དགའ་ལྡན་དགོན་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དགའ་ལྡན་དགོན་པ།
ལྷ་སའི་ཤར་ཕྱོགས་སྟག་རྩེའི་ཁོངས་གཙང་ཆུའི་ལྷོ་རྒྱུད་དབང་བསྐུར་རིའི་ལྡེབས་སུ་ཡོད་པའི་དགེ་ལུགས་དགོན་ཆེན་གྱི་གཙོ་བོ་ཞིག་སྟེ། བོད་རབ་བྱུང་བདུན་པའི་ས་གླང(སྤྱི་ལོ1409)ལོར་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་ཕྱག་བཏབ་ཅིང༌། རྒྱལ་ཚབ་དར་མ་རིན་ཆེན་ནས་བཟུང་དགའ་ལྡན་ཁྲི་པ་གདན་རབས་བརྒྱ་ལྷག་བྱོན་ཅིང་། བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་དར་རྒྱས་ཆེ་ཞིང་རི་བོ་དགེ་ལྡན་པའི་བསྟན་པའི་ཆུ་འགོ་གཅིག་པུ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
甘丹寺
མཚན་རྒྱས་པ།
འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་།
ཕྱི་ཡིག་གི་མིང་།
Ganden Monastery
གྲུབ་མཐའ།
དགེ་ལུགས་པ།
བཞེངས་མཁན།
རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
བཞེངས་དུས།
སྤྱི་ལོ1409ལོར།
ཆགས་ཡུལ།
བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར།
ཡི་དམ།
བདེ་གསང་འཇིགས་གསུམ།
དུས་མཆོད་བྱེད་སྒོ།
ལོ་ལྟར་བོད་ཟླ2པའི་ཚེས3ནས15བར་དགའ་ལྡན་སྒྲུབ་མཆོད་གཏོང་སྲོལ་ཡོད། བོད་ཟླ10པའི་ཚེས25ཉིན་དགའ་ལྡན་ལྔ་མཆོད་འཚོགས་སྲོལ་ཡོད།
བཀའ་སྲུང་།
སྲུང་མ་དམར་ནག་གཉིས། གནས་ཆུང་ཆོས་སྐྱོང་། བརྟན་མ། དཔལ་ལྡན་ལྷ་མོ།
གྲྭ་གྲངས།
4400ལྷག་ཡོད།
རྟེན་གཙོ།
གསེར་གདུང་འཛམ་གླིང་རྒྱན་གཅིག དངུལ་གདུང་མཐོང་བ་དོན་ལྡན། འཇམ་དབྱངས་གཙང་བ་བདུན་བརྒྱུད་ཀྱི་སྐུ་གདུང་།སྟོན་པ་ཤཱཀྱ་མུ་ནེ། གནས་བརྟན་བཅུ་དྲུག་དང་དགེ་བསྙེན།ཧ་ཤང་།རྒྱལ་ཆེན་བཞི། གསང་འདུས་མི་བསྐྱོད་བཅས་ཀྱི་གོས་སྐུ། གསེར་བྲིས་ཀྱི་བཀའ་འགྱུར། སིའུ་ཐང་གཙོ་འཁོར་ཐང་ག་ཉི་ཤུ་རྩ་གསུམ།
གྲྭ་ཚང་གཙོ་ཆེ་བ་གཉིས།
ཤར་རྩེ་གྲྭ་ཚང་དང་བྱང་རྩེ་གྲྭ་ཚང་།
1 ལོ་རྒྱུས་འཕེལ་རིམ།

འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་པ་ས་གསུམ་ན་གྲགས་པའི་རི་བོ་དགེ་ལུགས་པའི་མ་དགོན་ཡིན་ཞིང་།     དེ་ཡང་ཐོག་མར་རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པས་བོད་རབ་བྱུང་བདུན་པའི་ས་གླང(སྤྱི་ལོ1409ལོར)ཐོག་མར་ཕྱག་བཏབ།    གནས་དེ་དབང་བསྐུར་རིའི་ལྡེབས་བཙུན་མོ་སྡིངས་ཀྱི་མདུན་ངོས་འགོག་པ་རིའི་ལྡེབས་སུ་གནས་ཡོད།     དེ་ཡང་རྒྱལ་བ་སྲས་བཅས་ཀྱི་མདོ་སྡེ་གདམས་ངག་སོགས་ཀྱི་ལུང་བསྟན་ཅིང་།     མཐའ་སྐོར་དུ་སྐུ་གསུང་ཐུགས་གསུམ་གྱི་རང་བྱོན་དུ་མ་མཇལ་རྒྱུ་ཡོད་པ་དང་།    ལྷག་པར་དུ་འཕགས་པ་མོང་འགལ་བུས་དུང་དཀར་པོ་གཏེར་དུ་སྦས་ནས་ཕྱིས་རྗེ་ཙོང་ཁ་པ་ཆེན་པོས་གཏེར་ནས་བཞེས་ཏེ་དངོས་སློབ་འཇམ་དབྱངས་ཆོས་རྗེ་བཀྲིས་དཔལ་ལྡན(འབྲས་སྤུངས་དགོན་ཕྱག་བཏབ་མཛད་ཡོད)ལ་གནང་བ་སོགས་ལོ་རྒྱུས་མང་པོ་ཡོད། 

