སྨེ་བ་བརྩི་སྟངས་བཤད་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྨེ་བ་བརྩི་སྟངས་བཤད་པ་ནི་བོད་ཀྱི་སྐར་རྩིས་རིག་པ་ལས་གྲུབ་བྱེད་གཉིས་ཀྱི་ཡན་ལག་ལྔའི་ལོ་ཐོ་ལྟ་སྟངས་སྐོར་བཤད་པ་ནང་གི་གཅིག་ཡིན།
1 ངོ་སྤྲོད།

གཞུང་ལས་གཅིག་བཅུ་བཅུ་དགུ་ཉེར་བརྒྱད་དང་། །སོ་བདུན་ཞེ་དྲུག་ང་ལྔ་སྟེ། །རེ་བཞི་དོན་སུམ་གྱ་གཉིས་དང་། །གོ་གཅིག་རྣམས་ལ་དབུས་སུ་འཚོག །བསྐོར་ལུགས་དབུས་ནས་ཤར་དུ་ཐོན། །ཕོ་ལོ་དྲུག་པོ་གཡོན་སྐོར་དང་། །མོ་དྲུག་གཡས་སྐོར་དུ་ལོན་བགྲང་། །རང་རང་བརྒྱབ་ནས་དབུས་སུ་འཇུག །སླར་ཡང་དབུས་ནས་བྱ་འཕུར་གྱིས། །གང་བབས་སྨེ་བ་ངོས་བཟུང་བྱ། །སྐྱེས་སྨེ་བདེ་བླག་འཚོལ་འདོད་ན། །གནམ་ལོའི་སྨེ་བ་དབུས་བཞག་ནས། །བྱ་འཕུར་ཁོ་ནས་སྨེ་བ་རེར། །བཅུ་ཚན་རེ་རེ་བགྲང་བྱ་ཞིང་། །བཅུ་ཁ་མ་ལོངས་རེ་རེ་རྩི། །ཡང་ན་དབུས་ཚོགས་ལོ་ལོངས་དང་། །ད་ལྟའི་གནམ་ལོའི་སྨེ་བ་སྤྲད། །དེ་ནས་དབུས་ཚོགས་མ་ལོངས་པའི། །ལོ་གྲངས་གནམ་ལོའི་སྨེ་བ་ནས། །བཟུང་སྟེ་ལུགས་འབྱུང་བགྲངས་པའི་གྲངས། །གང་བབས་སྐྱེས་སྨེར་ཐེ་ཚོམ་མེད། །ཅེས་གསུངས་ཤིང་།   རང་གཞན་སུ་ཡི་སྨེ་བ་གང་དུ་བབས་མིན་དང་སྐྱེས་སྨེ་གང་ཡིན་བརྩི་སྟངས་ནི་འདི་ལྟ་སྟེ།   ལོ་གཅིག   བཅུ།   བཅུ་དགུ།    ཉེར་བརྒྱད།    སོ་བདུན།   ཞེ་དྲུག    ང་ལྔ།    རེ་བཞི།    དོན་གསུམ།   གྱ་གཉིས།   གོ་གཅིག་ལ་སོན་པ་རྣམས་ཀྱི་སྐྱེས་སྨེ་ནི་གནམ་ལོའི་སྨེ་བ་གང་ཡིན་པ་དེ་རང་སྟེ།   སྤྱི་ལོ1990ལོར་མཚོན་ན་གནམ་ལོའི་སྨེ་བ་གཅིག་དཀར་ཡིན་པས་ལོ་དེར་གོང་དུ་བཤད་པའི་ལོ་གྲངས་ལ་སླེབས་པ་རྣམས་ཀྱི་སྐྱེས་སྨེ་གཅིག་དཀར་ཡིན་པ་དང་།    སྤྱི་ལོ1991ལོར་གནམ་ལོའི་སྨེ་བ་དགུ་དམར་ཡིན་པས་ལོ་འདིར་སྐྱེས་པའི་མི་རྣམས་ཀྱི་སྐྱེས་སྨེ་ནི་དགུ་དམར་ཡིན།    