བར་འཇུག་བྱེད་རྒྱུ། དེར་བརྟེན་སྡུད་སྣེ་ཡིས་སྔ་གཞུག་ཏུ་བརྗེ་སྤོར་ཡིག་རྟགས་གཉིས་སྡུད་ལེན་བྱས་ཚེ་སྔ་མ་དེ་བསུབས་དགོས། དཔེ་རིས1-4ཡིས་མཚོན་པ་ནི་ཡིག་ཚིགས་ཁ་སྐོང་གིས་མངོན་གསལ་འདྲེན་གཏོང་གི་གནད་དོན་ཐག་གཅོད་པ།

4.jpg

དཔེ་རིས1-4 ཡིག་ཚིགས་ཁ་སྐོང་གིས་མངོན་གསལ་འདྲེན་གཏོང་གི་གནད་དོན་ཐག་གཅོད་པ།

(3)ནོར་འཛོལ་ཞིབ་བཤེར།

དངོས་ཡོད་ཀྱི་འཕྲིན་གཏོང་སྦྲེལ་ལམ་ཡོད་ཚད་དེ་འདྲའི་ཡང་དག་པ་ཞིག་མི་སྲིད་དེ། པེ་ཐེ་འདྲེན་གཏོང་གི་བརྒྱུད་རིམ་ཁྲོད1དང0ལ་འགྱུར་བ་དང་། ཡང་ན0དེ1ཏུ་འགྱུར་བའི་ནོར་འཛོལ་འབྱུང་བ་སྲིད་ཅིང་། དེ་ལ་པེ་ཐེའི་ནོར་འཛོལ་ཟེར། དེ་ནི་འདྲེན་གཏོང་ནོར་འཛོལ་ཁྲོད་ཀྱི་རིགས་ཤིག་དང་། སྡེ་ཚན་འདིར་གླེང་བའི“ནོར་འཛོལ”ལ་དམིགས་བསལ་གྱི་གསལ་བཤད་མེད་ཚེ་ཡོད་ཚད་པེ་ཐེའི་ནོར་འཛོལ་ལ་གོ་དགོས། དུས་ཡུན་ཙམ་གྱི་རིང་ལ་འདྲེན་གཏོང་བྱས་པའི་ནོར་འཛོལ་ཨང་ཚདBER(Bit Error Rate)དུ་འབོད། དཔེར་ན། ནོར་འཛོལ་ཨང་ཚད10-10ཡིན་ཚེ་ཆ་སྙོམས་པེ་ཐེ1010སྐྱེལ་གཏོང་བྱས་པའི་ཁྲོད་པེ་ཐེ་གཅིག་ལ་ནོར་འཛོལ་བྱུང་བ་མཚོན། ནོར་འཛོལ་ཨང་ཚད་དང་འཕྲིན་འཛེར་བསྡུར་ཚད་གཉིས་ལ་འབྲེལ་བ་དམ་དུ་ཡོད་དེ། འཕྲིན་འཛེར་བསྡུར་ཚད་མཐོ་རུ་བཏང་ན་ནོར་འཛོལ་ཨང་ཚད་དམའ་རུ་འགྲོ་བ་ཡིན། དོན་ལ་བབས་ཚེ་འཕྲིན་གཏོང་སྦྲེལ་ལམ་ཡང་དག་ཅིག་ཡོང་དཀའ་བས་ནོར་འཛོལ་ཨང་ཚད་མེད་པ་བཟོ་ཐབས་བྲལ། དེར་བརྟེན། རྩིས་འཁོར་དྲ་རྒྱས་གཞི་གྲངས་འདྲེན་གཏོང་ལ་ཡིད་རྟོན་བྱ་རུང་བའི་སླད་ནོར་འཛོལ་ཞིབ་བཤེར་གྱི་ཐབས་སྣ་ཚོགས་ལ་བརྟེན་དགོས། མིག་སྔར་གཞི་གྲངས་སྦྲེལ་ལམ་བང་རིམ་ལ་ཡོངས་ཁྱབ་དུ་སྤྱོད་བཞིན་པ་ནི་ལྷག་མ་རྒྱུན་འཁོར་ཞིབ་བཤེརCRC(Cyclic Redundancy Check)གྱི་ཐབས་རྩལ་དེ་ཡིན།

2 ཚེག་ནས་ཚེག་གི་གྲོས་མཐུནPPP

འཕྲིན་གཏོང་གི་སྤུས་ཚད་ཞན་པའི་དུས་རིམ་ནང་གཞི་གྲངས་སྦྲེལ་ལམ་བང་རིམ་ལ་བློས་འཁེལ་བའི་འདྲེན་གཏོང་གི་གྲོས་མཐུན་དེ་ཐབས་ལེགས་ཤོས་ཤིག་ཏུ་བརྩི་བས། བློས་འཁེལ་གྱི་འདྲེན་གཏོང་མངོན་དུ་འགྱུར་བཏུབ་པའི་མཐོ་རིམ་གཞི་གྲངས་སྦྲེལ་ལམ་ཚོད་འཛིནHDLC(High-level Data Link Control)དེ་སྐབས་དེར་ཅུང་རྒྱུགས་ཆེ་བའི་གྲོས་མཐུན་དུ་གྱུར་ཡོད་པ་རེད། ཡིན་ནའང་ད་ལྟHDLCསྤྱོད་པ་ཉུང་ཞིང་ཚེག་ནས་ཚེག་གི་གྲོས་མཐུནPPP(Point-to-Point Protocol)དེ་རྒྱ་ཁྱབ་དུ་སྤྱོད་ཀྱིན་འདུག

2_1 གྲོས་མཐུནPPPཡི་ཁྱད་ཆོས།

དབྱིན་ཐེ་དྲ་རྒྱ་སྤྱོད་མཁན་གྱིས་ངེས་པར་དུISPཞིག་དང་སྦྲེལ་ཏེ་ད་གཟོད་དབྱིན་ཐེ་དྲ་རྒྱར་མཐུད་དགོས་པ་དང་། གྲོས་མཐུནPPPནི་སྤྱོད་མཁན་གྱི་རྩིས་འཁོར་དངISPགཉིས་ཀྱི་བར་འཕྲིན་གཏོང་དུས་སྤྱོད་པར་བྱ་བའི་གཞི་གྲངས་སྦྲེལ་ལམ་བང་རིམ་གྱི་གྲོས་མཐུན་ཡིན། (དཔེ་རིས1-5ལྟར)

གྲོས་མཐུནPPPནིIETFཡིས1992ལོར་གཏན་འཁེལ་བྱས་པ་དང་། 1993ལོ་དང་1994ལོར་བཟོ་བཅོས་ཐེངས་གཉིས་བརྒྱབ་པའི་རྗེས་ནས་དབྱིན་ཐེ་དྲ་རྒྱའི་ཚད་གཞི་དངོས[RFC1661]ལ་གཏན་འཁེལ་བྱས་ཡོད།

1.གྲོས་མཐུནPPPལ་འཛོམས་དགོས་པའི་ཆ་རྐྱེན།

IETFལྟར་ན་གྲོས་མཐུནPPPབཟོ་འགོད་བྱེད་སྐབས་གཤམ་གྱི་ཆ་རྐྱེན[RFC1547]འདི་དག་ལ་མཉམ་འཇོག་བྱ་དགོས་ཏེ།

5.jpg

དཔེ་རིས1-5 སྤྱོད་མཁན་ནསISPསྦྲེལ་ལམ་བར་བཀོལ་བའི་གྲོས་མཐུནPPP

(1)སྟབས་བདེ་བ། IETFཡིས་དབྱིན་ཐེ་དྲ་རྒྱའི་མ་ལག་འདུ་འགོད་བྱེད་དུས་དཀའ་གནད་ཀྱི་སྡེ་རྣམས་གྲོས་མཐུནTCPཁྲོད་བཞག་ཅིང་དྲ་རྒྱ་ཕན་ཚུན་བར་གྱི་གྲོས་མཐུནIPལྟོས་བཅས་ཀྱི་ཅུང་སྟབས་བདེ་ལ། དེ་ཡིས་མཁོ་འདོན་བྱེད་པ་ནི་བློས་མི་འཁེལ་བའི་གཞི་གྲངས་སྙན་ཞུའི་ཞབས་ཞུ་ཡིན། དེ་ལྟ་ན་གཞི་གྲངས་སྦྲེལ་ལམ་བང་རིམ་གྱིས་གྲོས་མཐུནIPལས་མང་བའི་བྱེད་ནུས་མཁོ་འདོན་བྱེད་མི་དགོས་ཤིང་། གཞི་གྲངས་སྦྲེལ་ལམ་བང་རིམ་གྱི་ལྡེབ་མར་ནོར་བཅོས་དང་། ཨང་རིམ། རྒྱུན་བཅས་ལ་ཚོད་འཛིན་བྱེད་མི་དགོས། ཚབ་ཨང་ནོར་ཚད་ཅུང་མཐོ་བའི་སྐུད་མེད་སྦྲེལ་ལམ་སྟེང་གཞི་གྲངས་སྦྲེལ་ལམ་བང་རིམ་གྱི་གྲོས་མཐུན་ཡང་ཅུང་དཀའ་བ་ཞིག་དགོས་ངེས་ཆེ། དེར་བལྟས་ནIETFཡིས་སྟབས་བདེ་ནི་རྐྱེན་ཐོག་མར་འཇོག

འདུ་འགོད་སྟབས་བདེ་ན་གྲོས་མཐུན་མངོན་དུ་འགྱུར་དུས་ནོར་འཛོལ་འབྱུང་དཀའ་བས། བཟོ་གྲྭ་མང་པོས་གྲོས་མཐུན་མངོན་དུ་འགྱུར་བ་མི་འདྲ་བའི་ཕན་ཚུན་བཀོལ་སྤྱོད་རང་བཞིན་མཐོ་རུ་བཏེགས་པ་རེད། ང་ཚོས་ཤེས་གསལ་ལྟར་གྲོས་མཐུན་ཚད་ལྡན་ཅན་དུ་གཏོང་བའི་དམིགས་ཡུལ་གཙོ་བོ་ནི་གྲོས་མཐུན་གྱི་ཕན་ཚུན་བཀོལ་སྤྱོད་རང་བཞིན་མཐོ་རུ་འདེགས་པ་དེ་ཡིན།

མདོར་ན་གཞི་གྲངས་སྦྲེལ་ལམ་བང་རིམ་གྱི་གྲོས་མཐུན་འདིའི་རིགས་ནི་ཧ་ཅང་སྟབས་བདེ་བ་ཞིག་སྟེ། སྡུད་སྣེ་རུ་སྡུད་ལེན་བྱས་པའི་ལྡེབ་མ་རེ་རེརCRCཞིབ་བཤེར་བྱེད་པ་དང་། གལ་ཏེ་ནོར་བ་མེད་ན་ལྡེབ་མ་དེ་སྡུད་པ་དང་དེ་ལས་ལྡོག་ན་དོར་བར་བྱ།

(2)ལྡེབ་ཚེགས་བྱེད་པ། སྡུད་སྣེ་རུ་སྡུད་ལེན་བྱས་པའི་པེ་ཐེའི་རྒྱུན་གྱི་ཁྲོད་ལྡེབ་མའི་མགོ་མཇུག་ཡང་དག་པར་ངོས་འཛིན་སླད་གྲོས་མཐུནPPPལ་ངེས་པར་དུ་དམིགས་བསལ་གྱི་ཡིག་རྟགས་གཏན་ལ་ཕབ་སྟེ་ལྡེབ་མཚམས་ངེས་རྟགས་འཇོག་དགོས།

(3)མངོན་གསལ་རང་བཞིན། གྲོས་མཐུནPPPལ་གཞི་གྲངས་འདྲེན་གཏོང་མངོན་གསལ་ཡིན་པ་ཁག་ཐེག་དགོས།

(4)དྲ་རྒྱ་བང་རིམ་གྱི་གྲོས་མཐུན་རིགས་མང་བ། གྲོས་མཐུནPPPཡིས་དངོས་ལུགས་སྦྲེལ་ལམ་གཅིག་གི་སྟེང་དྲ་རྒྱ་བང་རིམ་གྱི་གྲོས་མཐུན་རིགས་དུ་མར་དུས་མཚུངས་སུ་རྒྱབ་སྐྱོར་བྱ་ཐུབ་དགོས། གལ་སྲིད་ཚེག་ནས་ཚེག་གི་སྦྲེལ་ལམ་དང་སྦྲེལ་བ་ནི་ཁྱབ་ཆུང་དྲ་རྒྱའི་ལམ་སྟོན་ཆས་ཡིན་ཚེ། གྲོས་མཐུནPPPཡིས་དེ་དང་སྦྲེལ་བའི་ཁྱབ་ཆུང་དྲ་རྒྱའི་ལམ་སྟོན་ཆས་ལ་བཀོལ་བའི་རིགས་མི་འདྲ་བའི་གྲོས་མཐུན་མཐའ་དག་ལ་རྒྱབ་སྐྱོར་བྱ་དགོས།

(5)རིགས་མི་འདྲ་བའི་སྦྲེལ་ལམ་མང་པོ། དྲ་རྒྱ་བང་རིམ་གྱི་གྲོས་མཐུན་མི་འདྲ་བར་རྒྱབ་སྐྱོར་བྱེད་པ་ལས་གཞན་ད་དུང་རིགས་མི་འདྲ་བའི་སྦྲེལ་ལམ་མང་པོའི་སྟེང་འཁོར་བསྐྱོད་བྱེད་ཐུབ་དགོས། དཔེར་ན་ཕྲེང་བགྲོད་དང་གཤིབ་བགྲོད། མཉམ་དུ་བགྲོད་མིན་དང་། དལ་ལམ་མགྱོགས། གློག་གམ་འོད། བརྗེ་སྤོར་བྱེད་མིན་གང་ཡང་རུང་བའི་ཚེག་ནས་ཚེག་གི་སྦྲེལ་ལམ་མཐའ་དག

(6)ནོར་འཛོལ་ཞིབ་བཤེར(error detection)གྲོས་མཐུནpppཡིས་ངེས་པར་དུ་སྡུད་སྣེ་རུ་སྡུད་ལེན་བྱས་པའི་ལྡེབ་མར་ཞིབ་བཤེར་བྱེད་པ་དང་། ནོར་འཛོལ་ཅན་རྣམས་འདོར་དགོས། གལ་ཏེ་གཞི་གྲངས་སྦྲེལ་ལམ་བང་རིམ་ལ་ཞིབ་བཤེར་མ་བྱས་ན་ནོར་འཛོལ་ཅན་གྱི་ལྡེབ་མ་མུ་མཐུད་དུ་བརྒྱུད་གཏོང་བྱས་ཏེ་དྲ་རྒྱའི་ནུས་ཁུངས་འཕྲོ་བརླག་ཏུ་གཏོང་བ་རེད།

(7)སྦྲེལ་བའི་རྣམ་པར་ཞིབ་བཤེར། གྲོས་མཐུནpppལ་དུས་ཐོག་ཏུ་རང་འགུལ་གྱིས་སྦྲེལ་ལམ་དུ་སྐྱོན་ཞུགས་ཡོད་མེད་ཞིབ་བཤེར་བྱ་བའི་ནུས་པ་ལྡན་དགོས། སྐྱོན་ཤོར་བའི་སྦྲེལ་ལམ་དེ་ཡུན་ཙམ་ནས་ཡང་བསྐྱར་ལས་ལ་ཞུགས་ཚེ་ངེས་པར་དུ་དུས་ཐོག་ཞིབ་བཤེར་གྱི་ནུས་པ་ཡོད་དགོས།

(8)ཆེས་ཆེ་བའི་བརྒྱུད་གཏོང་གི་སྡེ་ཚན། གྲོས་མཐུནpppཡིས་ཚེག་ནས་ཚེག་གི་སྦྲེལ་ལམ་གྱི་རིགས་སོ་སོར་ཆེས་ཆེ་བའི་བརྒྱུད་གཏོང་གི་སྡེ་ཚནMTUཡི་ཚད་ལྡན་སོར་བཞག་ཐང་སྒྲིག་འགོད་བྱ་དགོས། གལ་ཏེ་མཐོ་རིམ་གྲོས་མཐུན་སྐྱེལ་གཏོང་གི་ཚན་པ་རིང་དྲག་ནསMTUགྲངས་ལས་བརྒལ་ཚེ་གྲོས་མཐུནpppཡིས་ལྡེབ་མ་དེ་ལྟ་བུ་དོར་ཏེ་སླར་གསོ་བ། MTUནི་གཞི་གྲངས་སྦྲེལ་ལམ་བང་རིམ་གྱི་ལྡེབ་མར་ཤོང་བའི་གཞི་གྲངས་སྡེ་ཚན་གྱི་ཆེས་རིང་བའི་རིང་ཚད་ཡིན་པ་ལས་ལྡེབ་མའི་རིང་ཚད་མིན།

(9)དྲ་རྒྱ་བང་རིམ་གྱི་གནས་གྱི་གྲོས་མོལ། གྲོས་མཐུནpppཡིས་འཕྲིན་གཏོང་བའི་དྲ་རྒྱ་བང་རིམ་གཉིས་གྲོས་མོལ་བརྒྱུད་དེ་དྲ་རྒྱ་བང་རིམ་གྱི་གནས་ཕན་ཚུན་སྡེབ་སྒྲིག་ནུས་པ་དགོས། གྲོས་མོལ་སྟབས་བདེ་ཞིང་སྐབས་བབས་ཀྱི་གནས་ཚུལ་གང་འདྲ་ཡང་དེ་ཡི་བྱས་འབྲས་ཐོན་ཐུབ་དགོས།

(10)གཞི་གྲངས་སྡུད་སྒྲིལ་གྲོས་མོལ། གྲོས་མཐུནpppཡིས་གཞི་གྲངས་སྡུལ་སྒྲིལ་བརྩི་ཐབས་ཤིག་འདོན་སྤྲོད་བྱ་དགོས་ཤིང་བརྩི་ཐབས་དེ་ཚད་ལྡན་ཡིན་དགོས་ཀྱི་ངེས་པ་མེད།

2.གྲོས་མཐུནpppལ་མེད་དུ་རུང་བའི་ནུས་པ།

RFCXཡིས1547ཁྲོད་གྲོས་མཐུནpppལ་མེད་རུང་གི་ནུས་པ་གསལ་བོར་བཤད་ཡོད་དེ།

(1)ནོར་བཅོས(error correction)TCP/IPགྲོས་མཐུན་ཚོགས་ཀྱི་ཁྲོད་བློས་འཁེལ་བའི་འདྲེན་གཏོང་ནི་སྐྱེལ་འདྲེན་བང་རིམ་གྱིTCPཡིས་འགན་ལེན་པ་དང་། གཞི་གྲངས་སྦྲེལ་ལམ་བང་རིམ་གྱི་གྲོས་མཐུནpppལ་ནོར་འཛོལ་ཞིབ་བཤེར་ཁོ་ན་ལས་མེད།

(2) རྒྱུན་ཚད་ཚོད་འཛིན། TCP/IPགྲོས་མཐུན་ཚོགས་ཀྱི་ཁྲོད་སྣེ་ནས་སྣེ་བར་གྱི་རྒྱུན་ཚདTCPཡིས་ཚོད་འཛིན་བྱེད་པ་དང་། སྦྲེལ་ལམ་བང་རིམ་གྱི་གྲོས་མཐུན་གྱིས་རྒྱུན་ཚད་ཚོད་འཛིན་བྱེད་མི་དགོས།

(3)རིམ་ཨང་། གྲོས་མཐུནpppནི་བློས་འཁེལ་གྱི་གྲོས་མཐུན་མ་ཡིན་པས་ལྡེབ་མའི་རིང་ཨང་བེད་སྤྱོད་མི་དགོས། སྒྲ་ཆེ་བའི་ཁོར་ཡུག་ཁྲོད་སྐུད་མེད་དྲ་རྒྱས་རིམ་ཨང་ཅན་གྱི་བྱ་ཐབས་སྤྱོད་ལ། དེ་ལྟ་ན་བློས་འཁེལ་བའི་འདྲེན་གཏོང་གི་ཞབས་ཞུ་སྒྲུབ་ནུས། 

(4)སྣེ་མང་སྐུད་ལམ། གྲོས་མཐུནpppཡིས་ཚེག་ནས་ཚེག་གི་སྦྲེལ་ལམ་དུ་འཕྲིན་གཏོང་བ་ལས་སྣེ་མང་བའི་སྐུད་ལམ་ལ་རྒྱབ་སྐྱོར་མི་བྱེད།

(5)གོ་ཉིས་ཆོད་ཕྱེད་དམ་གོ་གཅིག་ཆོད་ཀྱི་སྦྲེལ་ལམ། གྲོས་མཐུནpppཡིས་གོ་ཉིས་ཆོད་ཁོ་ནར་རྒྱབ་སྐྱོར་བྱེད།

3.གྲོས་མཐུནpppཡི་གྲུབ་ཆ།

གྲོས་མཐུནpppལ་གྲུབ་ཆ་གསུམ་ཡོད་དེ།

(1) IPགཞི་གྲངས་སྙན་ཞུ་གང་ཞིག་ཕྲེང་བགྲོད་སྦྲེལ་ལམ་དུ་དམ་ཚགས་བྱ་ཐབས་ཤིག pppཡིས་གོམ་འགལ་སྦྲེལ་ལམ་དང་པེ་ཐེ་ལ་ཕྱོགས་པའི་གོམ་མཉམ་སྦྲེལ་ལམ་གཉིས་ཀར་རྒྱབ་སྐྱོར་བྱེད་པ་ཡིན། IPགཞི་གྲངས་སྙན་ཞུ་ནིPPPལྡེབ་མའི་ཁྲོད་དེ་ཡི་ཆ་འཕྲིན་གྱི་ཆ་ཤས་ཤིག་དང་། ཆ་འཕྲིན་དེ་ཡི་རིང་ཚད་ལ་སྐྱེལ་གཏོང་གི་ཆེས་ཆེ་བའི་སྡེ་ཚནMTUཡི་ཚད་བཀག་ཐེབས།

