གཟའི་བགྲོད་ལམ་གནམ་གྱི་གོ་ལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དུས་འཁོར་ལུགས་ཀྱི་གཟའི་བགྲོད་ལམ་གནམ་གྱི་གོ་ལ་ནི་བོད་ཀྱི་སྐར་རྩིས་རིག་པ་ལས་སྐར་རྩིས་རིག་པ་བྱེ་བྲག་ཏུ་བཤད་པའི་སྐབས་ཀྱི་གཅིག་ཡིན།
1 ངོ་སྤྲོད།

ལྷུན་པོའི་རྭ་དང་བསིལ་རི་ཕྲད་པའི་ཕྱི་མཐའ་ནས་མེ་རིའི་ནང་མཐའི་བར་གྱི་ནམ་མཁའ་ལ་ཁྱབ་པའི་གོ་ལ་ཞེས་བྱ་བ་ལྷའི་གཞལ་མེད་ཁང་རྣམས་འདེགས་པར་བྱེད་པའི་རླུང་གི་ཆོས་ཅན་གྱི་འཁོར་ལོ་རི་རབ་ལ་ཉེ་བ་ཅུང་ཟད་མཐོ་བས་སྒུར་པོ་གཞུའི་དབྱིབས།    མེ་རི་ལ་ཉེ་བ་ཅུང་ཟད་དམའ་བ་པད་འདབ་ཀྱི་རྣམ་པ་ཕྱོགས་ཀུན་ཏུ་ཟླུམ་པོར་གནས་པ་ཞིག་ཡོད།    འདིའི་ཆགས་ཚུལ་འཁོར་ལོའི་རྩིབས་ལྟ་བུ་དང་སྟེང་བསྐྱེད་ཕྱིར་བསྐྱེད་རྨོག་བརྩེགས་ལྕགས་སྒྲོག་ཕུབ་དབྱིབས་སོགས་བཤད་ཀྱང་གྲུ་ཆགས་མ་ཉིད་གྲགས་ཆེ།    གོ་ལའི་ངོས་སུ་ཆགས་པའི་ཁྱིམ་ཡང་སོ་དྲུག་སོགས་ཇི་སྙེད་ཅིག་མཆིས་པར་བཤད་ཀྱང་།    གཙོ་བོ་འཇིག་རྟེན་དུ་ཕན་གནོད་དངོས་སུ་སྟོན་པའི་ཁྱིམ་ནི་ལུག    གླང་།   འཁྲིག་པ།    ཀརྐ་ཊ།    སེང་གེ།    བུ་མོ།      སྲང་།    སྡིག      གཞུ།    ཆུ་སྲིན།    བུམ་པ།    ཉ་བཅས་བཅུ་གཉིས་དང་།    དེ་ལྟར་འཁོར་གཞི་ཁྱིམ་ལ་བརྟེན་པའི་ཕུང་པོ་ཡང་དུང་ཕྱིར་གཉིས་བྱེ་བ་བརྒྱད་ས་ཡ་ལྔ་སོགས་མཐའ་ཡས་པར་བཤད་ཀྱང་།      ཐམས་ཅད་ཀྱི་དབུས་ན་རྒྱུ་སྐར་བརྟན་པ་གོ་ལའི་གདུགས་ཀྱི་ཏོག་དང་དྲང་སྲོང་རི་བྱི་ཡང་གོ་ལའི་གདུགས་ཀྱི་ཤམ་བུའི་ཚུལ་དུ་གནས་པ་ལས་བླང་དོར་གྱི་འབྲས་བུ་སྟོན་པའི་རྩིས་ཀྱི་འཇུག་པ་ཡོད་པའི་རྒྱུ་སྐར་ནི་ཐ་སྐར།    བྲ་ཉི།    སྨིན་དྲུག     སྣར་མ།    མགོ།     ལག     ནབས་སོ།    རྒྱལ།   སྐག    མཆུ།     གྲེ།    དབོ།        མེ་བཞི།     ནག་པ།    ས་རི།    ས་ག    ལྷ་མཚམས།    སྣྲོན།    སྣྲུབས།   ཆུ་སྟོད།    ཆུ་སྨད།    གྲོ་བཞིན།    མོན་གྲེ།    མོན་གྲུ།    ཁྲུམས་སྟོད།    ཁྲུམས་སྨད།     ནམ་གྲུ་བཅས་གྲོ་བྱི་གཉིས་སྐར་ཁོངས་གཅིག་ཏུ་བསྡུས་པའི་ཉེར་བདུན་ཡོད་དོ། །མདོར་ན་ཁྱིམ་དང་རྒྱུ་སྐར་ཉེར་བརྒྱད་ལ་སོགས་པ་རྣམས་ཐོག་མར་ཆགས་པ་ཡིན་ནོ། །རྒྱུ་སྐར་རེ་རེ་ལ་རྐང་པ་བཞི་བཞི་ཡོད་པའི་རྐང་པ་དགུ་རེ་ཁྱིམ་ན་རེ་རེ་གནས་པ་སྟེ།    ཐ་སྐར་བྲེ་ཉེ་སྨིན་དྲུག་གི་རྐང་པ་གཅིག་ལུག་ཁྱིམ་ན་གནས་པ་སོགས་རིམ་པར་གཡས་བསྐོར་ཚུལ་དུ་གནས་ཤིང་།     ཁྱིམ་རྣམས་ཀྱི་དང་པོ་ནི་ལུག་དང་།    རྒྱུ་སྐར་གྱི་ཐོག་མ་ཐ་སྐར་ནས་བརྩམས་པ་ནི་ཉི་མའི་རྟག་ལོངས་ཐོག་མར་སྤྱོད་པའི་ཕྱིར་རོ། །དེ་ལྟར་ཁྱིམ་དང་རྒྱུ་སྐར་རྣམས་སྔོན་དུ་གྲུབ་ནས་དེ་རྗེས་ནབས་སོའི་རྐང་པ་ཐ་མ་ལ་ཉི་མ།   ཐ་སྐར་གྱི་ཐོག་མ་ལ་ཟླ་བ་སོགས་ཁྱིམ་སོ་སོར་གནས་པའི་སྐར་མ་དེ་དག་གི་སྟེང་དུ་གཟའ་རྣམས་སྐྱེས་ནས་ཁྱིམ་དང་རྒྱུ་སྐར་དེ་དག་ལ་བདག་པོར་གྱུར་པའི་ཚུལ་གྱིས་དབང་བྱེད་པ་སྟེ།    དེ་ཡང་།   ཉི་མ།    ཟླ་བ།    མིག་དམར།    ལྷག་པ།    ཕུར་བུ།    པ་སངས།     སྤེན་པ།    མཇུག་རིང་།    སྒྲ་གཅན།    དུས་མེ་བཅས་གཟའ་བཅུ་ཡོད་པ་ལས་ཉི་མ་ནས་མཇུག་རིང་གི་བར་བརྒྱད་པོས་རི་རབ་ལ་གཡོན་བསྐོར་དང་།    སྒྲ་གཅན་དང་དུས་མེ་གཉིས་ཀྱིས་གཡས་བསྐོར་ཚུལ་གྱིས་རང་འགྲོས་རྩོམ་མོ། །དེ་ལ་ཉི་མ།    མིག་དམར།    ཕུར་བུ།    སྤེན་པ་བཞི་གཡས་ཀྱི་ཡན་ལག་ཏུ་འབྱུང་བས་དྲག་གཟའ་དང་།    ཟླ་བ།    ལྷག་པ།    པ་སངས།   མཇུག་རིང་བཞི་གཡོན་གྱི་ཡན་ལག་ཏུ་འབྱུང་བས་ཞི་གཟའ་ཞེས་བྱའོ། །

