དྲན་པ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ3ཡོད།

དྲན་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སེམས་ཁམས་རིག་པ།)

དྲན་པ།
དྲན་པའི་ནུས་ཤུགས་ལེགས་པོ་ཞིག་ཡོད་ན་དེང་རབས་ཚན་རིག་དང་རིག་གནས་ཤེས་ཡོན་ཁོང་དུ་ཆུད་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་གསོག་ཐུབ་པ་དེ་ཀུན་གྱིས་ཤེས། གལ་ཏེ་མིས་བརྒྱུད་མྱོང་བའི་སྔར་བྱས་ལས་དོན་ཚང་མ་བརྗེད་ན་འཚོ་ཐབས་མེད་ལ། ཤེས་རིག་འཕེལ་བ་དང་ཡར་ཐོན་ཡོང་བ་ལྷག་པར་མེད། དྲན་པ་དེ་ལྟར་གལ་ཆེ་ན། དྲན་པ་ནི་ཡང་སྙིང་ཇི་ལྟ་བུ་ཞིག་ཡིན་ནམ། ཇི་ལྟར་བྱས་ན་ད་གཟོད་དྲན་པའི་ཆུ་ཚད་མཐོར་འདེགས་ཐུབ་བམ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
记忆
ཕྱི་ཡིག་གི་མིང་།
Memory
ཁོངས་གཏོགས།
སེམས་ཁམས་རིག་པ།
1 གོ་དོན།

དྲན་པ་ནི་ངེས་རྟོགས་སྲུང་འཛིན། ཡང་བསྐྱར་ངོས་འཛིན། ཕྱིར་དྲན་བཅས་ཀྱི་རྣམ་པས་ཉམས་མྱོང་ཚུར་སྣང་བ་དེ་ཡིན། སློབ་ཆུང་གི་སློབ་མས་རྒྱ་ཡིག( དོ )ལ་ངོས་འཛིན་པར་མཚོན་ན། ཡང་ནས་ཡང་དུ་སྒྲ་ཀློག་པ་དང་། ཡིག་གཟུགས་ལ་ལྟ་བ། འབྲི་ཚུལ་སྦྱོང་བ། ཡི་གེའི་དོན་གོ་བ་ལེན་པ་བཅས་བྱེད་དགོས་ལ། དེ་ནི( དོ )ཡིག་བྲིས་ཡོད་པའི་ཤོག་ལེབ་མཐོང་ན་དེ་ངོས་འཛིན་ཐུབ་ལ། དེ་ནི་ཡང་བསྐྱར་ངོས་འཛིན་པ་ཡིན། གལ་ཏེ(དོ)ཡིག་བློར་འབྲི་ཐུབ་ན། དེ་ནི་ཕྱིར་དྲན་ཡིན། གལ་ཏེ་གོང་གསལ་གྱི་ངོས་འཛིན་པའི་ཚད་དེར་སླེབས་ཐུབ་ན་ཁོ་ཚོས(དོ)ཡིག་དེ་ཡིད་ལ་བཟུང་ཡོད་ཅེས་བཤད་བྱེད་ཆོག་གོ

ངེས་རྟོགས་དང་སྲུང་འཛིན། ཡང་བསྐྱར་ངོས་འཛིན། ཕྱིར་དྲན་བཅས་ནི་ཕན་ཚུན་དམ་པོར་འབྲེལ་བའི་གོ་རིམ་ཆ་ཚང་བ་ཡིན། དོན་དངོས་སུ། ངེས་རྟོགས་དང་སྲུང་འཛིན་ནི( འཛིན་པའི)གོ་རིམ་ཡིན་ལ། ཕྱི་ཡུལ་གྱི་འཕྲིན་བརྡ་དེ་ཀླད་པར་གསོག་འཇོག་དང་བསྟར་སྒྲིག་པའི་གོ་རིམ་ཡིན། ཡང་བསྐྱར་ངོས་འཛིན་པ་དང་ཕྱིར་དྲན་པ་ནི( དྲན )པའི་གོ་རིམ་དང་། ཀླད་པར་འཕྲིན་བརྡ་ལེན་པའི་གོ་རིམ་ཡིན། དེའི་ཕྱིར( འཛིན་པ )ནི(དྲན)པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། (འཛིན་པ)མེད་ན(དྲན་པ)ཡོད་མི་སྲིད། (དྲན་པ)ནི་(འཛིན)པའི་རྗེས་འབྲས་དང་ཚོད་ལྟས་ར་སྤྲད་པ་ཡིན་སྟབས། ཕྱིར(དྲན)མི་ཐུབ་ན་ལེགས་པར(འཛིན)ཡང་མི་ཐུབ་ཅེས་བཤད་ཆོག་གོ།

