བསྟན་རྩིས། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

བསྟན་རྩིས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སྐར་རྩིས།)

བསྟན་རྩིས་ནི་བོད་ཀྱི་རྩིས་རིག་པའི་རྩིས་རིག་པ་བཤད་པའི་སྐབས་ཀྱི་གཅིག་ཡིན།
1 ངོ་སྤྲོད།

བསྟན་པའི་རྩིས་ཀྱི་རྣམ་གཞག་ལ། །མདོ་དང་རྒྱུད་ཀྱི་ལུགས་གཉིས་ཡོད། །དེ་ལའང་བཞེད་ཚུལ་སྣ་མང་ཡང་། །བསྐལ་བཟང་རྒྱ་ཆེན་རོལ་བ་སོགས། །དུས་ཀྱི་འཁོར་ལོ་དང་བསྟུན་ནས། །མདོར་བསྡུས་གནད་ཀྱི་སྙིང་པོ་བྲི། །མི་མཇེད་འཇིག་རྟེན་ཞིང་གི་གཙོ། །མཉམ་མེད་སྟོན་པ་ཐུགས་རྗེ་ཅན། །དོན་གྲུབ་ཅེས་པ་ས་ལུག་ལོའི། །ཆུ་སྟོད་ཟླ་བའི་ཡར་ཚེས་ཀྱི། །བཅོ་ལྔའི་མཚན་གུང་རྒྱལ་གྱི་དུས། །གླང་པོའི་རྣམ་པས་ལྷུམས་སུ་ཞུགས2788།  །

དེ་ནས་ཟླ་བ་དགུ་དང་ནི། །ཞག་པོ་ཉེར་གསུམ་འདས་པ་ཡི། །དྲག་པོ་ཞེས་པ་ལྕགས་སྤྲེལ་ལོའི། །ས་གའི་ཡར་ཚེས་བདུན་གྱི་མཚན། །ངོ་མཚར་ལྟས་དང་ཆབས་ཅིག་བལྟམས2787། །ཞག་བདུན་འདས་རྗེས་རྒྱལ་ཡུམ་གཤེགས། །དེ་ནས་དགུང་ལོ་ཉེར་དགུ་པ། །བཞེས་པ་ས་ཕོ་ཕྱི་བའི་ལོར། །རྒྱལ་སྲིད་སྤངས་ནས་ལོ་དྲུག་ཏུ། །དཀའ་སྤྱད་སོ་ལྔ་བཞེས་པ་ཡི། །ཤིང་རྟ་ས་གའི་ཉ་ཡི་མཚན། །སྐྱ་རེངས་འཆར་བར་རྩོམ་པ་ན། །བླ་མེད་བྱང་ཆུབ་བདུད་རྩི་བརྙེས2753། །ཉ་དེའི་ཉིན་རྩིས་གཟའ་གཅིག་དང་། །ཆུ་ཚོད་སོ་བརྒྱད་ཚེས་འཁྱུད་ཀྱི། །ཟླ་སྐར་བཅུ་དྲུག་ཆུ་ཚོད་ཐིག །སྒྲ་གཅན་གདོང་གི་སྐར་མ་ལ། །བཅུ་དྲུག་ཆུ་ཚོད་ཉི་ཤུ་དགུ །འབྱུང་ཕྱིར་འདུལ་བ་ལུང་སོགས་ལས། །དེ་ཚེ་ཟླ་བ་སྒྲ་གཅན་གྱིས། །བཟུང་བར་གསུངས་པའི་ལུང་དང་འབྱོར། །