དེ་ཡང་དབྱངས་འཆར་གྱི་རྩིས་ཞེས་པ་ནི།     བཅོམ་ལྡན་འདས་འཇིག་རྟེན་དབང་པོ་ཕྱི་པ་ལ་དགའ་བའི་ངོར་ལྷ་ཆེན་པོ་དབང་ཕྱུག་གི་སྐུར་བཞེངས་ནས་ཡུམ་ལྷ་མོ་ཨུ་མ་དང་ཞུ་བ་ཞུ་ལེན་གྱི་ཚུལ་དུ་གསུངས་པའི་ཚེས་ལ་དབྱངས་འཆར་བ་ལ་གཙོ་བོར་བརྟེན་ཅིང་།    གཞན་མན་ངག་གནད་ཀྱི་འཁོར་ལོ་དུ་མའི་སྒོ་ནས་བདེ་སྡུག་ལེགས་ཉེས་རྒྱལ་ཕམ་སོགས་ཀྱི་བླང་དོར་ལྐོག་གྱུར་སྟོན་ནུས་པའི་རྒྱུད་ཅིག་གོ །རྒྱུད་དེ་ཐོག་མར་བོད་དུ་སྒྱུར་མཁན་ནི་བལ་ཡུལ་འཛུམ་ལང་གི་པཎྜི་ཏ་ཛ་ཡཱ་ནནྡ་དང་གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྣམ་གཉིས་ཡིན།    བོད་འགྲེལ་གྱི་ཐོག་མ་ཕུག་པ་ལྷུན་གྲུབ་རྒྱ་མཚོས་མཛད་པའི《དབྱངས་འཆར་གྱི་འགྲེལ་པ་མཆོག་དགའ》ཞེས་པ་དེ་ཡིན།     དེ་རྗེས་ཕུག་པའི་དབོན་བརྒྱུད་དཔལ་མགོན་ཕྲིན་ལས་པའི་སློབ་མ་དུས་རམས་པ་འཆི་མེད་བདེ་བ་དབྱངས་འཆར་ལ་མཁས་པར་གྱུར་ཀྱང་།    ད་དུང་བོད་འགྲེལ་གྱིས་ཐུགས་ཡིད་མ་ཚིམ་པ་རྣམས་བལ་ཡུལ་འཛུམ་ལང་སོགས་སུ་བྱོན་ནས་དོགས་པ་ལེགས་པར་ཆོད་དེ་དབྱངས་འཆར་སྨྲ་ལ་མེད་དུ་མི་རུང་བ《ལག་ལེན་ནོར་བུའི་ཕྲེང་བ》འམ《འོད་ཟེར་བརྒྱ་བ》ཞེས་པ་སོགས་མཛད་དེ་དར་བར་བྱས་ཀྱང་མན་ངག་གི་གནད་རྣམས་སྦས་ཆེ་བས་དེང་སང་ཤེས་མཁན་དཀོན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-31

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།