2 རྣམ་གྲངས།
2_1 ནང་དོན་གྱི་ངོས་ཐད་དུ།

སྣང་བརྙན་གྱི་དྲན་པ། ཚོར་ཤེས་བྱས་པའི་བྱ་དངོས་ཀྱི་སྣང་བརྙན་དེ་དེའི་ནང་དོན་དུ་བྱེད་པའི་དྲན་པ། ཚོར་བའི་དབང་བོ་སོ་སོ་ལས་ཐོབ་པ་བརྒྱུད་པའི་བྱ་དངོས་ཀྱི་སྣང་བརྙན། དཔེར་ན། མིག་ཤེས། སྣ་ཤེས། རྣ་ཤེས། ལྕེ་ཤེས། ལུས་ཤེས་ལྟ་བུ།  མིག་ཤེས་དང་རྣ་ཤེས་ཀྱིས་ནུས་པ་གཙོ་བོ་འདོན་གྱི་ཡོད།

སྐད་ཆའམ་གཏན་ཚིགས་ཀྱི་དྲན་པ། ངོ་བོ་དང་སྤྱི་འགྲོས། ཆོས་ཉིད་སོགས་ནང་དོན་དུ་བྱེད་པའི་དྲན་པ། བྱ་དངོས་བྱེ་བྲག་པའི་སྣང་བརྙན་མིན་པར་བྱ་དངོས་ངོ་བོ་དང་རང་བཞིན། འབྲེལ་བ་སོགས་ཀྱི་ནང་དོན་ཡིན་ལ་ཚིག་གྲུབ་བརྒྱུད་ནས་མཚོན་པ། དཔེར་ན། ངེས་སྲོལ་དང་སྤྱི་འགྲོས། གནས་ལུགས་ཀྱི་དྲན་པ་ལྟ་བུ།

ཡིད་འགྱུར་གྱི་དྲན་པ། ཡིད་འགྱུར་དང་སྙིང་ཁམས་ཀྱི་ཉམས་སུ་མྱོང་བ་ནང་དོན་དུ་བྱེད་པའི་དྲན་པ། དཔེར་ན། བྱིས་དུས་ཀྱི་དགའ་སྐྱོ་འདྲེས་མ་ཕྱིར་དྲན་བྱེད་པའི་དྲན་པ་ལྟ་བུ།

འགུལ་སྐྱོད་ཀྱི་དྲན་པ། སྔོན་ཆད་ཀྱི་འགུལ་སྐྱོད་བྱེད་སྟངས་ནང་དོན་དུ་བྱེད་པའི་དྲན་པ། དཔེར་ན། ཞབས་བྲོའི་སྟངས་སྟབས་དང་རྩལ་སྦྱོང་གི་གོ་རིམ་སོགས་དྲན་པ་ལྟ་བུ། 

2_2 དུས་ཚོད་ཀྱི་རིང་ཐུང་གི་ངོས་ཐད་དུ།

སྐད་ཅིག་གི་དྲན་པ། ཕྱི་ཡུལ་གྱིས་བྱ་དངོས་ཕོག་ཐུག་ལ་བརྟེན་ནས་སྐད་ཅིག་མ་དེར་ཡོད་པའི་དྲན་པ། ཕལ་ཆེར་སྐར་ཆ0.25-2བར་དུ་འདུག བྱ་དངོས་ལ་ཡིད་འཇོག་མ་བྱས་ན་མྱུར་མོར་མེད་འགྲོ་ལ། ཡིག་འཇོག་བྱས་པ་ཡིན་ན་དུས་ཐུང་གི་དྲན་པར་གྱུར་འགྲོ།

དུས་ཐུང་གི་དྲན་པ། ཕྱི་ཡུལ་གྱི་བྱ་དངོས་ལས་བྱུང་བའི་ཆ་འཕྲིན་དེ་ཀླད་པའི་ངན་དུས་ཡུན་སྐར་མ་གཅིག་ཙམ་ལ་ཡོད་པའི་དྲན་པ། དཔེར་ན། ཁ་པར་ཨང་གྲངས་ཀྱི་སེམས་ལ་བཟུང་བ་དང་ཁ་པར་བཏང་བ་མཉམ་དུ་མེད་པར་གྱུར་བ་ལྟ་བུ།

ཡུན་རིང་གི་དྲན་པ། ཕྱི་ཡུལ་གྱི་བྱ་དངོས་ལས་བྱུང་བའི་ཆ་འཕྲིན་དེ་ཀླད་པའི་ནང་དུས་ཡུན་སྐར་མ་གཅིག་ཡན་དང་ཡང་ན་ཚེ་གང་བོར་ཡོད་པའི་དྲན་པ། དཔེར་ན། ལྕགས་སྨྱུག་དང་ནོར་ནག ཞོ། འོ་མ་ལྟ་བུ།

ཡུན་རིང་བའི་དྲན་པ། མི་རྣམས་བརྒྱུད་མྱོང་བའི་བྱ་དངོས་དེ་ཀླད་པར་འཛིན་ཉན་བྱེད་པའི་དུས་ཚོད་རིང་ཐུང་མི་འདྲ། དེ་ལ་སྐད་ཅིག་གི་དྲན་པ་དང་ཡུན་ཐུང་བའི་དྲན་པ། ཡུན་རིང་དྲན་པ་བཅས་ཀྱི་ཁྱད་པར་འབྱེད་ཆོག་གོ །

