- སྐར་རྩིས།
- དག་ཡིག
གཟའ་འཛིན་གྱི་རྩ་བའི་རྒྱུ་མཚན། དུས་འཁོར་ལུགས་སུ། སྤྱིར་གནམ་སྟོང་ལ་ཉི་ཟླ་གཉིས་ཕྱོགས་གཅིག་ཏུ་འཆར་བའི་དུས་དེར་སྒྲ་གཅན་གདོང་མཇུག་གང་རུང་ཞིག་དང་གསུམ་འཛོམས་ཚེ་ཉི་འཛིན་འབྱུང་སྲིད་ལ། ཉ་གང་ལ་ཉི་ཟླ་གཉིས་ཁ་གཏད་དུ་འཆར་བའི་དུས་དེར་སྒྲ་གཅན་གདོང་མཇུག་གང་རུང་ཞིག་ཟླ་བ་དང་འཛོམས་ཚེ་ཟླ་འཛིན་འབྱུང་སྲིད་ཀྱང་། དེ་གསུམ་རླུང་འགྲོས་ཀྱི་བགྲོད་པ་མྱུར་བུལ་དང་ལྷོ་དབུས་བྱང་གསུམ་གང་ལ་སྤྱོད་པ། སྐར་མ་གང་དང་གང་ལ་གནས་པ་སོགས་ལེགས་པར་བརྟག་དགོས་ཏེ། ས་ཚིགས་སོ་སོའི་དབང་གིས་འཛིན་ཆ་ཆེ་ཆུང་། མཐོང་མི་མཐོང་མི་འདྲ་བ་སྣ་ཚོགས་འབྱུང་ཞེས་བཤད་དོ། །
སྒྲ་གཅན་ཞེས་པ་གཟའི་གཙོ་བོ་སྟོང་པའི་ལུས་ཅན་ཞིག་སྟེ། ཚེས་ཟླའི་དཀྱིལ་འཁོར་ཉིས་བརྒྱ་སུམ་ཅུ་ལ་རྒྱུ་སྐར་འཁོར་ལོ་ལན་གཅིག་འཁོར་བས་ཚེས་ཟླ་གཅིག་ལ་ཡུལ་གྱི་ཆུ་ཚོད་བདུན་དང་ཆུ་སྲང་གཉིས་དབུགས་གསུམ་མེ་མིག་གི་ཆ་ཤས་བཅོ་ལྔ་སྤྱོད། དེ་ལ་རྩ་གདོང་མཇུག་གསུམ་དུ་བརྗོད་པའི་རྒྱུ་མཚན་ནི། སྒྲ་གཅན་དེ་གཟའ་གཞན་དང་མི་འདྲ་བར་རྟག་ཏུ་རང་འགྲོས་འཕེལ་འགྲིབ་མེད་པར་འགྲོས་མཉམ་གྱིས་གོ་ལའི་གཞིར་གཡས་བསྐོར་བྱེད་པས་དེའི་སྐར་གནས་ནམ་གྲུ་ནས་གཡས་བསྐོར་དུ་རྩི་དགོས་ཀྱང་། ཉི་ཟླ་གཟའ་འཛིན་ཤེས་པའི་ཆེད་དུ་ཉི་ཟླ་རྒྱུ་སྐར་ལ་སྤྱོད་ཚུལ་དང་བསྟུན་ནས་ཐ་སྐར་ནས་གཡོན་བསྐོར་གྱིས་རྩིས་པའི་སྐར་གནས་རྗེས་འབྲང་དང་བཅས་པ་ལ་སྒྲ་གཅན་གྱི་གདོང་ཞེས་རྩ་བ་ལས་ལོགས་སུ་ཐ་སྙད་སྦྱོར་ཡང་། རྩ་གདོང་གཉིས་དོན་ལ་ཁྱད་མེད་དོ། ། གཟའ་དུས་མེ་དེ་དང་ཕྱོགས་ཁ་གཏད་དུ་གནས་པས་ན། སྒྲ་གཅན་གྱི་མཇུག་མ་ཞེས་པའི་ཐ་སྙད་བཏགས། དེང་གི་གནམ་རིག་ཏུ་སྒྲ་གཅན་གྱི་གོ་དོན་ནི་གོང་དུ་གོ་ལའི་རྣམ་གཞག་གི་སྐབས་སུ་བཤད་ཟིན་ཏོ། །