རྗེ་ཙོང་ཁ་པ་ཆེན་པོ་དགུང་གྲངས་བཅུ་དྲུག་ལ་མདོ་སྨད་ཙོང་ཁའི་ཡུལ་ནས་དབུས་ཕྱོགས་སུ་བྱོན་ནས་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་དང་།     ཚལ་པའི་སྨན་པ་མཁས་ཅན་དཀོན་མཆོག་སྐྱབས།     སྙེ་ཐང་པ་བཀྲ་ཤིས་སེངྒེ།    རང་སྟོད་བདེ་བ་ཅན་གྱི་བླ་མ་འཇམ་རིན་པ།     སྙེ་ཐང་དུ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན།     ས་བཟང་པཎ་ཆེན་མ་ཏི་པ།    ཇོ་ནང་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ།     སྣར་ཐང་ལོ་ཙཱ་བ་དམ་བཟང་པ།     རྗེ་བཙུན་རེད་མདའ་བ།     སྐྱོར་མོ་ལུང་གི་མཁན་པོ་བློ་གསལ་བ།     མལ་གྲོ་རྟ་ལུང་བླ་མ་བསོད་གྲགས།     བོ་དོང་ལོ་ཙཱ་བ་ནམ་མཁའ་བཟང་པོ།      གདན་ས་མཐིལ་གྱི་སྤྱན་སྔ་ཆོས་གྲགས།     བླ་མ་ཡེ་ཤེས་རྒྱལ་མཚན།     བུ་སྟོན་ཐམས་ཅད་མཁྱེན་པའི་དངོས་སློབ་གོང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ་བ།     ཁྱུང་པོ་ལྷ་བ་གཞོན་ནུ་བསོད་ནམས།     བླ་མ་དབུ་མ་བ་དཔའ་བོ་རྡོ་རྗེ།     རྗེ་བཙུན་འཇམ་དབྱངས།     ལྷོ་བྲག་གྲུབ་ཆེན།     གྲྭ་སྐོར་མཁན་ཆོས་སྐྱབས་བཟང་པོ།     ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་སོགས་བཤེས་གཉེན་བཅུ་ཕྲག་བཞི་ཙམ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་མཐའ་དག་ལ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་པ་སོགས་ཆོས་ཕྱོགས་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ།     གངས་ཅན་མཁས་གྲུབ་ཀུན་གྱི་གཙུག་ཏུ་བཀུར།     སྙན་པའི་གྲགས་པ་ཐ་གྲུ་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ཁྱབ།     བླ་མ་རེད་མདའ་བས་གངས་ཅན་མཁས་པའི་གཙུག་རྒྱན་ཞེས་བསྔགས་པར་མཛད།    འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་ཀྱང་ས་ཆེན་པོ་འདི་རྗེ་ཙོང་ཁ་པའི་གདུགས་དཀར་གཅིག་གིས་ཁྱབ་པ་མཛད་ཅེས་མཚན་དོན་མཚུངས་པའི་བསྔགས་བརྗོད་མཛད།     རྗེ་ཙོང་ཁ་པ་དགུང་གྲངས་ང་གཅིག་པར་དཔོན་སློབ་རྣམས་གནས་ངེས་མེད་ཀྱི་འགྲོ་དོན་ཁོ་ན་མཛད་ནས་བཞུགས་པ་ལས་གཏན་བཞུགས་ཀྱི་གཞིས་དགོན་མེད་སྟབས།     རྗེ་སྐུ་ན་མཐོ་བའི་སྐུ་ངལ་གྱིས་བུ་སློབ་རྣམས་དང་།     དད་ལྡན་སྦྱིན་བདག་མང་པོ་ཞིག་གིས་གདན་ས་ཞིག་འདེབས་དགོས་རྒྱུའི་ཞུ་ནན་ཆེ་བར་བརྟེན་རྗེ་རིན་པོ་ཆེས་ཞལ་བཞེས་ཀྱིས་ལྷ་སའི་ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་མར་མེ་བརྟག་པ་སོགས་ཀྱི་སྔོན་འགྲོ་མཛད།     དེ་ནས་རྗེ་ཙོང་ཁ་པ་སྐུ་ངོ་མ་དང་།     འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་དང་།     དཀའ་བཅུ་བ་དར་མ་རིན་ཆེན(རྒྱལ་ཚབ་རྗེ)སོགས་བླ་མ་སྐྱེས་ཆེན་དམ་པ་དགུ་འབྲོག་རི་བོར་བྱོན་ཏེ་ས་དཔྱད་མཛད།      གནས་དེར་ཆུ་མེད་པས་རྗེ་རིན་པོ་ཆེ་ནས་ཕྱག་མཛུབ་གཏད་པས་ཆུ་བརྡོལ་ཆུ་མིག་སྤྱི་གསོ་བྱ་བ་དེ་བྱུང་།     ད་དུང་དམ་ཅན་ཆོས་རྒྱལ་གྱི་ཞལ་འབག་དང་དུང་དཀར་གཏེར་ནས་བཞེས་པ་སོགས་ཀྱི་མཛད་པ་བྱུང་བ་དང་།     གནས་དེར་ས་དཔྱད་བཟང་བས་གདན་ས་བཞེངས་རྒྱུ་ཐུགས་ཐག་བཅད།    འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་དང་།     དཀའ་བཅུ་བ་རྒྱལ་ཚབ་དར་མ་རིན་ཆེན་རྣམ་གཉིས་ཀྱིས་གཙོས་དགེ་འདུན་ལྔ་བརྒྱ་ལྷག་ཙམ་གནས་དེར་ཕེབས་ནས་འདུལ་བ་ཕྱག་ལེན་སོགས་རྒྱས་པར་མཛད།    དགོན་པ་བཏབ་པའི་སྦྱིན་བདག་གཙོ་བོ་ནི་ཕག་གྲུ་སྡེ་སྲིད་དབང་གྲགས་རྒྱལ་མཚན་དང་སི་ཏུའི་རྒྱུད་པ་བློན་རྒྱུད་བྲག་དཀར་ནང་སོ་རིན་ཆེན་ལྷུན་པོ།     ནང་སོ་རྒྱ་བོ་སྤུན་མཆེད་རྒྱ་མ་ཁྲི་དཔོན་སོགས་ཡིན།     གཞན་ཡང་དད་ལྡན་སེར་སྐྱ་མང་པོས་རང་འགུལ་གྱིས་མི་ཤུགས་དང་དངོས་ཤུགས་དུ་མ་འདོན་སྤེལ་གྱིས་ཆ་རྐྱེན་ལེགས་པར་བསྐྲུན།     ལོ་དེ་རང་ལ་ཚོགས་ཆེན་འདུ་ཁང་ཀ་བ108དང་ཀ་རིང12ཡོད་པ་དང་རྗེའི་གཟིམ་ཁང་།     གཙང་ཁང་།     གྲྭ་ཤག70སྐོར་ལེགས་གྲུབ་བྱུང་བ་དང་དུས་མཚུངས་གྲྭ་ཤག་བརྒྱ་ཕྲག་གི་རྨང་གཞི་བཏིང་།     དགེ་འདུན་ཞལ་གྲངས500སྐོར་ཡོད་པ་རྣམས་ལོ་དེར་འབྲོག་རི་བོར་ཕེབས།     ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་ལུང་བསྟན་ལྟར་གདན་སའི་མིང་ལ་དགའ་ལྡན་ཞེས་གསོལ།     ཕྱི་ལོའི་ལྕགས་སྟག(སྤྱི་ལོ1410ལོའི)བོད་ཟླ་གཉིས་པའི་ཚེས་ལྔ་ཉིན་རྗེ་ཙོང་ཁ་པ་འཁོར་དང་བཅས་པ་དགའ་ལྡན་དུ་ཕེབས་ནས་མདོ་སྔགས་རྒྱ་མཚོའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར།

