སོ་ནམ་འཁོར་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སོ་ནམ་འཁོར་ལོ།
སོ་ནམ་འཁོར་ལོ་ནི་བོད་ཀྱི་སྐར་རྩིས་རིག་པ་ལས་གྲུབ་བྱེད་གཉིས་ཀྱི་ཡན་ལག་ལྔའི་ལོ་ཐོ་ལྟ་སྟངས་སྐོར་བཤད་པ་ནང་གི་གཅིག་ཡིན།
1 ངོ་སྤྲོད།

བོད་ཀྱི་ལོ་ཐོའི་སྟེང་སོ་ནམ་འཁོར་ལོ་དང་ཐོང་གཤོལ་འཁོར་ལོ་ཞེས་རི་མོ་གཉིས་བཀོད་ཡོད་ཅིང་།    སོ་ནམ་འཁོར་ལོ་ནི་རྩ་བ་གསུམ་དང་།    རྩེ་མོ་དགུ།   འཕྲེད་དུ་རེ་ཁཱ་གསུམ་གྱིས་བཅད་ཅིང་།    གཡས་དང་གཡོན་དུ་ཡན་ལག་བཅུ་གཉིས་ཏེ་རི་མོའི་སྟེང་བཀོད་པའི་ཨང་ཀི་རྣམས་རྒྱུ་སྐར་ཉེར་བདུན་གྱི་མཚོན་བྱེད་ཡིན་པ་དང་།   ཉི་མས་འཁྱུད་པའི་སྐར་མ་དེ་ཏྲི་ཤུ(རྩེ་གསུམ་ཡོད་པ་ལ་ཟེར)དབུས་མའི་རྩེ་མོར་བཀོད་དེ་དེ་ནས་རིམ་བཞིན་སྐར་མ་གཡས་སྐོར་དུ་བཀོད་མོད་ཐ་མའི་སྐར་མ་བཞི་པོ་བར་གྱི་འཇོམ་བཞིར་གཡས་སྐོར་འགོད་པ་དང་།   ཟླ་བ་རྒྱུ་སྐར་ཉེར་བདུན་གྱི་གཞི་ཁྱོན་གང་དུ་གནས་པའི་སྐར་མ་དེ་རྩེ་མོ་དགུ་ལ་སོང་ན་ལོ་འདིར་ལོ་ཏོག་འཕེལ་བ་དང་རྩ་བ་གསུམ་ལ་སོང་ནས་འབྲས་བུ་མེད་པ།   བར་གྱི་འཇོམ་བཞིར་སོང་ན་བཏང་སྙོམས་སུ་ལུས་པ།    ཡན་ལག་བཅུ་གཉིས་ལ་སོང་ན་བདེ་ལེགས་བྱུང་བ་ཡིན་ནོ། །