ཡང་ལོ་གཞན་རྣམས་ཀྱི་སྐྱེས་སྨེ་འཚོལ་སྐབས་སྐྱེ་བོ་གང་དེ་ལོ་ག་ཚོད་དང་ལོ་རྟགས་གང་ཡིན།    སྐྱེས་པའི་དུས་ཀྱི་གནམ་ལོ་འདི་ཕོ་ལོ་ཡིན་དང་མོ་ལོ་ཡིན་བརྟག་དགོས་ཤིང་།    དཔེར་ན་སྤྱི་ལོ1990ལོར་རང་ལོ་ཉེར་བཞི་དང་ཉེར་ལྔ་ལ་སོན་པ་གཉིས་ལ་མཚོན་ན་ལོ་ཉེར་བཞི་དང་ཉེར་ལྔ་གཉིས་ཀ་བཅུ་དགུ་ནས་ཉེར་བརྒྱད་ནང་ཚུད་པ་ཡིན་པས་བཅུ་དགུ་དབུས་སུ་འཇོག་དགོས།    དེ་ནས་འབྱུང་བ་གཅིག་ལ་ལོ་གཉིས་འདུ་དགོས་པར་བརྟེན་ལོ་ཉེར་བཞི་དང་ཉེར་ལྔ་ནི་འབྱུང་པ་མེ་ཁམས་སྟེ་མེ་མོ་ལུག་དང་།    མེ་ཕོ་རྟ་ཡིན་པས་དབུས་ཀྱི་ལོ་བཅུ་དགུ་ནས་བགྲངས་ཏེ་ཤར་དུ་ཐོན་པ་དང་།    ཤར་ནས་མོ་ལོ་སྟེ་གཡས་སྐོར་གྱི་ལོ་ཉེར་བཞིར་མ་སླེབས་བར་མཛུབ་མོའི་ཚིགས་རེར་ལོ་གྲངས་རེ་རེ་ངོས་བཟུང་སྟེ་བསྐོར་བ་དང་མེ་ཕོ་རྟ་ལོ་སྟེ་གཡོན་སྐོར་གྱི་ལོ་ཉེར་ལྔར་མ་སླེབས་བར་ཚིགས་རེར་ལོ་རེ་རེ་ངོས་བཟུང་སྟེ་བསྐོར་ནས་ལོ་གྲངས་ཉེར་བཞི་དང་ཉེར་ལྔ་གཉིས་སོ་སོར་ཚིགས་གང་དང་གང་དུ་སླེབས་པ་དེ་ངེས་དགོས།    སླར་ཡང་གནམ་ལོའི་སྨེ་བ་སྟེ་སྤྱི་ལོ1990ལོར་གནམ་ལོའི་སྨེ་བ་གཅིག་དཀར་ཡིན་པས་དབུས་སུ་གནམ་ལོའི་སྨེ་བ་གཅིག་དཀར་བཞག་སྟེ་གཅིག་དཀར་ནས་ཚིགས་རེར་སྨེ་བ་རེ་རེ་ངོས་བཟུང་སྟེ་ཤར་དུ་ཐོན་པ་དང་ལོ་ཉེར་བཞིར་སོན་པ་དེ་མོ་ལོ་ཡིན་པས་གཡས་བསྐོར་གྱིས་གོང་དུ་ལོ་ཉེར་བཞིའི་ཚིགས་ངེས་པ་དེ་རང་བར་བསྐོར་བ་ན་སྨེ་བ་དྲུག་དཀར་དུ་བབས་པས་ལོ་ཉེར་བཞིར་སོན་པ་དེའི་སྐྱེས་སྨེ་དྲུག་དཀར་ཡིན་པ་དང་།    ཡང་གནམ་ལོའི་སྨེ་བ་གཅིག་དཀར་དེ་དབུས་སུ་བཞག་ནས་དབུས་ནས་ཤར་དུ་ཐོན་པ་དང་།    ལོ་ཉེར་ལྔ་དེ་ཕོ་ལོ་ཡིན་པས་གཡོན་བསྐོར་གྱིས་ལོ་ཉེར་ལྔའི་ཚིགས་ངེས་པ་དེ་བར་ཚིགས་རེར་སྨེ་བ་རེ་བརྩིས་ཏེ་བསྐོར་བ་དང་ཚིགས་ངེས་པ་དེར་སླེབས་པའི་སྨེ་བ་དེ་སྐྱེས་སྨེ་སྟེ་ལོ་ཉེར་ལྔར་སོན་པ་དེའི་སྐྱེས་སྨེ་བདུན་དམར་དུ་བབས་པ་ལྟ་བུའོ། །ཡང་དབུས་བབས་སྨེ་བ་འཚོལ་སྐབས་གོང་དུ་བཤད་ཟིན་པའི་ལོ་ཉེར་བཞིར་གསོན་པ་དེའི་སྐྱེས་སྨེ་དྲུག་དཀར་གནས་པའི་ཚིགས་དེ་དང་།   