2 གྲྭ་ཚང་།

ཤར་རྩེ་གྲྭ་ཚང་།

དགོན་པ་དེར་གྲྭ་ཚང་ཆེ་བ་གཉིས་ཡོད་པ་དང་ཤར་རྩེ་གྲྭ་ཚང་དེ་རྗེ་ཙོང་ཁ་བའི་དངོས་སློབ་ཤར་པ་རིན་ཆེན་རྒྱལ་མཚན་གྱིས་ཕྱག་བཏབ།    གྲྭ་ཚང་དེར་ཁང་ཚན་བཅུ་གཅིག་ཡོད་པ་སྟེ།     རྡོ་ཁང་།     ཕུ་ཁང་།     ཅོ་ནེ།     ལྷོ་པ།     ཟུང་ཇུ།     རྟ་དབོན།    ཐེ་པོ།     ཉག་རེ།    སོག་པོ།     གུ་རུ།     མངའ་རིས།     མི་ཚན་དྲུག་ཡོད་པ་ནི།      བསམ་བློ།    མུ་ལི།     གོང་དཀར་གླིང་།    ཡངས་རྟིང་།     ཐང་སྐྱ།     གཞི་བཙུན།     ཡང་ལྷོ་པ་ཁང་ཚན་ཁོངས་མི་ཚན་གཉིས་ཡོད་པ་ནི།     ཁམས་པ་དང་།     བོད་པ་མི་ཚན་བཅས་ཁྱོན་བརྒྱད་ཡོད།   (མི་ཚན་ཞེས་པ་དེ་ས་གནས་གང་གི་མི་ཡིན་པ་དབྱེ་བ།)