(2) གཞི་གྲངས་སྦྲེལ་ལམ་སྦྲེལ་མཐུད་དང་སྡེབ་སྒྲིག ཚོད་ཞིབ་བཅས་བྱ་བའི་སྦྲེལ་ལམ་ཚོད་འཛིན་གྲོས་མཐུནLCP(Link Control Protocol)འཕྲིན་གཏོང་ལེན་གྱི་ཕྱོགས་གཉིས་ཀས་གདམ་གཞི་ཁག་ཅིག་ལ་གྲོས་མོལ་བྱས་ཆོག

(3)དྲ་རྒྱ་ཚོད་འཛིན་གྲོས་མཐུན་ཆ་ཚང་ཤིགNCP(Network Control Protocol)དེའི་ཁྲོད་ཀྱི་གྲོས་མཐུན་རེ་རེས་དྲ་རྒྱ་བང་རིམ་གྱི་གྲོས་མཐུན་མི་འདྲ་བ་རེར་རྒྱབ་སྐྱོར་བྱེད། དཔེར་ན། IPདངOSIཡི་དྲ་རྒྱ་བང་རིམ་དངDECnetད་དུང AppleTalk བཅས་སོ།

3 གྲོས་མཐུནPPPཡི་ལྡེབ་མའི་རྣམ་གཞག
3_1 ཡིག་དུམ་གྱི་ངོ་བོ།

pppཡི་ལྡེབ་མའི་རྣམ་བཞག་དཔེ་རིས1-6ལས་མཚོན་པ་ལྟར། pppལྡེབ་མའི་མགོ་དང་མཇུག་སོ་སོར་ཡིག་དུམ་བཞི་དང་གཉིས་ཡིན། མགོའི་ཡིག་དུམ་དང་པོ་དང་མཇུག་གི་ཡིག་དུམ་གཉིས་པ་གཉིས་ནི་མཚོན་རྟགས་ཡིག་དུམF(Flag)དང་། 0x7Eལ་གཏན་འཁེལ་བྱས་ཡོད། མཚོན་རྟགས་ཡིག་དུམ་གྱིས་ལྡེབ་མ་ཞིག་མགོ་དང་མཇུག་མཚོན་པས་དེ་ནིppp ལྡེབ་མའི་མཚམས་ངེས་རྟགས་ཡིན། ལྡེབ་མ་སྔ་ཕྱི་གཉིས་ཀྱི་བར་ལ་མཚོན་རྟགས་ཡིག་དུམ་གཅིག་སྤྱོད་པ་དང་། གལ་ཏེ་མཚོན་རྟགས་ཡིག་དུམ་གཉིས་བྱུང་ཚེ་དེ་ནི་ལྡེབ་མ་སྟོང་བ་ཡིན་པ་ཤེས་དགོས།

ལྡེབ་མའི་མགོའི་གནས་ཡི་ཡིག་དུམAདེ0x7E(11111111)དང་ཚོད་འཛིན་ཡིག་དུམCདེ0x03(00000011)ལ་གཏན་འཁེལ་བྱས་ཡོད། དོན་དངོས་སུ་ཡིག་དུམ་དེ་གཉིས་ལpppལྡེབ་མའི་ཆ་འཕྲིན་ཅི་ཡང་མེད།

6.jpg

དཔེ་རིས1-6  pppལྡེབ་མའི་རྣམ་གཞག

pppཡི་མགོ་ཡི་ཡིག་དུམ་བཞི་བ་ནི་ཡིག་ཚིགས་གཉིས་པའི་གྲོས་མཐུན་ཀྱི་ཡིག་དུམ་ཡིན། གྲོས་མཐུན་ཡིག་དུམ་ནི0x0021ཡིན་དུསpppལྡེབ་མའི་ཆ་འཕྲིན་ཡིག་དུམ་ནིIPགཞི་གྲངས་སྙན་ཞུ་ཡིན། གལ་ཏེ0xC021ཡིན་ན་ཆ་འཕྲིན་ཡིག་དུམ་ནི་སྦྲེལ་ལམpppཚོད་འཛིན་གྲོས་མཐུནLCPཡི་གཞི་གྲངས་ཡིན་ཞིང། 0x8021གིས་འདི་ཉིད་དྲ་རྒྱ་བང་རིམ་གྱི་ཚོད་འཛིན་གཞི་གྲངས་ཡིན་པ་མཚོན།

ཆ་འཕྲིན་ཡིག་དུམ་གྱི་རིང་ཚད་དེ་འགྱུར་རུང་ལ་ཡིག་ཚིགས1500ལས་བརྒལ་མི་རུང་།

མཇུག་གི་ཡིག་དུམ་དང་པོ(ཡིག་ཚིགས2)དེ་ནིCRCསྤྱད་པའི་ལྡེབ་མ་ཞིབ་བཤེར་གྱི་བསྟར་རིམFCSཡིན།

3_2 ཡིག་ཚིགས་ཁ་སྐོང་།

ཆ་འཕྲིན་ཡིག་དུམ་ཁྲོད་མཚོན་རྟགས་ཡིག་དུམ་དང་འདྲ་བའི་པེ་ཐེ(0x7E)ཚན་སྡེབ་མངོན་ཚེ། རྣམ་པའི་ཐོག་ནས་མཚོན་རྟགས་ཡིག་དུམ་དང་འདྲ་བའི་པེ་ཐེའི་ཚན་སྡེབ་དེ་ཐབས་ཅི་ཡོད་ཀྱིས་ཆ་འཕྲིན་ཡིག་དུམ་ཁྲོད་མི་འབྱུང་བ་བཟོ་དགོས།

PPPཡིས་གོམ་འགལ་གྱི་འདྲེན་གཏོང་བྱ་བའི་ཚེ་དོན་བསྒྱུར་རྟགས0x7Dརུ་ཕབ་པ་མ་ཟད། ཡིག་ཚིགས་ཁ་སྐོང་སྤྱོད་པ་ཡིན། RFC1162ཁྲོད་གཤམ་གྱི་ཁ་སྐོང་ཐབས་འདི་དག་བསྟན་ཡོད་དེ།

(1)ཆ་འཕྲིན་ཡིག་དུམ་ཁྲོད་བྱུང་བའི་ཡིག་ཚིགས0x7Eརེ་རེ་ཡིག་ཚིགས2ཀྱི་བསྟར་རིམ(0x7E, 0x5E)དུ་བསྒྱུར་བ།

(2)ཆ་འཕྲིན་ཡིག་དུམ་ཁྲོད་བྱུང་བའི་ཡིག་ཚིགས0x7D(དོན་བསྒྱུར་རྟགས་ཀྱི་པེ་ཐེ་ཚན་སྡེབ་དང་འདྲ་བ་བྱུང་བ)དེ་ཡིག་ཚིགས2ཀྱི་བསྟར་རིམ(0x7D, 0x5D)དུ་བསྒྱུར་བ།

(3)ཆ་འཕྲིན་ཡིག་དུམ་ཁྲོདASCIIཨང་ཀིའི་ཚོད་འཛིན་ཡིག་རྟགས(གྲངས་ཀ0x20ལས་ཆུང་བའི་ཡིག་རྟགས)བྱུང་ཚེ་ཡིག་རྟགས་དེ་ཡི་སྔོན་དུ་ཡིག་ཚིགས0x7Dགཅིག་ཁ་སྣོན་བྱས་ཏེ་ཡིག་ཚིགས་དེ་ཡི་ཨང་སྒྲིག་ལ་བཟོ་བཅོས་རྒྱག་དགོས། དཔེར་ན། 0x03(ཚོད་འཛིན་ཡིག་རྟགས་ཁྲོད་འདྲེན་གཏོང་མཇུག་རྫོགས་པETX)བྱུང་ཚེ་ཡིག་ཚིགས2ཀྱི་བསྟར་རིམ(0x7D,0x23)དུ་བསྒྱུར་བ།

གཏོང་གནས་སུ་ཡིག་ཚིགས་ཁ་སྐོང་བྱས་པས་སྦྲེལ་ལམ་སྟེང་སྐྱེལ་གཏོང་བྱས་པའི་ཆ་འཕྲིན་ཡིག་ཚིགས་ཀྱི་གྲངས་དེ་སྔར་ལས་མང་དུ་སོང་ཡོད་ཀྱང་། སྡུད་སྣེ་ཡིས་གཞི་གྲངས་སྡུད་ལེན་བྱས་རྗེས་གཏོང་སྣེ་ཡི་ཡིག་ཚིགས་ཁ་སྐོང་དང་ལྡོག་སྤོར་བརྒྱབ་ན་སྔར་གྱི་ཆ་འཕྲིན་ཡང་དག་པར་སླར་གསོ་བྱ་ངེས།

3_3 པེ་ཐེ0ཁ་སྐོང་།

གྲོས་མཐུནPPPདེ་སྦྲེལ་ལམSONET/SDHལ་སྤྱོད་དུས་གོམ་མཉམ་འདྲེན་གཏོང་སྤྱོད་པ་དང་། གནས་ཚུལ་དེ་འདྲའི་འོག་གྲོས་མཐུནPPPལ་པེ་ཐེ0ཁ་སྐོང་ཐབས་སྤྱད་དེ་མངོན་གསལ་འདྲེན་གཏོང་ལག་ཏུ་བསྟར་བ་ཡིན།

པེ་ཐེ་མེད་པའི་ཁ་སྐོང་ལག་ཏུ་བསྟར་ཐབས་ནི། གཏོང་སྣེ་རུ་ཆ་འཕྲིན་ཡིག་དུམ་ལ་བཤར་ཕབ(རྒྱུན་ལྡན་དུ་སྲ་ཆས་དང་མཉེན་ཆས་ཀྱང་སྤྱད་རུང་ཡང་ཅུང་དལ)བྱས་རྗེས། རིམ་མཐུན1ཅན5བྱུང་ཚེ་དུས་ཐོག་ཏུ0གཅིག་སྐོང་བར་བྱ། པེ་ཐེ0ཁ་བསྐངས་རྗེས་ཀྱི་གཞི་གྲངས་ལ་ཆ་འཕྲིན་ཡིག་དུམ་ཁྲོད1ཅན6འབྱུང་མི་སྲིད། སྡུད་སྣེ་ཡིས་ལྡེབ་མ་གཅིག་སྡུད་ལེན་བྱས་རྗེས་ཐོག་མར་མཚོན་རྟགས་ཡིག་དུམFརྙེད་དེ་ལྡེབ་མཚམས་ངོས་ཟིན་པ་དང་། དེ་ནས་སྲ་ཆས་སྤྱད་དེ་དེ་ཡི་པེ་ཐེའི་རྒྱུན་ལ་བཤར་ཕབ་བྱ། རིམ་མཐུད1ཅན5བྱུང་ཚེ་དེ་རྗེས་ཀྱི0བསུབ་ཏེ་སྔར་གྱི་པེ་ཐེའི་རྒྱུན་ལྟར་དུ་འཇོག དེ་ལྟ་ན་འདྲེན་གཏོང་མངོན་གསལ་ཡིན་ཏེ། སྐྱེལ་གཏོང་བྱ་བའི་གཞི་གྲངས་ཀྱི་པེ་ཐེའི་རྒྱུན་ཁྲོད་ཚན་སྡེབ་གང་རུང་གི་པེ་ཐེའི་རྒྱུན་བརྒྱུད་གཏོང་བྱ་ནུས་ཤིང་ལྡེབ་མཚམས་ངོས་འཛིན་ལ་ནོར་འཛོལ་འབྱུང་མི་སྲིད།