འདིར་དཔྱད་པར་བྱ་བ་ཞིག་ཡོད་དེ། གོང་དུ་བཤད་པའི་གྱེན་རྒྱུའི་འཕྲད་ས་དེའི་མིང་ལ་རྒྱ་གར་སྐར་དུ་རཱ་ཧུ་ཞེས་བྱ་བ་རྒྱ་བོད་གཉིས་ཀའི་གཞུང་དུ་མཐུན་ཀྱང་། ཐུར་རྒྱུའི་འཕྲད་ས་དེའི་མིང་རྒྱ་གར་ནས་རྒྱ་ནག་ཏུ་བསྒྱུར་བའི་རྩིས་གཞུང་ཀུན་ཏུ་ཀེ་ཏུ་ཞེས་བྱུང་། བོད་ཀྱི་སྒྲ་གཞུང་དུ་ནི་ཀེ་ཏུ་ཞེས་པ་དུ་བ་མཇུག་རིང་གི་སྐད་དོད་ཡིན་པར་བྱུང་བ་དེ་གཉིས་མི་མཐུན་པས། རྒྱ་གར་ན་ཀེ་ཏུ་ཞེས་པ་སྒྲ་གཅན་མཇུག་མ་དང་དུ་བ་མཇུག་རིང་ལ་འཇུག་ཚུལ་གཉིས་ཡོད་པར་སྣང་ངོ་། །
ལག་ལེན་སྐབས་སུ་དུས་འཁོར་ལུགས་ཀྱི་ཆོ་གར། ཟླ་དག་ལ་སྒྲ་གཅན་གྱི་ཚེས་ཟླའི་དཀྱིལ་འཁོར་ཉིས་བརྒྱ་སུམ་ཅུས་དོར་བའི་ལལྷག་མ་ལ་སུམ་ཅུས་བསྒྱུར་ཏེ་ཚེས་གྲངས་སུ་གྱུར་པ་དེ་ལ་ཟླ་འཛིན་བསྒྲུབ་ཆེད་ཉར་བཅོ་ལྔ་དང་། ཉི་འཛིན་བསྒྲུབ་ཆེད་སྟོང་ལ་སུམ་ཅུ་བསྣན། དེ་ལ་སྒྲ་གཅན་གྱི་ཚེས་ལོངས་ཀྱིས་བསྒྱུར། ཉིན་དེར་སྒྲ་གཅན་ལུག་ཁྱིམ་ནས་གཡས་འཁོར་གྱི་ལོངས་སྤྱོད་གྲུབ། དེས་རྒྱུ་སྐར་འཁོར་ལོ་ཉེར་བདུན་ལ་ཕྲི་བའི་ལྷག་མ་དེ་སྒྲ་གཅན་གདོང་སྐར་ཡིན། དེ་ལ་འཁོར་ཕྱེད་སྟེར་རམ་དམན་ན་སྒྲ་གཅན་མཇུག་སྐར། དེ་ནས་གོང་དུ་སྨྲས་པའི་ཉི་ཟླའི་ལོངས་སྤྱོད་དང་སྒྲ་གཅན་གདོང་མཇུག་གང་ཉེ་བ་དང་བསྟུན་ནས་ཆེ་ཆུང་སྦྱངས་པའི་ལྷག་མ་ཆུ་ཚོད་ལྔ་བཅུ་ཡན་ཤར་ན་འཛིན་མི་སྲིད་ཅེས་འཛིན་མཚམས་གཅོད་པའི་རྒྱུ་མཚན་དེང་གི་གནམ་རིག་གི་སྒོ་ནས་བཤད་ན། ཉི་དཀྱིལ་གྱི་སྲིད་ཚད་ལས་ཟླ་དཀྱིལ་ལྡབ་བཞི་བརྒྱས་ཆུང་ཡང་། ཉི་ཟླ་དང་ས་གཞིའི་བར་གྱི་ཐག་རིང་ཐུང་མི་འདྲ་བའི་དབང་གིས་ཤའི་མིག་གི་ཐུན་མོང་སྣང་ཚོད་ལ་ཁྱད་ཆེར་མེད་པས། གཉིས་ཀ་རེ་རེའི་སྲིད་དུ་ཏུའུ་ཕྱེད་ཙམ་ཡིན་པ་དང་། གོང་དུ་གསལ་བའི་དཀར་ལམ་དང་སེར་ལམ་གཉིས་ཀྱི་ཁྱུད་མོ་ཕན་ཚུན་ཏུའུ་ལྔ་ལྷག་གཟུར་བ་བཅས། རྐྱེན་དེ་གཉིས་ཀྱིས་ཉི་ཟླའི་སྐར་གནས་དཀར་སེར་འཕྲད་ས་ལས་བར་ཐག་ཏུའུ་བཅུ་ལྷག་ཙམ་ལས་འདས་ན་གཟའ་འཛིན་འབྱུང་མི་སྲིད་ཅིང་། དེ་ཡང་དུའུ་གཅིག་ནི་དུས་འཁོར་ལུགས་ལ་ཡུལ་གྱི་ཆུ་ཚོད་བཞི་དང་ཆུ་སྲང་སུམ་ཅུ་ཡིན་པ་དང་། ཡུལ་གྱི་ཆུ་ཚོད་ལྔ་བཅུ་ལ་ཏུའུ་བཅུ་གཅིག་ཡིན་པས་ཧ་ལམ་འདྲའོ། །
ཟླ་འཛིན་གྱི་འཛིན་ཆ་དང་སྒྲིབ་ཡུན་ཆེད་དུ་རིགས་ལྡན་སྙིང་ཐིག་ཏུ་གོང་སྨྲས་ཆེ་ཆུང་སྦྱངས་ལྷག་ལ་བརྟེན་ནས་བརྟག་པའི་རེའུ་མིག་ཅིག་བཀོད་པ་དེ་ལྟར་ན་རིལ་འཛིན་གྱི་ཡུན་ལ་ཆུ་ཚོད་བཅུ་དྲུག་འགྱངས་པ་དེ་དུས་ཚོད་དྲུག་དང་ཕུན་ཉེར་བཞི་ཡིན་ལ། དེང་གི་གནམ་རིག་གི་འདོད་ཚུལ་ལས་ཅུང་རིང་བར་སྣང་།
འཛིན་ཕྱོགས་བརྟག་པ་ལ། དུས་གཞུང་ལས། ⑴ཟླ་བས་གདོང་སྦྱངས་པའམ། དུས་མེས་ཟླ་བར་སྦྱངས་པའི་ཚེ་བྱང་ཤར་ནས་འཛིན། ⑵གདོང་གིས་ཟླ་བའམ། ཟླ་བས་མཇུག་སྦྱངས་ཚེ་ཤར་ལྷོ་ནས་འཛིན། ⑶ཟླ་སྒྲ་གཉིས་མཉམ་ན་ཤར་དྲང་པོ་ནས་འཛིན་ཞེས་བཤད་པ་དེ་དག་ཀྱང་དེང་གི་གནམ་རིག་དང་ཤིན་ཏུ་མཐུན་པ་ཡིན་ཏེ། ཟླ་བ་གཡོན་སྐོར་བྱས་ཏེ་ཤར་མཐའ་ཐོག་མར་ས་དཀྱིལ་གྱི་གྲིབ་མར་འཇུག དེ་ཡང་གནས་ཚུལ་དང་པོ་ལྟར་ན་ཟླ་བ་ས་དཀྱིལ་གྱི་གྲིབ་མའི་འོག་ཆ་ན་སྤྱོད་པ་དང་། གཉིས་པ་ལྟར་ན་ཟླ་བ་ས་དཀྱིལ་གྱི་གྲིབ་མའི་སྟེང་ཆར་སྤྱོད། གསུམ་པ་ལྟར་ན་ཟླ་བ་སའི་གྲིབ་མའི་དྲང་ཐད་དུ་སྤྱོད་པའི་དབང་གིས་ཡིན། ཡིན་ན་ཡང་ལུགས་དེར་ནམ་ཕྱེད་ཁོ་ནར་དེ་ལྟར་འབྱུང་བ་ལས། ནམ་སྟོད་ནམ་སྨད་ལ་འདི་དང་མི་འདྲ་བར་བཤད་པ་ནི་དེང་གི་གནམ་རིག་དང་མི་མཐུན་ནོ། །
ཉི་འཛིན་སྐབས་སུ་དེ་ལས་ལྡོག་སྟེ། ཟླ་བའི་གྲིབ་མ་གཡོན་བསྐོར་བྱས་ཏེ་ས་དཀྱིལ་གྱི་སྟེང་དུ་ཕོག་པས་ཟླ་དཀྱིལ་ཐོག་མར་ཉི་མའི་ནུབ་མཐའི་འོད་ཟེར་གྱི་བར་དུ་ཆོད་པའི་དབང་གིས་ནུབ་ཕྱོགས་ནས་འཛིན་པར་སྣང་ངོ་། །