བྱང་རྩེ་གྲྭ་ཚང་།

བྱང་རྩེ་གྲྭ་ཚང་ནི་རྗེ་ཙོང་ཁ་པའི་དངོས་སློབ་ཧོར་སྟོན་ནམ་མཁའ་དཔལ་འབར་བས་ཐོག་མར་ཕྱག་བཏབ།        གྲྭ་ཚང་དེར་ཁང་ཚན་བཅུ་གཉིས་ཡོད་པ་སྟེ།     ཧར་གདོང་།  ཚ་བ།   རྡོ་ར།     གསེར་ཀོང་།     བསམ་བློ།   ཀླུ་འབུམ།  བྲ་ཉེ།    རྒྱལ་རོང་།    ཕ་ར།   ཀོང་པོ།  ཏྲེ་ཧོར།  གོ་བོ་བཅས་ཡིན།    བྱང་རྩེ་གྲྭ་ཚང་ལ་མི་ཚན་བཅུ་བདུན་ཡོད་པ་ནི།    ཧར་གདོང་ཁང་ཚན་ལ་མི་ཚན་དྲུག་ཡོད་པ་ནི།     སོག་པོ།     གཙང་པ།     རྭ་སྒྲེང་།    ཧོར།    ཆོས་འཁོར།    ཁ་མཐུན་བཅས་དང་།     ཚ་བ་ཁང་ཚན་ཁོངས་མི་ཚན་དྲུག་ནི།     སྨད་ཚ།     འབོ་མི།     ལྡན་གཞི།     འཕན་པོ།     བྲག་གསེབ།    སྤྱིལ་བུ།     ཏྲེ་ཧོར་ཁང་ཚན་ཁོངས་མི་ཚན་གཉིས།      བྲག་མགོ།    རྟེའུ།     གསེར་ཀོང་ཁང་ཚན་ལ་མི་ཚན་གསུམ།      ལི་ཐང་།     བསམ་གླིང་།      འཕྱོངས་རྒྱས་བཅས་སོ།།    

3 ​བཟོ་བཀོད།

དགོན་དེར་ཚོགས་ཆེན་དང་།     ཡངས་པ་ཅན།     ལྔ་མཆོད་ཁང་།    བྱང་རྩེ་རི་ཁྲོད།    གཟིམ་ཆུང་འོད་ཟེར་སྦུག     རྒྱུད་ཁང་བཅས་པ་དང་།     བོད་མེ་སྤྲེལ(སྤྱི་ལོ1416ལོར)གསང་སྔགས་ཀྱི་སྒྲུབ་མཆོད་ཁང་ཀ་བ་དོན་གཉིས་ཡོད་པ།     གཙང་ཁང་ཁྱམས་ར་དང་བཅས་པ་གསར་དུ་བསྐྲུན།     དེའི་རྗེས་སུ་རྗེའི་དངོས་སློབ་འདུལ་པ་གྲགས་པ་རྒྱལ་མཚན་དང་།     དཀའ་བཅུ་པ་དར་མ་རིན་ཆེན།    ཧོར་སྟོན་ནམ་མཁའ་དཔལ་དབར།     མཁས་གྲུབ་དགེ་ལེགས་དཔལ་བཟང་།(པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དང་པོ)    ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ།(ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་བཀྲིས་ལྷུན་པོ་ཕྱག་བཏབ་མཛད་པོ) བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས(སེ་ར་ཐེག་ཆེན་གླིང་ཕྱག་བཏབ་མཛད་པོ)    འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན(རྗེ་རིན་པོ་ཆེས་གཏེར་ནས་བཞེས་པའི་དུང་དཀར་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་ལ་གནང་ནས།    འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་གྱིས་འབྲས་སྤུངས་དགོན་པ་ཕྱག་བཏབ)སོགས་རྒྱལ་བའི་བཤེས་གཉེན་དུ་མས་སྤྱི་ན་རྒྱལ་བའི་གསུང་རབ་ཀུན་གྱི་ཚིག་དོན་ལ་ཐོགས་པ་མེད་པར་འཇུག་པའི་རི་བོ་དགེ་ལུགས་པའི་རྣམ་དཔྱོད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་པས།     རི་བོ་དགེ་ལུགས་པའི་བསྟན་པ་ཡུལ་གྲུ་ཀུན་ཏུ་ཉི་མ་ཤར་ཤར་འཕེལ།     རི་བོ་དགེ་ལུགས་པའི་སྲོལ་འབྱེད་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ནས་བོད་རབ་བྱུང་བཅུ་དྲུག་པའི་ས་ཕག(སྤྱི་ལོ1959)དགའ་ལྡན་ཁྲི་ཆེན་ཐུབ་བསྟན་ཀུན་དགའ་བར་ཁྲི་ཐོག་དགུ་བཅུ་གོ་དྲུག་བྱུང་།     དགེ་འདུན་ཞལ་གྲངས3300ཡིན་རུང(སྤྱི་ལོ1959ལོར)དགེ་འདུན4400ལྷག་ཙམ་བཞུགས་སོ། །     དགོན་འདི་ད་བར་ལོ་དྲུག་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད།    