4 ཁྱབ་བསྒྲགས་འཕྲིན་ལམ།
4_1 ཁྱབ་ཆུང་དྲ་རྒྱ།

ཁྱབ་ཆུང་དྲ་རྒྱའི་ཁྱད་ཆོས་གཙོ་བོ་ནི་ལས་ཁུངས་ཤིག་གིས་སྤྱོད་པ་དང་ས་ཁུལ་དང་དྲ་གནས་ལ་ཚད་ཡོད་པ་རེད། དེ་ཐོག་མར་བྱུང་བའི་དུས་ཁྱབ་ཆེན་དྲ་རྒྱ་ལས་གཞི་གྲངས་ཚད་མང་ཞིང་དུས་འགྱངས་མེད་ལ། ཨང་ནོར་འབྱུང་ཚད་དམའ་བ་ཡིན། ཡིན་ནའང་ཁྱབ་ཆེན་དྲ་རྒྱར་འོད་འདྲེན་སྐུད་ཀྱི་ལག་རྩལ་རྒྱ་ཆེར་སྤྱད་པས་ད་ནི་དེ་ཡང་གཞི་གྲངས་ཚད་མང་ཞིང་ཨང་ནོར་འབྱུང་ཚད་དམའ་བ་ཞིག་ཏུ་གྱུར་འདུག

ཁྱབ་ཆུང་དྲ་རྒྱར་ལེགས་པའི་ཆ་དུ་མ་མཐོང་སྟེ།

(1)ཁྱབ་བསྒྲགས་ཀྱི་ནུས་པ་དང་ལྡ་པ། དྲ་གནས་གཅིག་ནས་དྲ་རྒྱ་ཡོངས་ལ་ལྟ་སྤྱོད་ཐུབ་པ་མ་ཟད། དེ་ཡི་གཙོ་འཁོར་གྱིས་ཁྱབ་ཆུང་དྲ་རྒྱར་སྦྲེལ་བའི་སྲ་ཆས་དང་མཉེན་ཆས་རིགས་མ་འདྲ་བའི་ནུས་ཁུངས་ལ་མཉམ་སྤྱོད་ཐུབ་པ་རེད།

(2)མ་ལག་རྒྱ་བསྐྱེད་རྒྱུ་དང་རིམ་བཞིན་བསྒྱུར་སྟབས་བདེ་ཞིང་སྒྲིག་ཆས་ཀྱི་གནས་སྤོར་རུང་བ།

(3)མ་ལག་གི་བློས་འཁེལ་ཚད(reliability)དང་སྤྱོད་རུང་གི་ཚད(availability) གནས་ཚད(survivability)སོགས་ཇེ་མཐོར་འགྲོ་བ་ཡིན།

4_2 CSMA/CD

གནད་དུ་བསྡུས་ན་གྲོས་མཐུནCSMA/CDཡི་གཙོ་གནད་གཤམ་ལྟར།

(1)འཚམ་སྒྲིག་ཆས་ལ་དྲ་རྒྱ་བང་རིམ་ནས་སྡེབ་ཚན་ཞིག་ཐོབ་པ་དེ་ལ་དབྱིན་ཐེ་དྲ་རྒྱའི་མགོ་དང་མཇུག་བསྣན་ཏེ་དབྱིན་ཐེ་དྲ་རྒྱའི་ལྡེབ་མ་གྲུབ་པ་དང་། འཚམ་སྒྲིག་ཆས་ཀྱི་གསོག་སྣོད་དུ་བཞག་ཏེ་སྐྱེལ་གཏོང་ལ་གྲ་སྒྲིག་བྱེད་པ་ཡིན།

(2)འཚམ་སྒྲིག་ཆས་ཀྱིས་འཕྲིན་ལམ་སྟོང་བ་ཡིན། (པེ་ཐེ96གི་དུས་ཚོད་ནང་འཕྲིན་ལམ་སྟེང་བརྡ་རྟགས་ཡོད་པ་མ་རྟོགས་པ)ལྡེབ་དེ་སྐྱེལ་གཏོང་བྱེད་པ་དང་། གལ་ཏེ་འཕྲིན་ལམ་སྟོང་བ་མིན་ནམ་མུ་མཐུད་དུ་ཞིབ་བཤེར་བྱེད་པ་དང་འཕྲིན་ལམ་སྟོང་བར་གྱུར་བའི་བར་དུ་སྒུག་སྟེ( པེ་ཐེ96གི་དུས་ཚོད་སྣོན་པ)དེ་ནས་ལྡེབ་མ་དེ་གཏོང་བར་བྱེད།

(3)སྐྱེལ་གཏོང་གི་བརྒྱུད་རིམ་ཁྲོད་མུ་མཐུད་དུ་འཕྲིན་ལམ་ལ་ཞིབ་བཤེར་བྱེད་པ་དང་། གལ་ཏེ་ཡུན་རིང་བོར་གདོང་ཐུག་མ་བྱུང་ན་ལྡེབ་མ་དེ་བདེ་ལེགས་ཀྱིས་བཏང་ཚར་བར་བྱེད་པ་དང་། གལ་ཏེ་གདོང་ཐུག་བྱུང་ན་གཞི་གྲངས་གཏོང་མཚམས་འཇོག་པ་མ་ཟད་བཀག་འགོག་གི་བརྡ་རྟགས་གཏོང་བ་ཡིན།

(4)སྐྱེལ་གཏོང་མཚམས་བཞག་རྗེས་འཚམ་སྒྲིག་ཆས་ཡིས་སྟོན་གྲངས་རྗེས་བསྣུར་གྱི་བརྩི་སྟངས་བཀོལ་བ། ལྡབRཔེ་ཐེ512ཡུན་གྱི་རྗེས་སུ་གོམ་རིམ(2)པའི་སྟེང་འབབ་པ་ཡིན།

5 འཕྲིན་ལམ་ཅན་གྱི་དབྱིན་ཐེ་དྲ་རྒྱ།
5_1 སྐུད་སྡུད་ཆས་སྤྱད་པའི་སྐར་དབྱིབས་ཐོ་ཕུ།

སྲོལ་རྒྱུན་གྱི་དབྱིན་ཐེ་དྲ་རྒྱར་དང་ཐོག་སྦོམ་མདའི་སྐུད་ཆུན་སྤྱད་པ་དང་ཕྱིས་སུ་ཕྲ་མདའི་སྐུད་ཆུན་སྤྱད། དེའི་ཕྱིས་སུ་དེ་ལས་ཀྱང་གོང་ཁེ་བའི་སྐུད་པ་ཉིས་རྐྱ་མ་སྤྱད་པ་ཡིན། དབྱིན་ཐེ་དྲ་རྒྱར་སྐར་དབྱིབས་ཐོ་ཕུ་སྤྱོད་པ་དང་སྐར་དབྱིབས་ཀྱི་དཀྱིལ་དུ་བློས་འཁེལ་རང་བཞིན་མཐོ་བའི་སྒྲིག་ཆས་ཤིག་བསྣན་པ་དེ་ལ་སྐུད་སྡུད་ཆས་ཟེར། དཔེ་རིས1-7ལྟར། སྐུད་པ་ཉིས་རྐྱ་ཅན་གྱི་དབྱིན་ཐེ་དྲ་རྒྱ་ལ་རྒྱུན་ལྡན་དུ་སྐུད་སྡུད་ཆས་སྦྱར་ནས་བཀོལ་བ་དང་། གནས་རེ་རེ་ལ་སྒྲིབ་མེད་ཀྱི་སྐུད་པ་ཉིས་རྐྱ་ཆ་གཉིས་རེ་མཁོ་བ་དང་། དེ་གཉིས་སྐྱེལ་གཏོང་དང་ནང་འདྲེན་ལ་མཁོ་བ་ཡིན། སྐུད་པ་ཉིས་རྐྱ་མའི་སྣེ་གཉིས་ལ་བསྒར་མགོRJ-45ཅན་སྤྱོད་དགོས། སྐུད་སྡུད་ཆས་ལ་ཁྱབ་ཆེ་བའི་སྐུད་མང་གློག་ལམ་གྱི་ཉིང་ལྡེབ་སྤྱད་པས་དེ་ཡི་བློས་འཁེལ་རང་བཞིན་མཐོ་རུ་འཕེལ་བར་འགྱུར། 1990ལོར IEEEཡིས་སྐར་དབྱིབས་དབྱིན་ཐེ་དྲ་རྒྱ10BASE-Tལ་ཚད་གཞི802.3iགཏན་འཁེལ་བྱས། དེ་ལས10ཡིས10Mb/sཡི་གཞི་གྲངས་མཚོན་པ་དང་། BASEཡིས་སྦྲེལ་སྐུད་སྟེང་གི་བརྡ་རྟགས་ནི་རྨང་སྐུད་བརྡ་རྟགས་ཡིན་པ་མཚོན། Tཡིས་སྐུད་པ་ཉིས་རྐྱ་མ་མཚོན། ལག་ལེན་ལས་ཤེས་པ་ལྟར་ན་འདི་ནི་འཕྲུལ་ཆས་མང་པོ་སྦྲེལ་བའི་ཁུངས་མེད་སྐུད་ཆུན་ལས་ལེགས་པ་ཡིན། སྐུད་པ་ཉིས་རྐྱ་མའི་སྐུད་ཆུན་སྤྱོད་པའི་དབྱིན་ཐེ་དྲ་རྒྱ་དང་དྲ་རྒྱའི་བཀོལ་རིན་ནི་ཤུན་ཏུ་དམའ་བས་སྦོམ་མདའ་དང་ཕྲད་མདའ་སྤྱད་པ་ནི་ལོ་རྒྱུས་སུ་གྱུར་ཞིང་ད་ལྟའི་ཚོང་རའི་ནང་མཐོང་རྒྱུ་མེད། ཡིན་ནའང10BASE-Tདབྱིན་ཐེ་དྲ་རྒྱས་འཕྲིན་གཏོང་གི་བར་ཐག་ཅུང་ཐུང་སྟེ། གནས་རེ་རེ་ནས་སྐུད་སྡུད་ཆས་ཀྱི་བར་ཐག་ནི100mལས་མི་བརྒལ། ནུས་ཚད་ཅུང་མཐོ་བའི10BASE-Tསྐུད་པ་ཉིས་རྐྱ་མའི་དབྱིན་ཐེ་དྲ་རྒྱ་བྱུང་བ་ནི་ཁྱབ་ཆུང་དྲ་རྒྱའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཀྱི་རྡོ་རིང་ལྟ་བུ་དང་། ཁྱབ་ཆུང་དྲ་རྒྱའི་ཁྲོད་དབང་བསྒྱུར་བའི་གོ་གནས་ལ་རྨང་གཞི་བརྟན་པོར་ཚུགས་པ་ཡིན།