ཉི་འཛིན་གྱི་ཡུན་ཚད་བརྟག་ཆེད། སྐར་རྩིས་ལ་འཛིན་ཆ་བཅུ་གཉིས་སུ་བྱས་ནས་ཆ་རེས་ཆུ་ཚོད་རེ་ཡིན་ཕྱིར་རིལ་འཛིན་ལ་ཆུ་ཚོད་བཅུ་གཉིས་ཏེ་དེང་གི་དུས་ཚོད་བཞི་དང་སྐར་མ་ཞེ་བརྒྱད་ཡིན་པར་བཤད་པ་དེ། དེང་གི་འདོད་ཚུལ་དུས་ཚོད་གསུམ་དང་སྐར་མ་ཞེ་བཞི་ལས་དུས་ཚོད་གཅིག་རིང་ངོ་། །
འཛིན་རྫོགས་ཀྱི་དུས་ཚོད་བརྟག་ཆེད། དུས་འཁོར་ལུགས་ལ་སླ་ཆོས་ཤིག་ཡིན་ཏེ། གང་ཡིན་ཞེ་ན། ལུགས་དེར་ཟླ་བའི་དཀར་ཕྱོགས་རྫོགས་མཚམས་དང་ཚེས་ཞག་བཅོ་ལྔ་རྫོགས་པ་དོན་གཅིག་ཡིན། དེའི་ཚེ་ཉི་མ་དང་ཟླ་བ་རྒྱུ་སྐར་གྱི་གོ་ལར་ཁ་གཏད་དུ་འཆར་བས་ན། ལྔ་བསྡུས་སྐབས་ཀྱི་གཟའ་དག་དེ་ཉིད་ཟླ་བ་འཛིན་རྫོགས་ཀྱི་དུས་ཚོད་ཡིན་པས་དེ་ལས་ལོགས་སུ་བཙལ་བའི་ཚེགས་མེད་དོ། །དེ་བཞིན་དམར་ཕྱོགས་མཚམས་དེར་ཉི་སྐར་དང་ཟླ་སྐར་མཉམ་པས། སྐབས་དེར་ཉི་འཛིན་བྱུང་ན། རི་མོ་དེ་ཉིད་ཉི་མ་འཛིན་རྫོགས་དུས་ཚོད་ཡིན་པ་ལས། ལོགས་སུ་བཙལ་དགོས་པའི་ཚེགས་ཀྱང་མེད། འདི་ཡང་དུས་འཁོར་རྩིས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བསྔགས་པར་འོས་པ་ཞིག་ཡིན་ནོ། །
མདོར་ན། དུས་འཁོར་ལུགས་ཀྱི་རྩིས་གཞུང་དུ་འཛིན་རྫོགས་དུས་ཚོད། འཛིན་ཡུན་རིང་ཐུང་། འཛིན་ཆ་ཆེ་ཆུང་། འཛིན་ཕྱོགས་ཁ་དོག་དང་བཅས་པ་རྩ་སྒྲུབ་ཀྱི་ཆོ་ག་ཆ་ཚང་བ་ཞིག་ཡོད་པ་དེ་གཟའ་སྐར་ལ་བརྟག་འཇུག་གི་འཕྲུལ་ཆས་མ་བྱུང་བའི་སྐབས་སུ་མེས་རྒྱལ་གྲངས་ཉུང་མི་རིགས་ཁག་གི་ནང་དུ་རིག་པ་ཕུལ་དུ་བྱུང་བ་ཞིག་ཡིན། འོན་ཀྱང་ལྷོ་བྱང་གང་དུ་སྤྱོད་པའི་ཚད་སོགས་རི་མོའི་ལམ་ནས་གཏན་ལ་འབེབས་པའི་ཆོ་ག་མེད་པས། ཉི་སྒྲིབ་ཀྱི་འཛིན་ཆ་སྐབས་འགར་ཐིག་པོ་རང་མི་འབྱུང་ངོ་། །