4 རྟེན་གཙོ།

དགའ་ལྡན་དགོན་གྱི་སྔར་ཡོད་ཀྱི་སྐུ་གསུང་ཐུགས་རྟེན་དང་རིག་གནས་རྟེན་རྫས་རགས་ཙམ་བརྗོད་ན་བོད་ས་ཕག(སྤྱི་ལོ1412ལོར)བཞེངས་པའི་དངུལ་གདུང་ཁང་དུ་རྗེ་ཙོང་ཁ་པ་ཉིད་ཀྱི་སྐུ་གདུང་ཧྲིལ་བུ་བཞུགས།      དངུལ་གདུང་མཐོང་བ་དོན་ལྡན་དེ་ཐོག་མར་འདུལ་འཛིན་གྲགས་པ་རྒྱལ་མཚན་དང་དཀའ་བཅུ་པ་དར་མ་རིན་ཆེན་མཆོག་ནས་དངུལ་བྲེ་ཆེན་བཅོ་བརྒྱད་ལས་གྲུབ་པའི་དངུལ་སྡོང་བཞེངས།     རྗེས་སུ་དགའ་ལྡན་ཁྲི་ཐོག་ལྔ་བཅུ་པ་དགེ་འདུན་ཕུན་ཚོགས་མཆོག་གིས་གསེར་གདུང་དུ་བཞེངས།     གཡས་གཡོན་དུ་འཇམ་དབྱངས་གཙང་པ་བདུན་གྱི་སྐུ་གདུང་བཞུགས་ཡོད།(དགའ་ལྡན་ཁྲི་ཐོག་གཉིས་པ་རྒྱལ་ཚབ་དར་མ་རིན་ཆེན་ནས་ཁྲི་ཐོག་བརྒྱད་པ་སྨོན་ལམ་དཔལ་ལེགས་པའི་བློ་གྲོས་བར་འཁྲུངས་ཡུལ་གཙང་པ་ཤ་སྟག་ཡིན)  དགའ་ལྡན་སིའུ་ཐང་ཞེས(སྤྱི་ལོ1421ལོའི)ཡས་མས་སུ་བྱམས་ཆེན་ཆོས་རྗེའི་དངོས་སློབ་ཨ་ལོ་གྷ་དང་བསོད་ནམས་ཤེས་རབ་རྣམ་གཉིས་ཀྱིས་མིང་རྒྱལ་རབས་ཀྱི་གོང་མ་ཤོན་ཏིའི་ཏི་ཧྲི(གོང་མའི་དབུ་བླ)མཛད་སྐབས་ཕུལ་བའི་གོས་བཏགས་ལས་གྲུབ་པའི་སྟོན་པ་ཤཱ་ཀྱ་མུ་ནེས་གཙོས།     གནས་བརྟན་བཅུ་དྲུག་དང་དགེ་བསྙེན།     ཧ་ཤང་།    རྒྱལ་ཆེན་བཞི།    གསང་འདུས་མི་བསྐྱོད་བཅས་ཀྱི་གོས་སྐུ་དང་།     དེ་ཡང་ལོ་རེར་བོད་ཟླ6པའི་ཚེས15ཉིན་བཤམས་ནས་དད་ལྡན་སེར་སྐྱ་ཁྲི་སྟོང་མང་པོས་མཇལ་ཁ་ཞུ་བའི་སྲོལ་ཡོད་པ་དེར་ལ་དགའ་ལྡན་སེའུ་ཐང་ཞེས་གྲགས།