སྐུད་པ་ཉིས་རྐྱ་མས་གཞི་གྲངས་གཏོང་ཚད་ཇེ་མགྱོགས་སུ་གཏོང་ཐབས་ནི་སྐུད་པ་ཉིས་རྐྱ་མའི་རྐྱ་འདྲེས་ཚད་ཧ་ཅང་ཡང་དག་ཡིན་དགོས། དེ་ལྟ་ན་ནུས་ཚད་ཆ་སྙོམས་པས་ནོར་འཛོལ་ཉུང་བ་མ་ཟད་གློག་རླབས་ཀྱི་རྩིབས་འཕྲོ་དང་སྐུད་མེད་གློག་གི་ཟློས་ཕྱོད་ཀྱི་བཀག་འགོག་ཉུང་དུ་འགྲོ་ངེས། སྐུད་པ་ཉིས་རྐྱ་མ་ཆ་མང་པོའི་སྐུད་ཆུན་ལ་ད་དུང་དེ་ལས་རྙོག་དྲ་ཡིན་པའི་རྐྱ་བསྲེས་ཐབས་གཞན་ཡང་སྤྱོད་དགོས།

7.jpg

དཔེ་རིས1-7སྐུད་སྡུད་ཆས་སྤྱད་པའི་སྐུད་པ་ཉིས་རྐྱ་མའི་དབྱིན་ཐེ་དྲ་རྒྱ།

5_2 དབྱིན་ཐེ་དྲ་རྒྱའིMACབང་རིམ།
5_2_1 MACབང་རིམ་གྱི་སྲ་ཆས་ཀྱི་གནས།

ཁྱབ་ཆུང་དྲ་རྒྱའི་ཁྲོད་སྲ་ཆས་ཀྱི་གནས་ལ་དངོས་ལུགས་ཀྱི་གནས་སམMACཡི་གནས་ཀྱང་ཟེར།

རྩིས་འཁོར་གྱི་མ་ལག་ཡོད་ཚད་ཀྱི་ཇུས་འགོད་ཁྲོད་ངོ་རྟགས་མ་ལག་ནི་གནད་གཙོ་བོ་ཞིག་ཡིན། དེའི་ཁྲོད་ཀྱི་གནས་ནི་མ་ལག་གཞན་ཞིག་ངོས་འཛིན་ཆེད་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན། གནས་ཡི་གནད་དོན་སྐོར་གླེང་བའི་སྐབས་སུ་མི་མང་པོ་ཞིག་གིས་ཡིག་ཚང་གྲགས་ཅན[SHOC78]ལ་འཁོད་པའི་མཚན་ཉིད་འདྲེན་གྱིན་ཡོད་དེ། “མིང་གིས་ང་ཚོར་མཁོ་བའི་ཐོན་ཁུངས་དེ་མཚོན་པ་དང་། གནས་ཡིས་ཐོན་ཁུངས་དེ་གང་ན་ཡོད་པ་སྟོན། ལམ་སྟོན་པས་ང་ཚོར་གནས་དེ་ལ་ཇི་ལྟར་འགྲོ་དགོས་པའི་ཚུལ་བརྗོད་པ་ཡིན”གོང་གི་མཚན་ཉིད་འདི་གོ་བདེ་ཡང་དེ་འདྲའི་གནད་དུ་འཁེལ་བ་ཞིག་མ་ཡིན་ཏེ། དོན་དངོས་སུ་མིང་དང་མ་ལག་ཡོད་སའི་གནས་གཉིས་ལ་འབྲེལ་བ་མེད། དེ་ནི་ང་ཚོ་མི་རེ་རེའི་མིང་དང་འདྲ་བར་བསྡད་སའི་གནས་ལ་འགྱུར་ལྡོག་ཡོད་ཀྱང་མིང་མི་འགྱུར་བ་རེད། འོན་ཏེ་ཚད་གཞིIEEE802ལྟར་། ཁྱབ་ཆུང་དྲ་རྒྱར་གྲངས་གནས48ཅན་གོ་ལ་ཧྲིལ་བོའི་གནས(སྤྱི་བཏང་དུ་གནས་ཞེས་བྱ)ཤིག་གཏན་འཁེལ་བྱས་ཡོད། དེ་ནི་ཁྱབ་ཆུང་དྲ་རྒྱའི་སྟེང་གི་རྩིས་འཁོར་སོ་སོའི་འཚམ་སྒྲིག་ཆས་ཀྱིROMཁྲོད་ཀྱི་གནས་དེ་སྟོན་པ་རེད།

(1)གལ་ཏེ་ཁྱབ་ཆུང་དྲ་རྒྱའི་སྟེང་སྦྲེལ་བའི་རྩིས་འཁོར་ཞིག་གི་འཚམ་སྒྲིག་ཆས་ལ་སྐྱོན་ཤོར་ཏེ་ང་ཚོས་གསར་པ་ཞིག་བརྗེ་བ་ཡིན་ན། རྩིས་འཁོར་དེ་འཇོག་སའི་གནས་དང་དེ་ལ་སྦྲེལ་བའི་ཁྱབ་ཆུང་དྲ་རྒྱར་ཡང་འགྱུར་བ་མེད་ཀྱང་ཁྱབ་ཆུང་དྲ་རྒྱའི་གནས་དེ་འགྱུར་བ་ཡིན།

(2)གལ་ཏེ་ང་ཚོས་ནན་ཅིན་དུ་ཡོད་པའི་ཁྱབ་ཆུང་དྲ་རྒྱར་སྦྲེལ་བའི་ལག་ཐོག་རྩིས་འཁོར་ཞིག་པེ་ཅིན་དུ་འཁྱེར་འོངས་ཏེ་པེ་ཅིན་གྱི་ཁྱབ་ཆུང་དྲ་རྒྱ་ཞིག་གི་སྟེང་སྦྲེལ་བ་ཡིན་ན། རྩིས་འཁོར་འཇོག་སའི་གནས་ལ་འགྱུར་ལྡོག་བྱུང་ཡང་རྩིས་འཁོར་སྟེང་གི་འཚམ་སྒྲིག་ཆས་མ་བརྗེ་ན་རྩིས་འཁོར་དེ་ཡི་པེ་ཅིན་གྱི་ཁྱབ་ཆུང་དྲ་རྒྱའི་གནས་དེ་ནན་ཅིན་གྱི་ཁྱབ་ཆུང་དྲ་རྒྱའི་གནས་དང་འདྲ་བ་ཡིན། དེ་ལྟ་ན་ཁྱབ་ཆུང་དྲ་རྒྱའི་སྟེང་གི་གཙོ་འཁོར་གྱི་གནས་ལ་བརྟེན་ནས་རྩིས་འཁོར་དེ་ས་གང་དུ་ཡོད་པ་ང་ཚོས་ཤེས་མི་ཐུབ་པས། དོན་དམ་པར་ཁྱབ་ཆུང་དྲ་རྒྱའི་གནས་དེ་ལས་ཚུགས་སོ་སོའི་མིང་ངམ་ངོ་རྟགས[PERL00]ཡིན་དགོས། རྩིས་འཁོར་གྱི་མིང་དེ་མིའི་བློ་ལ་འཛིན་བདེ་བའི་ཡིག་རྟགས་ཕྲེང་བ་ཐུང་ངུ་རེ་ཡིན་པས། གྲངས་གནས48ཉིས་གོང་འགྲིལ་ལུགས་ཅན་གྱི་གནས་དེ་ནི་རྒྱུན་ལྡན་གྱི་རྩིས་འཁོར་གྱི་མིང་ཞིག་མིན་ལས་ཆེ། ཡིན་ནའང་དེང་གི་མི་རྣམས་ལ་གོང་བསྟན་གྱི་ཐབས་ལམ་དེ་གོམས་ཡོད་པས་འདིར་ཡང་དེ་སྤྱད་པ་ཡིན།

5_2_2 ལྡེབMACཡི་རྣམ་གཞག

རྒྱུན་སྤྱོད་ཀྱི་དབྱིན་ཐེ་དྲ་རྒྱའི་རྣམ་གཞག་ལ་ཚད་གཞི་གཉིས་ཏེ། གཅིག་ནི་ཚད་གཞིDIX Ethernet V2(དབྱིན་ཐེ་དྲ་རྒྱའི་ཚད་གཞིV2) ཅིག་ཤོས་ནིIEEEཡི་ཚད་གཞི802.3ཡིན།

6 རྒྱ་བསྐྱེད་པའི་དབྱིན་ཐེ་དྲ་རྒྱ།

1.དངོས་ལུགས་བང་རིམ་ནས་དབྱིན་ཐེ་དྲ་རྒྱ་རྒྱ་བསྐྱེད་པ།

དབྱིན་ཐེ་དྲ་རྒྱའི་སྟེང་གི་གཙོ་འཁོར་སོ་སོའི་བར་ཐག་རིང་དྲག་ན་བརྡ་རྟགས་ཟངས་སྐུད་བརྒྱུད་དེ་འདྲེན་གཏོང་བྱ་བའི་ནུས་པ་ཞན་པར་གྱུར་ནས་གྲོས་མཐུནCSMA/CD ཡིས་མུ་མཐུད་དུ་ལས་ཀ་བྱེད་ཐབས་བྲལ། (དཔེར་ན། 10BASE-Tདབྱིན་ཐེ་དྲ་རྒྱའི་གཙོ་འཁོར་གཉིས་ཀྱི་བར་ཐག་སྨིད200ལས་མི་བརྒལ་བ)སྔར་དབྱིན་ཐེ་དྲ་རྒྱར་རྒྱ་ཁྱབ་དུ་སྦོམ་མདའི་སྐུད་ཆུན་དང་ཕྲ་མདའི་སྐུད་ཆུན་སྤྱོད་པའི་དུས་སུ་རྒྱུན་པར་དངོས་ལུགས་བང་རིམ་གྱི་བརྒྱུད་གཏོང་ཆས་ལ་བརྟེན་ནས་དབྱིན་ཐེ་དྲ་རྒྱའི་ཁྱབ་རྒྱ་བསྐྱེད་པ་དང་། དེ་དུས་དྲ་སྣེ་གཉིས་བརྒྱུད་གཏོང་ཆས་གཅིག་གིས་སྦྲེལ་བ་རེད། (དྲ་སྣེ་རྐྱང་བ་ལ་སྨིད500ལས་མི་བརྒལ་བའི་ཚད་བགག་ཡོད)ཚད་གཞིIEEE 802.3ལས་གཏན་དུ་འཁེལ་བ་ཡིན་ན་གང་ཡང་རུང་བའི་ས་ཚུགས་གཉིས་ཀྱི་བར་ཆེས་མང་ཡང་གློག་གི་སྐུད་ཆུན་དྲ་སྣེ་གསུམ་གྱི་ཡན་བརྒྱུད་མི་རུང་བ་ཡིན། ཡིན་ནའང་ད་ལྟ་སྐུད་པ་ཉིས་རྐྱ་མའི་དབྱིན་ཐེ་དྲ་རྒྱ་དེ་དབྱིན་ཐེ་དྲ་རྒྱའི་རིགས་གཙོ་བོར་གྱུར་བ་ནས་དབྱིན་ཐེ་དྲ་རྒྱའི་ཁྱབ་རྒྱ་བསྐྱེད་པར་བརྒྱུད་གཏོང་ཆས་སྤྱོད་པ་ཧ་ཅང་ཉུང་།