དེ་ནས་ལོ་གྲངས་ཞེ་དྲུག་བར། །བསྐལ་པ་བྱེ་བ་དུ་མ་རུ། །མཚན་ཙམ་ཐོས་པར་དཀའ་བ་ཡི། །ཆོས་ཀྱི་འཁོར་ལོ་བླ་མེད་བསྐོར། །འཁྲུངས་ནས་གྱ་གཅིག་བཞེས་པ་ཡི། །དཔའ་བོ་ལྕགས་འབྲུག་ནག་པའི་ཉར། །ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི། །སྤྲུལ་པའི་མཆོད་རྟེན་ཆེན་པོ་དེར། །འོག་ཏུ་ཆོས་དབྱིངས་གསུང་དབང་དང་། །སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི། །དཀྱིལ་འཁོར་སྤྲོས་ཏེ་བདེ་ཆེན་གནས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེར། །སྟོན་པ་ཤཱཀྱའི་རྒྱལ་པོ་ཉིད། །རྡོ་རྗེ་སེངྒེའི་ཁྲིར་བཞུགས་ནས། །དུས་ཀྱི་འཁོར་ལོའི་ཏིང་འཛིན་གྱིས། །སྤྲུལ་པའི་ཆོས་རྒྱལ་ཟླ་བཟང་གཙོས། །རྒྱལ་ཕྲན་དགུ་བཅུ་རྩ་དྲུག་དང་། །སྐལ་ལྡན་ལྷ་མིའི་འཁོར་ཚོགས་ལ། །རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་སོགས། །གསང་སྔགས་རྒྱུད་སྡེ་མ་ལུས་པ། །འདའ་བར་ཞལ་ཆེམས་ཚུལ་དུ་གསུངས2707། །ལོ་དེའི་ས་ག་ཟླ་བ་ཡི། །ཡར་ཚེས་བཅོ་ལྔའི་མཚན་གྱི་ཆར། །ཆོས་དབྱིངས་ནུབ་ཀྱི་ས་འཛིན་རྩེར། །གཟུགས་སྐུའི་ཉ་རྒྱས་ཟླ་བ་ནུབ། །ས་སྟེང་མི་ཤེས་སྨག་གིས་བཟུང་།  །

བསྟན་པའི་གནས་ཚད་ལྔ་སྟོང་དུ། །གསུངས་པའང་རྒྱལ་བ་འདས་པ་ནས། །བཟུང་སྟེ་བརྩི་བར་བྱ་དགོས་ལ། །དེ་ཡང་ལྔ་བརྒྱ་ཕྲག་བཅུ་ལས། །ལྔ་བརྒྱ་དང་པོར་དགྲ་བཅོམ་དང་། །དེ་བཞིན་གཉིས་པར་ཕྱིར་མི་འོང་། །ལྔ་བརྒྱ་གསུམ་པར་རྒྱུན་ཞུགས་ཏེ། །ཡེ་ཤེས་ཁོང་ཆུད་ལེའུ་གསུམ། །དེ་ནས་ལྔ་བརྒྱ་ཕྲག་གསུམ་ལ། །རིམ་བཞིན་ཤེས་རབ་ཏིང་འཛིན་དང་། །ཚུལ་ཁྲིམས་བསླབ་པ་གཙོར་སྟོན་གསུམ། །སྒྲུབ་པའི་དུས་ཀྱི་ལེའུ་ཟེར། །དེ་ནས་ལྔ་བརྒྱ་ཕྲག་གསུམ་ལ། །མངོན་པ་མདོ་སྡེ་འདུལ་བ་རྣམས། །སྟོན་པ་མང་དུ་འབྱུང་བས་ན། །ལུང་གི་ལེའུ་གསུམ་དུ་གྲགས། །བཅུ་པ་ལྔ་བརྒྱ་ཐ་མ་ལ། །རབ་བྱུང་རྟགས་ཙམ་མ་གཏོགས་པ། །ལྟ་སྤྱོད་རྣལ་མ་མེད་པའི་ཕྱིར། །རྟགས་ཙམ་འཛིན་པའི་ལེའུར་གསུངས། །

འོ་ན་སྟོན་པའི་འཁྲུངས་པ་ནས། །ད་ལྟའི་རབ་བྱུང་བཅུ་བཞི་པའི། །མེ་ཕག་ལོ་འདི་ཡན་ཆད་ལ། །ལོ་གྲངས་ཅི་ཙམ་འདས་ཤེ་ན། །ཉིས་སྟོང་བདུན་བརྒྱ་གྱ་བདུན་འདས། །རྫོགས་སངས་རྒྱས་ནས་ཉིས་སྟོང་དང་། ། བདུན་བརྒྱ་ང་གསུམ་འདས་པ་སྟེ། ། མྱ་ངན་འདས་ནས་ཉིས་སྟོང་དང་། །བརྒྱ་ཕྲག་བདུན་དང་བདུན་འདས་སོ། །བསྟན་པའི་གནས་ཚད་སྟེང་ནས་ནི། །དགྲ་བཅོམ་དང་ནི་ཕྱིར་མི་འོང་། །རྒྱུན་ཞུགས་ཤེས་རབ་ཏིང་འཛིན་རྣམས། །རྫོགས་ཏེ་ཚུལ་ཁྲིམས་ལེའུ་ཡི། །སྟེང་ནས་ཉིས་བརྒྱ་བདུན་རྣམས་འདས། །ད་ནི་མེ་ཕག་འདི་ཉིད་ནས། །བརྩིས་ཏེ་ལོ་གྲངས་ཉིས་སྟོང་ནང་། །ཉིས་བརྒྱ་གོ་གསུམ་སོང་བའི་མཐར། །མདོ་ལུགས་བསྟན་པའི་གནས་ཚད་རྫོགས། །