དེ་མིན་ལི་མ་ལྷ་ཁང་སོགས་ལ་རྗེ་ཙོང་ཁ་པ་ཉིད་ཀྱིས་བཞེངས་པའི་ཐུབ་དབང་ཚུལ་ཁྲིམས་སོགས་གསེར་ཟངས་དང་།     ལི་མ།     ཛེེ་ཀྵིམ་དཀྱིལ་འཁོར།     གདུང་རྟེན།     ལྡེབས་རིས།     ཆོས་རྫས་སྣ་ཚོགས།     གསེར་ཟངས་ཀྱི་རྒྱ་ཕིབས།      གདུགས་དང་རྒྱལ་མཚན།     སྤེན་རྒྱན་སོགས་དང་།      མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱིས་བཞེངས་པའི་གསེར་བྲིས་ཀྱི་བཀའ་འགྱུར།      སིའུ་ཐང་གཙོ་འཁོར་ཐང་ག་ཉི་ཤུ་རྩ་གསུམ།

དེ་མིན་མི་ལོ་དྲུག་བརྒྱ་ཙམ་བཞུགས་པའི་ལོ་རྒྱུས་རྟེན་རྫས་བརྗོད་ཀྱིས་མི་ལངས་པ་ཡོད།

5 ཞིག་གསོ་མཛད་ཚུལ།

རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་གྱི་ཕུང་སྦྱོར་ནང་དགོན་པ་དེ་རྩ་གཏོར་དུ་སོང་།     སྐབས་དེར་དགའ་ལྡན་དགོན་པའི་ཁང་ཚན་དང་ལྷ་ཁང་གི་སྐུའི་དབུ་རྒྱན་དང་སྙན་རྒྱན།    ཕྲ་རྒྱན།     སྐུ་གདུང་གི་ཕྲ་རྒྱན།     གསེར་ཀོང་།    དངུལ་ཀོང་།     གསེར་ཏིང་།     མཆོད་རྫས་སོགས་བསྡོམས་དོ་པོ་བཅོ་བརྒྱད་ཡོད་པར་གྲགས།     རྗེ་ཙོང་ཁ་པའི་སྐུ་ལུས་ཧྲིལ་པོ་བཞུགས་པའི་གསེར་སྡོང་གཏོར་ནས་སྐུ་དམར་གདུང་འགོག་རིའི་ལ་སྟེང་དུ་ཞུགས་འབུལ་བཏང་།     དེང་སང་དེར་མཆོད་རྟེན་ཆུང་ཆུང་ཞིག་བཞེངས་ཡོད།    དེའི་རྗེས་སྟག་རྩེ་རྫོང་ཡན་ཆད་དང་ལ་མོ་གྲོང་ཚོ་མན་ཆད་ཀྱི་མི་སུ་བྱུང་གིས་ལྷས་རར་སྤྱང་ཀི་ཤོར་བ་ལྟར་སོ་འཐབ་བརྒྱབ་ཏེ་རྩ་གཏོར་བཏང་།     གོ་ཐོས་ལ་ཁང་རྡིབ་ཐེབས་ནས་མི་ཤི་རྨས་ཀྱང་བྱུང་།    