ད་ལྟ་གཙོ་འཁོར་དང་སྐུད་སྡུད་ཆས་ཀྱི་བར་ཐག་རྒྱ་བསྐྱེད་ཐབས་སྟབས་བདེ་ཞིག་ནི་འོད་འདྲེན་སྐུདདང་འོད་འདྲེན་སྐུད་སྙོམས་སྒྲིག་ཆས་ཆ་གཅིག་སྤྱོད་པ་དེ་ཡིན།

2.གཞི་གྲངས་སྦྲེལ་ལམ་བང་རིམ་ནས་དབྱིན་ཐེ་དྲ་རྒྱ་རྒྱ་བསྐྱེད་པ།

གཞི་གྲངས་སྦྲེལ་ལམ་བང་རིམ་ནས་དབྱིན་ཐེ་དྲ་རྒྱ་རྒྱ་བསྐྱེད་ན་དྲ་ཟམ་དགོས་ལ། དྲ་ཟམ་གྱིས་གཞི་གྲངས་སྦྲེལ་ལམ་བང་རིམMACལྡེབ་མའི་དམིགས་ཡུལ་གྱི་གནས་ལ་གཞིགས་ཏེ་སྡུད་ལེན་བྱས་པའི་ལྡེབ་མ་བརྒྱུད་གཏོང་དང་བླང་དོར་བྱེད་པ་རེད། དྲ་ཟམ་ལ་ལྡེབ་མ་ཞིག་འབྱོར་དུས་མཐུད་སྣེ་ཡོད་ཚད་ལ་བརྒྱུད་གཏོང་མི་བྱེད་པར་སྔོན་ལ་ལྡེབ་མ་དེའི་དམིགས་ཡུལMACཡི་གནས་ལ་ཚོད་ཞིབ་བྱེད་པ་དང་། དེ་ནས་མཐུད་སྣེ་གང་ལ་གཏོང་བ་གཏན་འཁེལ་བྱེད་པའམ་ཡང་ན་འདོར་བ་ཡིན།

7 འགྲོས་མྱུར་དབྱིན་ཐེ་དྲ་རྒྱ།

མྱུར་ཚད100Mb/sལ་སླེབས་པའམ་དེ་ལས་བརྒལ་བའི་དབྱིན་ཐེ་དྲ་རྒྱར་འགྲོས་མྱུར་དབྱིན་ཐེ་དྲ་རྒྱར་འབོད། གཤམ་དུ་འགྲོས་མྱུར་དབྱིན་ཐེ་དྲ་རྒྱའི་རིགས་འགའ་ངོ་སྤྲོད་བྱེད་པར་བྱ།

7_1 100BASE-Tདབྱིན་ཐེ་དྲ་རྒྱ།

དུས་རབས20བའི་ལོ་རབས80ནང་དབྱིན་ཐེ་དྲ་རྒྱ་རིམ་སྤར་བྱེད་རྒྱུ་ནི་མི་མང་པོ་ཞིག་གིས་ཡིད་ལའང་དྲན་དཀའ་བའི་ཚོད་རེད། ཡིན་ནའང1992ལོའི9བར100Mb/s དབྱིན་ཐེ་དྲ་རྒྱའི་འཆར་འགོད་བཏོན་པ་ནས་ཟླ13འགོར་བ་ན། 100Mb/sདབྱིན་ཐེ་དྲ་རྒྱའི་ཐོན་རྫས་མི་རྣམས་ཀྱི་མིག་གི་དགའ་སྟོན་དུ་གྱུར་བ་རེད།

100BASE-Tནི་སྐུད་པ་ཉིས་རྐྱ་མའི་སྟེང100Mb/sརྨང་སྐུད་ཆ་འཕྲིན་བརྒྱུད་གཏོང་བྱས་པའི་སྐར་དབྱིབས་ཐོ་ཕུ་དབྱིན་ཐེ་དྲ་རྒྱ་ཡིན། དེ་ལ་མུ་མཐུད་དུIEEE 802.3གྱི་གྲོས་མཐུནCSMA/CDསྤྱོད་ཀྱིན་ཡོད། དེར་འགྲོས་མྱུར་དབྱིན་ཐེ་དྲ་རྒྱའང་ཟེར། སྤྱོད་མཁན་གྱིས་འཚམ་སྒྲིག་ཆས་གཅིག་བརྗེ་ནས100Mb/sསྐུད་སྡུད་ཆས་ཤིག་སྦྱར་ན། 10BASE-Tདབྱིན་ཐེ་དྲ་རྒྱ་ཐད་ཀར་དུ100Mb/sསྟེང་གི་བཀོལ་སྤྱོད་ཀྱི་མཉེན་ཆས་དང་དྲ་རྒྱའི་མཉེན་ཆས་སོགས་སྔར་བཞིན་མི་འགྱུར། 100BASE-Tཡི་འཚམ་སྒྲིག་ཆས་ཡིས་རང་འགུལ་གྱིས10Mb/sདང100Mb/sངོས་ཟིན་པ་ཡིན།

1995ལོརIEEEཡིས100BASE-Tའགྲོས་མྱུར་དབྱིན་ཐེ་དྲ་རྒྱ་དངོས་སུ་ཚད་གཞིར་གཏན་འབེབ་བྱས་པ་དང་། དེ་ཡི་ཚབ་ཨང་ནིIEEE 802.3uཡིན་ཞིང་། དེ་ནི་སྔར་གྱི་ཚད་གཞིIEEE 802.3ལ་ཁ་གསབ་བྱས་པ་རེད། ཚད་གཞི་འདི་ལ་སྐབས་དེའི་གཙོ་གྱུར་དྲ་རྒྱའི་བཟོ་གྲྭ་རྣམས་ཀྱི་རྒྱབ་སྐྱོར་ཡག་པོ་ཐོབ།

100BASE-Tལ་བརྗེ་སྤོར་གྱི་རྣམ་པ་ཅན་གྱི་སྐུད་སྡུད་ཆས་སྤྱོད་པར་ཞབས་ཞུའི་ཚད་ཧ་ཅང་བཟང་པོ་ཞིག་བསྐྲུན་ཡོད་པས། ཕྱོགས་གཉིས་ཆ་ཚང་བརྒྱུད་གཏོང་བྱ་བའི་ཚེ་གདོང་ཐུག་གང་ཡང་མེད། དེ་བསCSMA/CDགྲོས་མཐུན་ཀྱིས་ཕྱོགས་གཉིས་ཆ་ཚང་བརྒྱུད་གཏོང་བྱ་བའི་འགྲོས་མྱུར་དབྱིན་ཐེ་དྲ་རྒྱར་ཕན་ཐོགས་མེད་པ་ཡིན། འོ་ནCSMA/CDགྲོས་མཐུན་མ་སྤྱད་པ་ལ་ད་དུང་དབྱིན་ཐེ་དྲ་རྒྱར་འབོད་པའི་རྒྱུ་མཚན་གང་ཡིན་ཞེས་ན། དེ་ནི་འགྲོས་མྱུར་དབྱིན་ཐེ་དྲ་རྒྱར་སྤྱད་པའིMACལྡེབ་མའི་རྣམ་པ་སྔར་བཞིན་ཚད་གཞིIEEE 802.3ལས་གཏན་དུ་འཁེལ་བའི་ལྡེབ་མའི་རྣམ་པ་ཡིན་པས་རེད།

ཚད་གཞིIEEE 802.3uལ་སྐུད་ཆུན་མདའ་གཅིག་མར་རམ་འདེགས་བྱེད་པ་མི་འདུ་སྟེ། དེ་ནི་སྐུད་ཕྲའི་དབྱིན་ཐེ་དྲ་རྒྱ་ནས་འགྲོས་མྱུར་དབྱིན་ཐེ་དྲ་རྒྱར་བང་རིམ་སྤོར་མཁན་གྱིས་ངེས་པར་དུ་སྐུད་པ་ལེགས་བསྒྱུར་བྱ་དགོས་པས། དེང་གི10/100Mb/sདབྱིན་ཐེ་དྲ་རྒྱ་ཡོད་ཚད་ལ་སྒྲིབ་མེད་ཀྱི་སྐུད་པ་ཉིས་རྐྱ་མ་སྤྱད་ཡོད།

7_2 ཀྲེ་པེ་ཐེ་དབྱིན་ཐེ་དྲ་རྒྱ།

1996ལོར་ཀྲེ་པེ་ཐེ་དབྱིན་ཐེ་དྲ་རྒྱའི་ཐོན་རྫས་ཚོང་རར་ཐོན་པ་དང་། 1998ལོར IEEEཡིས་ཚད་གཞི802.3zགཏན་དུ་ཕབ་པ་རེད། དེ་ལ་གཤམ་གྱི་ཁྱད་ཆོས་འདི་དག་ལྡན་ཏེ།

(1)1Gb/sསྟེང་ཕྱོགས་གཉིས་སམ་ཕྱོགས་གཅིག་གང་རུང་གི་ཐབས་ཀྱིས་བྱ་བ་བྱེད་ནུས་པ།

(2)IEEE 802.3གྲོས་མཐུན་ལས་གཏན་འབེབ་བྱས་པའི་ལྡེབ་མའི་རྣམ་པ་སྤྱོད་པ།

(3)ཕྱོགས་གཅིག་གི་བྱ་བ་བྱེད་པའི་ཐབས་ལམ་ཁྲོད་གྲོས་མཐུནCSMA/CDསྤྱོད་པ(ཕྱོགས་གཉིས་ཀའི་བྱ་བ་བྱེད་པར་གྲོས་མཐུནCSMA/CDསྤྱོད་མི་དགོས)

(4)10BASE-Tདང100BASE-Tལག་རྩལ་མཐུན་སྦྱོར་བྱེད་པ།

ཀྲེ་པེ་ཐེ་དབྱིན་ཐེ་དྲ་རྒྱ་དེ་དྲ་རྒྱ་གཙོ་བོར་སྤྱད་རུང་བ་དང་། ཐགས་ཡངས་ཆེ་བ་སྤྱོད་པའི་དྲ་ཁུལ་དུ་བྱ་བའི་གནས་དང་ཞབས་ཞུ་ཆས་སྦྲེལ་མཐུད་བྱས་ཆོག