དུས་ཀྱི་འཁོར་ལོའི་ལུགས་ལ་ཡང་། །བཞེད་ཚུལ་མི་འདྲ་མང་བཞུགས་ཀྱང་། །རེ་ཞིག་རྒྱ་མཚོ་རྣམ་གསུམ་ལུགས། །བསྟན་པའི་གནས་ཚད་ཐོག་མ་ནི། །སྟོན་པའི་གྱ་གཅིག་བཞེས་པ་ཡི། །དཔའ་བོ་ལྕགས་འབྲུག་ལོ་དེ་ཡིན། །ལོ་དེའི་ནག་ཉར་རྩ་རྒྱུད་གསུངས2707། །ལྕགས་སྦྲུལ་ལོ་ལ་ཟླ་བཟང་གིས། །རྩ་རྒྱུད་བསྡུས་ཤིང་འགྲེལ་བ་མཛད2706། །ཆུ་རྟར་སྐལ་ལྡན་རྣམས་ལ་བསྟན2705། །ཆུ་ལུག་ལོ་ལ་མ་ལ་ཡའི། །ཡིད་འོང་སྐྱེད་མོའི་ཚལ་མཆོག་དེར། །སྐལ་ལྡན་དྲང་སྲོང་རིག་འཛིན་གཙོ། །ཀུན་གྱི་འཇུག་ངོགས་ཕོ་བྲང་ཆེ། །དུས་ཀྱི་འཁོར་ལོའི་བློས་བསླངས་མཆོག །བཞེངས་ཏེ་ཟླ་བཟང་རང་ཉིད་གཤེགས2704། །དེ་ནས་ཤིང་ཕོ་སྤྲེའུ་ལོར། །དེ་སྲས་ཆོས་རྒྱལ་ལྷ་དབང་ཉིད2703། །ཁྲིར་འཁོད་ལོ་བརྒྱ་རྫོགས་པ་ཡི།  །ཤིང་བྱིར་དེ་སྲས་གཟི་བརྗིད་ཅན2603། །ཆོས་ཀྱི་ཁྲི་ལ་ལོ་བརྒྱར་བཞུགས། །དེ་ནས་རིམ་བཞིན་ཤིང་འབྲུག་ལ། །ཟླ་བས་བྱིན2503དང་ཤིང་སྦྲེལ་ལ། །ལྷ་ཡི་དབང་ཕྱུག2403ཤིང་བྱིའི་ལོར། །སྣ་ཚོགས་གཟུགས2303དང་ཤིང་འབྲུག་ལ། །ལྷ་ཡི་དབང་ལྡན་ཁྲིར་ཕེབས2203ནས། །རེ་རེའི་ལོ་བརྒྱར་རྩ་རྒྱུད་བསྟན། །དེ་འོག་ཤིང་ཕོ་སྤྲེའུ་ལོར། །རྒྱལ་བས་ལུང་བསྟན་འཇམ་དཔལ་གྲགས2103། །ཁྲིར་ཕེབས་ལོ་བརྒྱ་རྫོགས་པ་ཡི། །