ལོ་ཉེར་ལྔར་གསོན་པ་དེའི་སྐྱེས་སྨེ་བདུན་དམར་གནས་པའི་ཚིགས་དེ་གཉིས་ངེས་དགོས་ཤིང་།     སླར་ཡང་དབུས་སུ་རང་གི་སྐྱེས་སྨེ་དྲུག་དཀར་བཞག་སྟེ་བྱ་འཕུར་གྱིས་ཏེ་སྐྱེས་སྨེ་དྲུག་དཀར་གནས་པའི་ཚིགས་ངེས་པ་དེར་བབས་པ་ན་དེ་ནི་ལོ་ཉེར་བཞིར་གསོན་པ་དེའི་དབུས་བབས་སྨེ་བ་ཡིན།    སྐྱེས་སྨེ་བདུན་དམར་དབུས་སུ་བཞག་སྟེ་བྱ་འཕུར་བགྱིས་ཏེ་སྐྱེས་སྨེ་བདུན་དམར་གནས་པའི་ཚིགས་ངེས་པ་དེར་བབས་པ་དེ་ནི་ལོ་ཉེར་ལྔར་གསོན་པ་དེའི་དབུས་བབས་སྨེ་བར་ངོས་བཟུང་བ་ཡིན་ནོ། ། 

ཡང་ལོ་ཐོའི་ནང་སྨེ་བའི་འོག་ཏུ་ཁོན་ཞེས་པ་དེ་བུད་མེད་ཡིན་ན་སྤར་ཁ་ཁོན་ཡིན་ཞེས་པའི་དོན་ཡིན་ཞིང་།    སྤར་ཁ་ལ་དབྱེ་ན་ལི་མེ།    ཁོན་ས།   དྭ་ལྕགས།   ཁེན་གནམ།   ཁམ་ཆུ།   གིན་རི།    ཟིན་ཤིང་།   ཟོན་རླུང་བཅས་བརྒྱད་ཡོད་དོ། །དེ་ཡང་བརྩི་བྱ་སྐྱེས་པ་ཡིན་ན་སྤར་ཁ་ལི་ཐོག་ནས་གཡས་སུ་བསྐོར་བས་ལོ་གྲངས་གར་བབས་ཀྱི་སྤར་ཁ་དེ་ཡིན།   སྤར་ཁའི་འབྲས་བུ་ལ་བཟང་ངན་སྣ་ཚོགས་ཡོད་ཀྱང་སྤྱིར་ན་བབས་སྤར་ཕོ་ལི་དང་བུད་མེད་ཁམ་ལ་རྩུབ་ཙམ་ཡོད།

རེའུ་མིག་དགུ་པའི་ནང་གི་སྟེང་འོག་དགུ་དུར་རྡེལ་ཞེས་པ་དེར་སྟེང་འོག་གཉིས་ཀ་རྡེལ་དཀར་བབས་པས་དེ་ཙམ་མི་རྩུབ་ཀྱང་གཞན་དུ་དགུ་མིག་དང་།   དུར་མིག་ནང་ཚུད་པ་ཞེས་གཉིས་ཀ་རྡེལ་ནག་ཏུ་བབས་སྲིད་པས་དེ་འདྲ་ཡིན་ན་མི་དགེ་བའི་བྱ་བར་གཡོལ་གང་ཐུབ་དང་།   རྣམ་དཀར་གྱི་ལས་ལ་འབད་གང་ཐུབ་བྱེད་དགོས་པ་ནི་ཕྱི་ནང་འགལ་རྐྱེན་ཞི་ཞིང་འདི་ཕྱིའི་ལེགས་ཚོགས་འགྲུབ་པའི་དོན་མཆོག་དམ་པ་ཡིན་པ་མདོ་རྒྱུད་དམ་པར་གསུངས་པ་ལགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-31

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།