ཀྲེ་པེ་ཐེ་དབྱིན་ཐེ་དྲ་རྒྱའི་དངོས་ལུགས་བང་རིམ་ལ་ཁྱད་དུ་ཐོན་པའི་ལག་རྩལ་རིགས་གཉིས་ཡོད་དེ། གཅིག་ནི་ད་ཡོད་དབྱིན་ཐེ་དྲ་རྒྱར་ཡོད་པ་དང་། ཅིག་ཤོས་ནིANSIXཡིས་བཟོས་པའ་འོད་སྐུད་འཕྲིན་ལམFCཡིན།

7_3 ཀྲེ་པེ་ཐེ10ཡི་དབྱིན་ཐེ་དྲ་རྒྱ།

ཀྲེ་པེ་ཐེ་དབྱིན་ཐེ་དྲ་རྒྱའི་ཚད་གཞིIEEE 802.3zལ་ཆོག་མཆན་བཀོད་རྗེས་སུ། 1999ལོའི་ཟླ3པརIEEEཡིས་འགྲོས་མྱུར་ཞིབ་འཇུག་ཚོ་ཁགHSSGབཙུགས་པ་དང་། དེ་ཡི་ལས་འགན་ནི་ཀྲེ་པེ་ཐེ10ཡི་དབྱིན་ཐེ་དྲ་རྒྱར(10GE)ཞིབ་འཇུག་བྱེད་རྒྱུ་དེ་ཡིན། [W-10GE]10GEཡི་ཚད་གཞི་ནིIEEE 802.3aeཨུ་ཡོན་ཚོགས་པས་གཏན་འབེབ་བྱས་ཤིང་། 10GEཡི་ཚད་གཞི་དངོས་དེའང2002ལོའི་ཟླ6པར་ལེགས་འགྲུབ་བྱུང་། 10GEནི་ཀྲོའོ་ཁྲི་ཡི་དབྱིན་ཐེ་དྲ་རྒྱ་ཡིན།

10GEནི་ཀྲེ་པེ་ཐེ་དབྱིན་ཐེ་དྲ་རྒྱའི་མྱུར་ཚད་ལྡབ10ཡིས་ཇེ་མགྱོགས་སུ་བཏང་བ་ཙམ་མ་ཡིན་པར། དེར་ལག་རྩལ་ཐད་ཀྱི་གནད་དོན་གང་མང་ཞིག་ཐག་གཅོད་བྱ་དགོས། གཤམ་ནི10GEཡི་ཁྱད་ཆོས་གཙོ་བོ་ཡིན།

10GEཡི་ལྡེབ་མའི་རྣམ་པ་དང10Mb/s ད་དུང100Mb/sདང1Gb/sདབྱིན་ཐེ་དྲ་རྒྱའི་རྣམ་པ་བཅས་ནི་ཕྱོགས་ཡོངས་ནས་འདྲ་མཚུངས་ཡིན། 10GEལ་ཚད་གཞི802.3ལས་གཏན་འབེབ་བྱས་པའི་དབྱིན་ཐེ་དྲ་རྒྱའི་ཆེས་རིང་བ་དང་ཆེས་ཐུང་ངུའི་ལྡེབ་མའི་རིང་ཚད་ཡོད་པས། སྤྱོད་མཁན་གྱིས་ད་ཡོད་དབྱིན་ཐེ་དྲ་རྒྱའི་བང་རིམ་སྤར་བའི་ཚེ་ཡང་མྱུར་ཚད་ཅུང་དལ་བའི་དབྱིན་ཐེ་དྲ་རྒྱར་འཕྲིན་གཏོང་ལེན་བྱེད་ནུས་པ་ཡིན།

དེང་གི་གཞི་གྲངས་རྒྱུ་ཚད་མཐོ་བས། 10GEཡི་འདྲེན་གཏོང་སྨྱན་གཟུགས་ལ་ད་ལྟ་ཟངས་སྐུད་མི་སྤྱོད་པར་འོད་སྐུད་ཁོ་ན་སྤྱོད་ཀྱིན་ཡོད་དེ། དེ་ལ་བར་ཐག་རིང་བའི་འོད་ཀྱི་འདྲེན་གཏོང་ཆས་དང་དཔེ་གཅིག་འོད་སྐུད་ཀྱི་མཐུད་སྣེ་སྤྱོད་པ་ཡིན། 10GEལ་གོང་ཁེ་བའི་དཔེ་མང་འོད་སྐུད་སྤྱད་ཀྱང་རུང་མོད། འདྲེན་གཏོང་གི་བར་ཐག་ནི65~300mབར་ཡིན་དགོས།

10GEཡིས་ཕྱོགས་གཉིས་ཀའི་བྱ་སྟངས་ཁོ་ནར་བྱ་བ་བྱེད་པས་བརྩོན་ལེན་གྱི་གནད་དོན་མེད་པ་དང་། གྲོས་མཐུནCSMA/CDཡང་མི་སྤྱོད་པ་ཡིན། དེ་བས10GEཡི་འདྲེན་གཏོང་གི་བར་ཐག་དེ་གདོང་ཐུག་ཞིབ་བཤེར་གྱི་ཚོད་འཛིན་ལ་བརྟེན་ནས་ཇེ་རིང་དུ་གཏོང་མི་དགོས།

10GEལ་རིགས་མི་འདྲ་བའི་དངོས་ལུགས་བང་རིམ་གཉིས་ཡོད་དེ།

(1)ཁྱབ་ཆུང་དྲ་རྒྱའི་དངོས་ལུགས་བང་རིམLAN PHY ཁྱབ་ཆུང་དྲ་རྒྱའི་དངོས་ལུགས་བང་རིམ་གྱི་གཞི་གྲངས་ཚད་ནི10.000Gb/sཡིན་པས། 10GEབརྗེ་སྤོར་ཆས་གཅིག་གིས་ཀྲེ་པེ་ཐེ་བཅུ་ཡི་དབྱིན་ཐེ་དྲ་རྒྱའི་མཐུད་སྣེ་ལ་རམ་འདེགས་བྱེད་རུང་བ་ཡིན།

(2)གདམ་པར་བྱ་བའི་ཁྱབ་ཡངས་དྲ་རྒྱའི་དངོས་ལུགས་བང་རིམWAN PHY ཁྱབ་ཡངས་དྲ་རྒྱའི་དངོས་ལུགས་བང་རིམ་ལ་གཞི་གྲངས་ཀྱི་ཚད་གཞན་ཞིག་ཡོད་དེ་། དེ་ནི10Gb/sཡིSONET/SDH(OC-192/STM-64)དང་ཕན་ཚུན་སྦྲེལ་བའི་ཆེད་དུ་ཡིན། ང་ཚོས་ཤེས་གསལ་ལྟར། OC-192/STM-64ཡི་གཞི་གྲངས་ཚད་ནི་ཡང་དག་པའི 10Gb/sམིན་པར་དེ་ནི9.95328 Gb/sཡིན། དེ་ལས་ལྡེབ་མའི་མགོ་ཡི་དེ་དོར་རྗེས་དོན་དངོས་ཀྱི་གཞི་གྲངས་ཚད་ནི9.58464 Gb/sཡིན་པས། 10GEཡི་ལྡེབ་མ་དེ་ལྡེབ་མ OC-192/STM-64ཡི་ཁྲོད་འཇུག་ཐུབ་ཆེད་ཁྱབ་ཡངས་དྲ་རྒྱའི་དངོས་ལུགས་བང་རིམ་སྤྱད་ཆོག་པ་དང་། དེ་ཡི་གཞི་གྲངས་ཚད་ནི9.95328Gb/sཡིན། དེ་ལས་ལྡོག་ན། SONET/SDHཡི་མྱུར་ཚད10Gb/sཡིསSONET/SDHདང་ཕན་ཚུན་སྦྲེལ་རྒྱུ་ལས10GEདབྱིན་ཐེ་དྲ་རྒྱའི་མཐུད་སྣེ་ལ་རམ་འདེགས་བྱེད་མི་ནུས།

མཉམ་འཇོག་བྱེད་དགོས་པ་ནི། 10GEལSONET/SDHཡི་གོམ་འགལ་གྱི་དབྱིན་ཐེ་དྲ་རྒྱའི་མཐུད་སྣེ་ལས་འགྲོས་མཉམ་མཐུད་སྣེ་མེད་པས། 10GEདེSONET/SDHདང་སྦྲེལ་བའི་ཚེ་དེ་ལSONET/SDHཡི་ནུས་པ་རེ་འགའ་ལས་མེད་པ་ཡིན། དཔེར་ན། OC-192ཡི་སྦྲེལ་ལམ་མྱུར་ཚད་དང་། SONET/SDHཡི་ལྡེབ་མའི་སྡེ་སྒྲིག་གི་རྣམ་པ་སོགས་སོ།། འོན་ཀྱངWAN PHYདངSONET/SDHགཉིས་ཆ་ཚང་བར་མཐུན་སྦྱོར་མི་བྱེད་དེ། དཔེར་ན། 10GEལTDMཡིས་རམ་འདེགས་མི་བྱེད་པ་དང་། རིམ་ཅན་གྱི་ཡང་དག་གི་ཆུ་ཚོད་འཁོར་ལོ་སྤྱད་མེད་པ། དྲ་རྒྱའི་དོ་དམ་གྱི་ནུས་པ་ཆ་ཚང་མིན་པ་བཅས་སོ།།

10GEབྱུང་བ་ནས་དབྱིན་ཐེ་དྲ་རྒྱའི་བྱ་བའི་ཁྱབ་ཁོངས་དེ་ཁྱབ་ཆུང་དྲ་རྒྱ་ནས་གྲོང་ཁྱེར་ཁུལ་གྱི་དྲ་རྒྱ་དང་ཁྱབ་ཡངས་དྲ་རྒྱར་རྒྱ་བསྐྱེད་དེ་སྣེ་ནས་སྣེ་བར་གྱི་དབྱིན་ཐེ་དྲ་རྒྱའི་འདྲེན་གཏོང་མངོན་འགྱུར་བྱས་པ་ཡིན། ལས་ཀའི་རྣམ་པ་དེ་ཡི་ལེགས་པའི་ཆ་ནི།

(1)དབྱིན་ཐེ་དྲ་རྒྱ་ནི་ཡུན་རིང་གི་ལག་ལེན་ལས་ཁྱད་དུ་ཐོན་པའི་ལག་རྩལ་ཞིག་ཏུ་བརྩི་བས། དབྱིན་ཐེ་དྲ་རྒྱའི་ཞབས་ཞུ་མཁོ་འདོན་བྱེད་མཁནISPདང་སྣེ་སྤྱོད་མཁན་གང་ཡིན་ཡང་དབྱིན་ཐེ་དྲ་རྒྱ་སྤྱོད་འདོད་པ་ཡིན། ISPལ་མཚོན་ན་དབྱིན་ཐེ་དྲ་རྒྱ་དེ་ད་དུང་མུ་མཐུད་དུ་ཁྱབ་ཁོངས་དེ་ལས་ཆེ་བར་ཚོད་ལྟ་བྱེད་རྒྱུ་དེ་ཡིན།