གཞན་ཡང་ཞིང་འབྲོག་ཁུལ་ཏུ་ཤིན་ཏུ་སྨན་པའི་བྱ་གཞག་གནམ་དཔྱད་དང་།   ས་ཞིང་འདེབས་བཀོལ་གྱི་དུས་ཚིགས་ནི་ལོ་ཐོའི་ནང་ཧ་ཅང་གསལ་ཞིང་སོ་ནམ་འགོ་འཛུགས་ཀྱི་སྔ་བསྣུར་དུ་ཐོང་གཤོལ་འཁོར་ལོ་དང་།   སོ་ནམ་འཁོར་ལོའི་དགེ་འབྲས་དང་བསྟུན་པའི་གཉའ་སྤྲོ་བྱ་ཚེས་བཀོད་ཡོད་ལ་ལོ་འདིར་སོས་ཐན་ཡོད་མེད།   སོས་འཕར་སྔ་ཕྱི།   དགུན་ཐན་ཡོད་མེད་སོགས་ཚན་རིག་དང་མཐུན་པའི་ངང་མ་འོངས་སྔོན་དཔག་བྱས་ཤིང་།    རྒྱུན་དུ་སད་སེར་ཉེན་ཁ་ཆེ་བའི་ས་ཁུལ་གྱི་ལྗང་པར་སྔོན་ཚུད་ནས་སྲུང་སྐྱོབ་བྱ་རྒྱུའི་གྲ་སྒྲིག་བྱ་དགོས་པའི་མངོན་བརྡ་བཏང་ཡོད།    ས་ཞིང་འདེབས་བཀོལ་གྱི་དུས་ཚིགས་ཞེས་པ་ལས་ཡུལ་ལུང་སོ་སོར་སོ་ནམ་གྱི་བྱེད་སྒོ་ཁག་དུས་ཚིགས་སྔ་ཕྱི་ཇི་ལྟར་དགོས་པའི་ཚུལ་རྣམས་གསལ་པོར་བཏོན་ཡོད་པ་དེ་ཡང་སྤྱིར་ན་ལོ་དེར་སོ་ནམ་སྔ་འདེབས།    བར་འདེབས།    ཕྱི་འདེབས་བཟང་འབྲིང་ཞན་གསུམ་གང་འདྲ་ཡོད་མེད་དང་འདེབས་པའི་དུས་ཚིགས་ཟླ་ཚེས་གང་དུ་ཡིན་མིན།    སྤྱིར་ན་ལོ་འདིར་ལོ་བཟང་ཕོ་མོ་ཁྱད་མེད་ལོ་རྟགས་གང་དང་ལོ་གང་དུ་སོན་པ།    ཕ་མ་གཉིས་ཀ་འཛོམས་པ།   དབང་པོར་སྐྱོན་མེད་པ།    མིང་བྲ་ལེགས་པ་ག་གེ་མོ་ཞིག་གིས་ས་བོན་འདེབས་པ་དང་།    སྐྱེ་ཤིང་འཛུགས་པ།    ཨར་རྒྱག་ལ་སོགས་པའི་མཁར་ལས་སྣེ་འཛིན་སོགས་ལོ་འདིར་བྱ་བ་ཆེ་ཕྲའི་ལས་སྣེ་གཏོད་པའི་གནམ་ལོའི་ཕྱོགས་གཙང་གང་དུ་གཟིགས་དགོས་མིན།    ཟླ་བ་གང་ནས་གང་བར་བུམ་སྟོང་གང་དུ་གནས་ཡོད་མེད།    ས་ལུས་ཁ་དབྱེ་དང་གཉའ་སྤྲོ་བྱ་ཚེས་སོགས་བོད་ཀྱི་གནའ་སྲོལ་ལྡན་པའི་རྟེན་འབྲེལ་བྱ་ཚེས་ཀྱི་དུས་ཚོད་དང་།   འདེབས་ཆུ་གཏོང་བའི་དུས་ཚིགས།    གཞན་ཡང་ལོ་འབྲས་ལ་ཆུ་གནོད་དང་ཆུ་ལོག་སྔོན་འགོག་བྱ་རྒྱུར་སྔོན་ཚུད་ནས་ཟླ་བ་གང་གི་ཚེས་གང་ནས་ཆར་དུས་ཟིན་མིན་སོགས་ཁ་གསལ་དུ་གསུངས་པ་ནི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཤིན་ཏུ་ཕན་པ་ཞིག་ཡིན་ནོ། །འདིར་སོ་ནམ་འགོ་འཛུགས་སོགས་བྱ་བ་ཆེ་ཕྲའི་ལས་སྣེ་གཏོད་པའི་དངོས་གཞི་ནམ་ལངས་སྔ་ཆ་ཕྱི་ཆ།    ཉི་ཤར་སྔ་ཆ་ཕྱི་ཆ།    ཉི་དྲོས་སྔ་ཆ་ཕྱི་ཆ་སོགས་ཀྱི་དུས་ཚོད་འཁོར་ལོའི་ཆུ་ཚོད་གང་དུ་འཁེལ་མིན་ཤེས་འདོད་ན།    ཉིན་དྲུག་མཚན་དྲུག་གི་རྣམ་གཞག་དང་།    འཁོར་ལོའི་ཆུ་ཚོད་ཀྱི་འབྲེལ་བ་ཞེས་པའི་ནང་གསལ་ལོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-31

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།