ཤིང་བྱིའི་ནག་ཉར་མ་ལ་ཡར། ། དུས་ཀྱི་འཁོར་ལོའི་བློས་བསླངས་དེར། །ཉི་མའི་ཤིང་རྟ་ལ་སོགས་པའི། །ཚངས་པའི་དྲང་སྲོང་རིགས་མང་པོ། །རིགས་གཅིག་མཛད་ནས་དབང་བསྐུར་བས། །རིགས་ལྡན་མཚན་གསོལ་རྩ་རྒྱུད་ལས། །རྒྱལ་བའི་ལུང་བཞིན་བསྡུས་རྒྱུད་བསྡུས། །རང་ཉིད་ལོངས་སྤྱོད་རྫོགས་སྐུར་གཤེགས། །ཤིང་བྱིའི་ལོ་དེར་པདྨ་དཀར2003། །ཁྲིར་ཕེབས་རྒྱལ་བའི་ལུང་བསྟན་བཞིན། །བསྡུས་པའི་རྒྱུད་ཀྱི་འགྲེལ་ཆེན་བརྩམས། །དེ་ནས་ལོ་བརྒྱ་རྫོགས་པའི་མཐར། །ཤིང་ཕོ་འབྲུག་ལོར་བཟང་པོ་དང1903། །ཤིང་སྤྲེལ་ལོ་ལ་རྣལ་རྒྱལ1803དང་། །ཤིང་བྱིར་བཤེས་གཉེན་བཟང་པོ1703དང་། །ཤིང་ཕོ་འབྲུག་ལོར་རིན་ཆེན་ཕྱག1603། །ཤིང་སྤྲེལ་ཁྱབ་འཇུག་སྦས་པ1503དང་། །ཤིང་བྱིར་ཉི་མ་གྲགས1403ཤིང་འབྲུག་ལོ། །ཤིན་ཏུ་བཟང1303ལ་སོགས་བརྒྱད་རྣམས་ཀྱིས། །རིམ་བཞིན་ལོ་གྲངས་བརྒྱ་བརྒྱ་རེར། །དཔལ་ལྡན་བསྡུས་རྒྱུད་འགྲེལ་བཅས་བསྟན། །

དེ་འོག་ཤིང་སྤྲེལ་ལོ་དེ་ལ། །མ་ཁར་སྦྲང་རྩིའི་བློ་གྲོས་ཀྱི། །ཀླ་ཀློའི་ཆོས་འོག་ཚུགས་པ་དང་། །རྒྱ་མཚོ་རྣམ་རྒྱལ1203ཁྲིར་ཕེབས་མཉམ། །ལོ་བརྒྱ་གྱ་གཉིས་བར་དུ་བཞུགས། །དེ་འདས་མི་ཟད་མེ་ཁྱིའི་ལོར། །རྒྱལ་དཀའ1021རྒྱལ་སར་ཕེབས་པ་དང་། །རང་ལུགས་བྱེད་པའི་རྩིས་འགོ་ཟུག །རྒྱལ་དཀས་ཉིས་བརྒྱ་ཉེར་གཅིག་པར། །ཆོས་བསྟན་ལོ་མཐའ་མེ་སྟག་ཡིན། །དེས་ན་ཀླ་ཀློ་ཞུགས་པ་དང་། །རྒྱ་མཚོ་རྣམ་རྒྱལ་ཁྲིར་འཁོད་ནས། །བརྩམས་ཏེ་མེ་སྟག་དེ་ཡན་ལ། །རྒྱུད་ལས་མེ་མཁའ་རྒྱ་མཚོར800གསུངས། །དེ་ལྟར་མཛད་པའི་དགོས་པ་ཡང་། །ཀླ་ཀློའི་གནས་ཚད་སྟོང་བརྒྱ་བརྒྱར། །གསུངས་པའི་ལོ་མཚམས་ཤེས་ཕྱིར་དང་། །ཁྱད་པར་རིགས་ལྡན་དེ་གཉིས་ཀྱི། །ལོ་གྲངས་བྱེ་བྲག་རྟོགས་ཕྱིར་ཡིན། །