(2)དབྱིན་ཐེ་དྲ་རྒྱའི་རེས་བཀོལ་རང་བཞིན་ཧ་ཅང་ལེགས་པ།

(3)ཁྱབ་ཡངས་དྲ་རྒྱའི་ཁྲོད་དབྱིན་ཐེ་དྲ་རྒྱ་སྤྱོད་པ་ལ་དེ་ཡི་རིན་གོང་ཕལ་ཆེརSONETཡི་ལྔ་ཆའི་གཅིག་དངATMཡི་བཅུ་ཆའི་གཅིག་ལས་མི་དགོས། དབྱིན་ཐེ་དྲ་རྒྱར་འདྲེན་གཏོང་སྨྱན་གཟུགས་གང་མང་ཞིག་འཚམ་པ་རེད། དཔེར་ན། ཟངས་ཐག་དང་སྐུད་པ་ཉིས་རྐྱ་མ། ད་དུང་གློག་ཐག་མི་འདྲ་བའི་རིགས་སོགས་འཚམ་པས་སྤྱོད་མཁན་གྱིས་འཕྲིན་གཏོང་བའི་ཚེ་སྐུད་པ་བསྐྱར་འགོག་བྱེད་མི་དགོས།

(4) སྣེ་ནས་སྣེ་བར་གྱི་དབྱིན་ཐེ་དྲ་རྒྱ་སྦྲེལ་བས་ལྡེབ་མའི་རྣམ་པ་ཐམས་ཅད་དབྱིན་ཐེ་དྲ་རྒྱའི་ལྡེབ་མའི་རྣམ་པ་ཡིན་པས་ལྡེབ་མའི་རྣམ་པ་བསྒྱུར་མི་དགོས་ལ། དེ་ལྟ་ན་བཀོལ་སྤྱོད་དང་དོ་དམ་སྟབས་བདེ་བར་གྱུར་བ་རེད། དབྱིན་ཐེ་དྲ་རྒྱ་དང་ད་ཡོད་ཀྱི་དྲ་རྒྱ་གཞན་དཔེར་ན་ལྡེབ་བར་མཐུད་དངATMདྲ་རྒྱ་ལྟ་བུར་ལྟོས་མཐུན་གྱི་མཐུད་སྣེ་ཡོད་ཚེ་ད་གཟོད་ཕན་ཚུན་སྦྲེལ་ཐུབ་པ་ཡིན།

ང་ཚོས་ཕྱིར་འདང་ཞིག་བརྒྱབ་ན། 10Mb/sདབྱིན་ཐེ་དྲ་རྒྱས་མཐར་མཇུག་རང་ཉིད་ལས་མྱུར་ཚད60%ཡིས་མགྱོགས་པའི16Mb/sབཀའ་བྱང་གདུབ་དྲའི་ཚབ་བླངས་པ་དང་། 100Mb/sཡི་འགྲོས་མྱུར་དབྱིན་ཐེ་དྲ་རྒྱར་བལྟས་ན་སྔར་ཆེས་མགྱོགས་པའི་ཁྱབ་ཆུང་དྲ་རྒྱ་དང་གྲོང་ཁྱེར་ཁུལ་གྱི་དྲ་རྒྱའིFDDIཀྱང་ལོ་རྒྱུས་སུ་གྱུར་ཡོད། ཀྲེ་པེ་ཐེ་དབྱིན་ཐེ་དྲ་རྒྱ་དང10GEབྱུང་བ་ནསATMཡི་གྲོང་ཁྱེར་ཁུལ་གྱི་དྲ་རྒྱ་དང་ཁྱབ་ཡངས་དྲ་རྒྱའི་ཁྲོད་ཀྱི་གོ་གནས་ལ་འགྱུར་བ་འབྱུང་ཉེན་ཆེ། 10GEནི IEEE 802.3ཚད་གཞིའི་མྱུར་ཚད་དང་བར་ཐག་ཐད་ཀྱི་རང་བྱུང་གི་འཕེལ་འགྱུར་ཤིག་ཡིན། དབྱིན་ཐེ་དྲ་རྒྱ10Mb/sནས 10Gb/sཡི་འཕེལ་འགྱུར་ཁྲོད་གཤམ་གྱི་ཁྱད་ཆོས་འདི་དག་མངོན་དུ་ཐོན་ཡོད་དེ།

(1)རྒྱ་བསྐྱེད་ནུས་པ(10Mb/sནས 10Gb/s)

(2)བབ་བསྟུན་ཡིན་པ།

(3)སྒྲིག་འཇུག་བདེ་བ།

(4)བརྟན་པོ་ཡིན་པ།

7_4 ཐགས་ཡངས་མཐུད་པ།

དབྱིན་ཐེ་དྲ་རྒྱའི་མྱུར་ཚད10Mb/sནས100Mb/sདེ་ནས1Gb/sདང10Gb/sརུ་སྤེལ་ཐུབ་པ་མ་ཟད། ཁྱབ་ཚད་ཀྱང་ཁྱབ་ཆུང་དྲ་རྒྱ་ནས་ཁྱབ་ཡངས་དྲ་རྒྱར་རྒྱ་བསྐྱེད་ཐུབ་པ་བྱུང་བས། མི་རྣམས་ཀྱིས་ཐགས་ཡངས་དབྱིན་ཐེ་དྲ་རྒྱ་སྤྱད་དེ་དབྱིན་ཐེ་དྲ་རྒྱར་སྦྲེལ་ཐུབ་པརIEEEཡིས2001ལོར802.3EFMཚོགས་ཁག་བཙུགས་ཏེ་ཆེད་དུ་འགྲོས་མྱུར་དབྱིན་ཐེ་དྲ་རྒྱའི་ཐགས་ཡངས་སྦྲེལ་བའི་ཐད་ལ་ཞིབ་འཇུག་བྱས་པ་རེད།

འགྲོས་མྱུར་དབྱིན་ཐེ་དྲ་རྒྱ་སྦྲེལ་བའི་ཁྱད་ཆོས་གཙོ་བོ་ཞིག་ནི་དེ་ཡིས་ཕྱོགས་གཉིས་ཀའི་ཐགས་ཡངས་འཕྲིན་གཏོང་ཐུབ་པ་མ་ཟད། སྤྱོད་མཁན་གྱི་ཐགས་ཡངས་དགོས་མཁོ་ལྟར་བབ་བསྟུན་གྱིས་ཐགས་ཡངས་རིམ་སྤར་བྱེད་རུང་བ་ཡིན། གྲོང་ཁྱེར་ཁུལ་གྱི་དྲ་རྒྱ་དང་ཁྱབ་ཡངས་དྲ་རྒྱར་ཀྲེ་པེ་ཐེ་དབྱིན་ཐེ་དྲ་རྒྱ་དང10GEསྤྱོད་ཚེ་འགྲོས་མྱུར་དབྱིན་ཐེ་དྲ་རྒྱར་སྦྲེལ་ན་སྣེ་ནས་སྣེ་ལ་དབྱིན་ཐེ་དྲ་རྒྱ་འདྲེན་གཏོང་བྱེད་ཐུབ་པ་དང་། བར་དུ་ལྡེབ་མའི་རྣམ་པ་བསྒྱུར་མི་དགོས་པས། གཞི་གྲངས་གཏོང་བའི་མྱུར་ཚད་ཇེ་མགྱོགས་དང་དེ་ཡི་འགྲོ་གྲོན་ཇེ་དམའ་རུ་གཏོང་ཐུབ།

འགྲོས་མྱུར་དབྱིན་ཐེ་དྲ་རྒྱ་སྦྲེལ་བར་ཐབས་དུ་མ་སྤྱད་ཆོག་སྟེ། དཔེ་རིས1-8ཡིས་འོད་སྐུད་ནས་ཐོག་ཁངFTTBཡི་དཔེར་བརྗོད་ཅིག་མཚོན་པ་དང་ཐོག་ཁང་རེ་རེའི་སྒོ་ཁར100Mb/sཡི་དབྱིན་ཐེ་དྲ་རྒྱའི་བརྗེ་སྤོར་ཆས་རེ་སྒྲིག་ཡོད་ཅིང་(འཕྲིན་གཏོང་ཚད་མི་མཐོ་བའི་ཁང་བརྩེགས་ལ10Mb/sཡི་དབྱིན་ཐེ་དྲ་རྒྱའི་བརྗེ་སྤོར་ཆས་སྤྱད་ཀྱང་ཆོག)སྐབས་ཀྱི་དགོས་མཁོ་ལྟར་ཐོག་བརྩེགས་རེ་རེར10Mb/sདང་ཡང100Mb/sཡི་དབྱིན་ཐེ་དྲ་རྒྱའི་བརྗེ་སྤོར་ཆས་སྒྲིག་རྒྱུ་དང་། ཁང་བརྩེགས་རེ་རེའི་དབྱིན་ཐེ་དྲ་རྒྱའི་བརྗེ་སྤོར་ཆས་ཀྱིས་འོད་སྐུད་བརྒྱུད་དེ་འོད་ཀྱི་འདུས་གནས་བསྡུ་གནས་སུ་བསྡུ་བ་རེད། འོད་ཀྱི་འདུས་གནས་བསྡུ་གནས་ཁག་ཅིག་ཡང་བསྐྱར་ཀྲེ་པེ་ཐེ་དབྱིན་ཐེ་དྲ་རྒྱ་བརྒྱུད་དེ་འགྲོས་མྱུར་ཕྱོགས་བསྡུ་གནས་སུ་ཕྱོགས་སྡུད་བྱེད་པ་དང་། དེར་གྲོང་ཁྱེར་ཁུལ་གྱི་དྲ་རྒྱ་བརྒྱུད་དེ་དབྱིན་ཐེ་དྲ་རྒྱའི་དྲ་གཙོར་སྦྲེལ་བ་རེད།

8.jpg

དཔེ་རིས1-8འོད་སྐུད་ནས་ཐོག་ཁངFTTBརུ་སྦྲེལ་བ།

དབྱིན་ཐེ་དྲ་རྒྱ་སྦྲེལ་བ་ན། གལ་ཏེ་ཁང་བརྩེགས་སྟེང་གློག་ཀླད་དྲ་རྒྱ་སྤྱོད་མཁན་ཉུང་ཚེ་སྦྲེལ་ཐབས་འདི་ལ་ཁེ་ཕན་མི་ཆེ་ཡང་། དྲ་རྒྱ་སྤྱོད་མཁན་ཧ་ཅང་མང་བའི་གཞུང་ལས་ཁང་འདུ་ས་དང་དམངས་སྡོད་ཁུལ་དུ་ཐགས་ཡངས་སྦྲེལ་ཐབས་འདི་ལྟ་བུ་ནི་གདམ་གསེས་བྱ་ཡུལ་ཡིན།


བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་རྒྱ། གཞན་དག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-31

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།