(སྤྱི་ལོ1980ལོ)ནས་ཏང་གི་ཆོས་དད་རང་མོས་སྲིད་ཇུས་ལག་བསྟར་བྱུང་ནས་དཔལ་འབྱོར་ཐོག་རོགས་སྐྱོར་ཤུགས་ཆེ་བྱུང་བ་དང་།     དད་ལྡན་མང་ཚོགས་ཁག་གཅིག་གི་དཀའ་སྤྱད་འོག་ཐོག་མར་ལྔ་མཆོད་ཁང་དང་།     གསེར་སྡོང་ཆེན་མོ་སོགས་གསར་བཞེངས་དང་།     དགེ་བའི་བཤེས་གཉེན་འབྲོག་མི་བྱམས་པ་བློ་གྲོས་མཆོག་རིག་གནས་གསར་བརྗེའི་ལས་འགུལ་ནང་ཞྭ་མོ་ནག་པོ་གྱོན་ནས་བལྟ་སྐུལ་འོག་ཕྱག་ལས་གནང་དགོས་བྱུང་བཞིན།     སྐབས་དེར་དམ་དྲག་ཆེ་བའི་གནས་ཚུལ་འོག་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་དབུ་ཐོད་ཆ་ཤས་དང་།     རིང་བསྲེལ།     གདུང་རུས།     གདུང་ཐལ་མི་ཉུང་བ་ཞིག་གསང་ཉར་ཐུབ་པ་བྱུང་།     རྗེས་སུ་ཏང་གི་ཆོས་ལུགས་སྲིད་ཇུས་ལག་བསྟར་གྱིས་འབྲོག་མིའི་རིན་པོ་ཆེ་དང་།     རི་འབུར་ངག་དབང་རྒྱ་མཚོ་རིན་པོ་ཆེ།     མཁས་དབང་རྒན་བཀྲ་ཤིས་རིན་ཆེན་ལགས་བཅས་ནས་ཐུགས་འགན་བཞེས་ནས།     རི་འབུར་ངག་དབང་རྒྱ་མཚོ་རིན་པོ་ཆེའི་གཟིམ་ཤག་ཏུ་དབུ་ཐོད་ཆ་ཤས་དང་།     རིང་བསྲེལ།     གདུང་རུས།     གདུང་ཐལ་མི་ཉུང་བ་ཞིག་གསང་ཉར་ཐུབ་པ་རྣམས་ཞུགས་སུ་གསོལ་བའི་གསེར་གྱི་མཆོད་རྟེན་ཁྲུ་གང་ཙམ་བྱས་པ་ཞིག་གསར་བཞེངས་མཛད།

(སྤྱི་ལོ2001ལོའི)ཟླ9པའི་ཚེས9ཉིན་གུང་ཐང་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་འཇིགས་མེད་བསྟན་པའི་དབང་ཕྱུག་མཆོག་གི་བཀའ་དྲིན་ལས་ལྷ་སར་གུང་ཐང་བླ་བྲང་ནས་དགའ་ལྡན་དགོན་དུ་གསེར་རྒྱ་མ་གསུམ་བརྒྱ་ཕུལ་བའི་མཛད་སྒོ་ཚོགས།(སྤྱི་ལོ2001ལོའི)ཟླ10ཚེས29ཉིན་འབྲོག་མི་བྱམས་པ་བློ་གྲོས་རིན་པོ་ཆེ་དགའ་ལྡན་གསེར་གདུང་ཆེན་མོ་བསྐྱར་བཞེངས་གནང་བཞིན་པའི་སྐབས་ལས་ཡུལ་དངོས་ལ་གཟིགས་ཞིབ་དང་ཆབས་གཅིག་ཏུ་སྐུ་རུས་རིང་བསྲེལ་ལྷག་མ་རྣམས་གསེར་སྡོང་ཆེན་མོའི་གཟུངས་ལ་ཕུལ་གནང་མཛད།    (སྤྱི་ལོ2001ལོའི)ཟླ་བ12པའི་ཚེས20ཉིན་གདན་ས་ཆེན་པོ་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་པའི་གླིང་དུ་གསེར་གདུང་ཆེན་མོ་བསྐྱར་བཞེངས་ཀྱི་མཛད་སྒོ་གཟབ་རྒྱས་ངང་འཚོགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-08

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།