དེ་འོག་རབ་བྱུང་མེ་ཡོས་ཏེ། །རྒྱུད་ལས་རབ་བྱུང་ཐོག་མར་མཛད། །ལོ་དེར་རིགས་ལྡན་ཉི་མ800ནི། །ཁྲིར་འཁོད་བོད་ཡུལ་བསིལ་ལྡན་འདིར། །དུས་ཀྱི་འཁོར་ལོའི་རྒྱུད་རྒྱལ་ཕེབས། །ཉི་མས་ལོ་བརྒྱ་རྫོགས་པའི་རྗེས། །རབ་བྱུང་གཉིས་པའི་མེ་ལུག་ལ། །སྣ་ཚོགས་གཟུགས་ཕེབས700ལོ་བརྒྱར་བཞུགས། །དེ་ནས་རིམ་བཞིན་བཞི་པ་ཡི། །མེ་ཕག་ལོ་ལ་ཟླ་བའི་འོད600། །རབ་བྱུང་དྲུག་པའི་མེ་ཡོས་ལོར། །མཐའ་ཡས་ཁྲིར་ཕེབས500རབ་བྱུང་དེའི། །ལོ་གྲངས་སུམ་ཅུ་འདས་པ་ཡི། །མེ་བྱར་མདོ་སྨད་ཙོང་ཁའི་གཞིར། །མཁས་དང་གྲུབ་པ་ཡོངས་ཀྱི་གཙོ། །འཇམ་མགོན་བློ་བཟང་གྲགས་པ470འཁྲུངས། །རབ་བྱུང་བདུན་པའི་མེ་ལུག་ལ། །ས་སྐྱོང400དགུ་པའི་མེ་ཕག་ལོར། །དཔལ་སྐྱོང300རབ་བྱུང་བཅུ་གཅིག་པའི། །མེ་ཡོས་ལོ་ལ་སེང་གེ200དང་། །དེ་འོག་རབ་བྱུང་བཅུ་གཉིས་པའི། །མེ་ལུག་ལོ་ལ་རྣམ་གནོན100རྣམས། །ཁྲིར་ཕེབས་རེ་རེའང་ལོ་བརྒྱར་བཞུགས། །དེ་ནས་རབ་བྱུང་བཅུ་བཞི་པའི། །ད་ལྟའི་མེ་ཕག་འདི་ཡན་ལ། །གནས་མཆོག་དམ་པ་ཀེེ་ལ་ཤར། །ཆོས་ཀྱི་རྒྱལ་པོ་རྣམ་བདུན་དང་། །རིགས་ལྡན་བཅུ་དགུས་ཆོས་བསྟན་ནས། །ལོ་གྲངས་ཅི་ཙམ་འདས་པའི་གྲངས། །རང་རང་མཚན་གྱི་སྟེང་ཐད་དུ། །བཀོད་པ་དག་ལས་ཤེས་པར་གྱིས། །

མེ་ཕག་ལོ་འདིར་སྟོབས་པོ་ཆེ། །ཁྲིར་ཕེབས་ལོ་བརྒྱ་སོང་བའི་མཐར། །བཅུ་དྲུག་པ་ཡི་མེ་ཡོས་ལོར། །མ་འགགས་པ100དང་བཅུ་བདུན་པའི། །མེ་ལུག་ལོ་ལ་མིའི་སེང་གེ200། །རབ་བྱུང་བཅུ་དགུའི་མེ་ཕག་ལ། །དབང་ཕྱུག་ཆེ300དང་ཉེར་གཅིག་པའི། །མེ་ཡོས་ལོ་ལ་རིགས་ལྡན་ཆེ། །མཐའ་ཡས་རྣམ་རྒྱལ400ལ་སོགས་པས། །ལོ་གྲངས་བརྒྱ་རེར་དམ་ཆོས་སྟོན། །དེ་འོག་རབ་བྱུང་ཉེར་གཉིས་པའི། །མེ་ལུག་ལོ་ལ་རིགས་ལྡན་མཆོག །དྲག་པོ་འཁོར་ལོ་སྒྱུར་བ་ཆེ500། །ཤམ་བྷ་ལ་ཡི་སེང་ཁྲིར་འབྱོན། །དེ་ནས་ལོ་གྲངས་གོ་དྲུག་པར། །ཆོས་སྟོན་ཤམ་བྷ་ལ་ཡུལ་ནས། །གོ་བདུན་བཞེས་པའི་ཆུ་ལུག་ལོར། །ལྷ་ཆེན་བཅུ་གཉིས་དཔུང་ཚོགས་དང་། །འཇིགས་རུང་དམག་ཚོགས་དང་བཅས་པ། །ཤཱི་ཏའི་ལྷོར་ཕེབས་འཕགས་ཡུལ་ནས། །བརྩམས་ཏེ་གཡས་སྐོར་རིམ་བཞིན་དུ། །གཡུལ་བཤམས་དུམ་བུ་བཅུ་གཉིས་གཞིར། །གནས་པའི་ཀླ་ཀློའི་ཚོགས་བཅོམ་ནས། །དུས་བཞི་ཕྱི་མའི་རྫོགས་ལྡན་འཆར། །ཀླ་ཀློ་འཇོམས་མཛད་འཁོར་ལོ་ཅན། །རང་གི་ལོ་བརྒྱ་རྫོགས་པ་ན། །ཀེེ་ལ་ཤ་རུ་ཚངས་པ་དང་། །ལྷ་དབང་དུམ་བུ་བཅུ་གཉིས་གཞིར། །ལོ་སྟོང་བར་དུ་དམ་པའི་ཆོས། །སྟོན་པར་བསྐོས་ཏེ་རང་ཉིད་གཤེགས། །དེ་རྗེས་འོད་སྲུངས་ལ་སོགས་པའི། །རྒྱལ་པོ་བརྒྱད་ཀྱིས་ཤམ་བྷ་ལར། །རེ་རེས་ལོ་བརྒྱར་དམ་ཆོས་སྟོན། །དེ་མཐར་བདེ་གཤེགས་བསྟན་པའི་མཇུག །སྡུད་པ་ཡིན་ནོ་ཤེས་ལྡན་ཚོགས། །

རྒྱལ་བ་མྱ་ངན་འདས་པ་ནས། །དྲག་པོ་དགུང་ལོ་གོ་བརྒྱད་བར། །ལོ་གྲངས་སུམ་སྟོང་སུམ་བརྒྱ་བཞི། །འབྱུང་བ་དུས་བཞི་སྔ་མའི་ཚད། །དེ་ཉིད་ཆ་བཞིར་བྱས་པ་ལས། །ཆ་རེར་བརྒྱད་བརྒྱ་ཉེར་དྲུག་འབྱུང་། །དུས་བཞི་རེ་རེའི་ཡུན་ཚད་ཡིན། །དེ་ལ་ཆོས་ཀྱི་རྐང་པ་ཞེས། །རྐང་བ་རེ་རེ་མ་ནུབ་བར། །རིམ་བཞིན4རྫོགས་ལྡན3གསུམ་ལྡན་དང་། །2གཉིས་ལྡན1རྩོད་ལྡན་ཞེས་སུ་གྲགས། །ད་ལྟའི་མེ་ཕག་འདི་ཡན་ལ། །དུས་བཞི་སྔ་མའི་བསྟན་པ་ཡི། །སྟེང་ནས་རྫོགས་ལྡན་གསུམ་ལྡན་དང་། །གཉིས་ལྡན་རྫོགས་ནས་རྩོད་ལྡན་ལས། །ལོ་གྲངས་ཉིས་བརྒྱ་ཉེར་དགུ་འདས། །མེ་ཕག་འདི་ནས་མ་འོངས་པར། །ལྔ་བརྒྱ་གོ་བདུན་འདས་པའི་ཚེ། །དུས་བཞི་སྔ་མའི་རྩོད་ལྡན་ཡང་རྫོགས། །

ཀླ་ཀློ་དང་ནི་དྲག་པོ་ཡི། །བསྟན་པའི་གནས་ཚད་གཉིས་ཀ་ཡང་། །སྟོང་དང་བརྒྱད་བརྒྱར་མཉམ་པ་ཡི། །དེ་ཡང་ཀླ་ཀློ་ཞུགས་པ་ནས། །ད་ལྟའི་མེ་ཕག་འདི་ཡན་ལ། །ཀླ་ཀློའི་གནས་ཚད་སྟེང་ནས་ནི། །ཆིག་སྟོང་ཉིས་བརྒྱ་གསུམ་འདས་ལ། །འདི་ནས་མ་འོངས་ལོ་གྲངས་ནི། །ལྔ་བརྒྱ་གོ་བདུན་འདས་པའི་མཐར། །ཀླ་ཀློའི་གནས་ཚད་རྫོགས་པ་དང་། །དྲག་པོ་འཁོར་ལོ་ཆེན་པོ་ཡི། །བསྟན་པའི་རྫོགས་ལྡན་འཆར་བ་མཉམ། །དྲག་པོའི་བསྟན་པ་དུམ་བུ་འདིར། །སྟོང་དང་བརྒྱད་བརྒྱར་གནས་པ་ཡང་། །ཆ་བཞི་བགོས་པར་རེ་རེ་ལ། །བཞི་བརྒྱ་ལྔ་བཅུ་འབྱུང་བ་ནི། །དུས་བཞི་ཕྱི་མའི་བསྟན་པ་ཡི། །ཆོས་ཀྱི་རྐང་པ་རེ་རེའི་ཚད། །སྔར་བཞིན་རྫོགས་ལྡན་གསུམ་ལྡན་དང་། །གཉིས་ལྡན་རྩོད་ལྡན་ཞེས་སུ་གྲགས། །དེ་བཞིན་དུམ་བུ་བཅུ་གཅིག་གཞིར། །དུས་མཉམ་སྟོང་དང་བརྒྱད་བརྒྱར་གནས། །བསྡོམས་ན་ཉི་ཁྲི་ཆིག་སྟོང་དང་། །དྲུག་བརྒྱ་འབྱུང་བ་རྒྱུད་ལས་ནི། །དྲག་པོའི་བསྟན་པ་འོག་མིན་པའི། །ཉིན་ཞག་གཅིག་གི་ཚད་དུ་ནི། །གནས་པར་གསུངས་པའི་དགོངས་པར་འབྱོར། །རྒྱལ་བའི་བསྟན་པ་སྔ་དར་ཚད། །ལོ་གྲངས་སུམ་སྟོང་སུམ་བརྒྱ་བཞི། །དེ་སྟེང་རིགས་ལྡན་དྲག་པོ་ཡིས། །གསོས་པའི་རྒྱལ་བསྟན་ཕྱི་དར་ཚད། །སྟོང་དང་བརྒྱད་བརྒྱད་བསྣན་པ་ན། །ལྔ་སྟོང་བརྒྱ་དང་བཞི་འབྱུང་བ། །རྒྱལ་བའི་བསྟན་པའི་གནས་ཚད་ཡིན། །ལྔ་སྟོང་ལས་ནི་བརྒྱ་དང་བཞིས། །མང་བ་རྒྱུད་འདིའི་ཁྱད་ཆོས་སུ། །ཕུག་པའི་ལུགས་ཀྱི་མཁས་རྣམས་སྨྲ། །

རྒྱུད་ལས་མ་འོངས་རབ་བྱུང་རེ་རེའི་འགོར། །རྩིས་འཕྲོའི་ངེས་པ་སྤོ་དགོས་གསུངས་པ་དང་། །བསྟུན་ཏེ་ངེས་སྤོའི་ལོ་འདི་རབ་ཡིད་ཀྱི། །དྲུག་ཅུ་སྐོར་ལས་ཉི་ཤུ་སྔར་འདས་པ། །འཕགས་པའི་ཡུལ་དུ་སརྦཛིཏ་ཞེས། །སྟོད་འགྲེལ་བོད་ཀྱི་སྐད་དུ་ཐམས་ཅད་འདུལ། །མ་ཧཱ་ཙི་ནའི་གསེར་གྱི་རྒྱལ་ཁབ་ཆེར། །ཏིང་ཧའི་ཞེས་གྲགས་སྤོར་ཐང་འབྱུང་རྩིས་ལས། །དབང་ཐང་དང་བསྟུན་མེ་མོ་ཕག་ཅེས་བཏགས། །སྲོག་ལུས་དབང་ཐང་རླུང་རྟ64རྣམ་བཞིའི་ཁམས། །ཆུ་ས་མེ་མེ་བཞི་སྟེ་སྨེ་བའི་ཕྲེང་། །ཐ་མར་རྒྱུ་བའི་སྐབས་ཡིན་གཉིས་ནག་སྨེ། །དགུ་གླིང་དབུས་སུ་བདུད་ཀྱི་མེ་ལོང་གནས། །འབྱུང་བ་གསུམ་ལྡན་ཁ་རལ་ཟླ་བའི་ཀླུང་། །དེ་ལྟའི་གནམ་ལོའི་རྒྱལ་པོ་གསར་འཆར་འདིར། །གསང་ཆེན་རིགས་པ་འཛིན་པས་བསྟི་བའི་གྲོང་། །གྲུབ་པའི་གནས་མཆོག་དཔལ་ལྡན་ཤམ་བྷ་ལར། །སྤྲུལ་པའི་རིགས་ལྡན་དམ་པ་སྟོབས་པོ་ཆེ། །གསེར་འབྲུག་སྡེར་མོ་ལྔས་བཏེགས་ཆོས་ཀྱི་ཁྲིར། །ཨེ་ཝཾ་ངོ་བོར་གསར་དུ་བཞེངས་པ་ཡི། །དུས་སྟོན་མཆོག་དེར་ཡིད་ཀྱིས་སྨོན་འདུན་ཕྱིར། །རྩིས་འཕྲོ་གསར་དུ་སྤོ་བའི་ངེས་པ་བྱས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-27

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།