2_3 ​དྲན་པའི་སྐྱེ་ལུགས་ཀྱི་བྱེད་ནུས།

དྲན་པ་ནི་ཀླད་པའི་ནུས་མཐུ་ཡིན། དངོས་ཡོད་ཀྱི་བྱ་དངོས་དང་ཡང་ན་སྣང་ཚུལ་དེ་འབྲེལ་བ་ངེད་ཅན་གྱིས་དབྱེ་ཞིབ་དབང་བོར་བྱེད་ནུས་འབྱུང་སྐབས། ཀླད་ཆེན་སྐྱི་རིམ་དུ་གནས་སྐབས་ཀྱི་དབང་རྩའི་འབྲེལ་བ་ཆགས་ཐུབ་ལ། གནས་སྐབས་ཀྱི་འབྲེལ་བ་དེ་དག་གིས་ཕོག་ཐུག་དངོས་པོའི་བྱེད་ནུས་མཇུག་རྫོགས་པའི་རྗེས་སུ་རྗེས་ཤུལ་ཚུལ་དུ་ཀླད་པར་འཛིན་ཉར་བྱས་ལ། དེ་ཆ་རྐྱེན་ངེས་ཅན་འོག་ཏུ་ད་དུང་དར་བར་མ་ཟད། བླ་ལྷག་གིས་སྲ་བརྟན་དང་འཛིན་ཉར་གང་ལེགས་གཏོང་ཐུབ། དེ་ནི་དྲན་པའི་སྐྱེ་ལུགས་རྨང་གཞི་ཡིན། ཡུན་ཐུང་བའི་དྲན་པ་དང་ཡུན་རིང་བའི་དྲན་པའི་གནས་སྐབས་ཀྱི་འབྲེལ་བའི་རྗེས་ཤུལ་དེ་རྦད་དེ་གཅིག་མཚུངས་ཤིག་མིན་ནོ།། ཀླད་པའི་ཁག་ག་གེ་མོའི་དབང་རྩའི་ཕྲ་ཕུང་ལ་ཕོག་ཐུག་ཐེབས་རྗེས་དེའི་དབང་རྩའི་ངར་ཤུགས་དེ་དབང་རྩའི་ཕྲ་ཕུང་གཞན་པར་བརྒྱུད་སྤྲོད་བྱས་རྗེས་སླར་ཡང་སྔར་གྱི་གནས་སར་ཕྱིར་ལོག་ཆོག དེ་ལྟར་འཁོར་སྐྱོད་དེ་དུས་ཡུན་སྐར་ཆ་བཅུ་ཕྲག་ཁ་ཤས་ལ་རྒྱུན་འཁྱོངས་ཐུབ་པས་སྤྱིར་བཏང་དུ་དེ་ནི་ཡུན་ཐུང་བའི་དྲན་པའི་སྐྱེ་ལུགས་ཀྱི་བྱེད་ནུས་ཡིན་པར་འདོད། སློབ་སྦྱོང་གི་གོ་རིམ་དུ་གལ་ཏེ་ཡང་ནས་ཡང་དུ་བསྐྱར་སྦྱོང་བྱས་ན་བྱ་འགུལ་དུ་ཞུགས་པའི་དབང་རྩའི་ཕྲ་ཕུང་བར་གྱི་སྣོམ་ས(འབུར་བའི་འབྲེལ་གནས)ལ་བྱེད་ནུས་དང་ཆགས་ཚུལ་ཐད་ཀྱི་འཕོ་འགྱུར་འབྱུང་དུ་འཇུག་ཐུབ། དཔེར་ན། རྩ་ལག་འབུར་མའི་སྣེ་མོ་འཕར་བའམ་ཡང་ན་རིང་བོར་གྱུར་བ་དང་འབུར་མའི་འབྲེལ་གནས་ཀྱི་བར་གསེང་དོག་པོར་གྱུར་བ་ལྟ་བུ། དབང་རྩའི་ཕྲ་ཕུང་གི་ཕུང་གྲུབ་ཀྱི་ཆགས་ཚུལ་འགྱུར་བ་དང་སྐྱེ་དངོས་རྫས་འགྱུར་སྟེང་གི་བསྐྱར་སྒྲིག་དེས་དབང་རྩའི་འབྲེལ་འདྲིས་དེ་ལྷག་པར་སླ་མོར་འགྱུར་དུ་བཅུག་ནས། མཇུག་མཐར་དམིགས་བསལ་ཅན་གྱི་ནུས་མཐུའི་བགྲོད་ལམ་ཆགས་སུ་འཇུག་པ་མ་ཟད། རྒྱུན་ཆད་མེད་པར་སྲ་བརྟན་བྱུང་བ། དེ་ནི་ཡུན་རིང་བོར་དྲན་པའི་སྐྱེ་ལུགས་ཀྱི་བྱེད་ནུས་རང་ཡིན་ནོ།།

3 འཆར་སྣང་།

འཆར་སྣང་ནི་མིར་བྱེད་ནུས་བྱུང་མྱོང་བའི་བྱ་དངོས་དེ་ཀླད་པའི་ནང་དུ་ལུས་པའི་གཟུགས་བརྙན་ཡིན། གཟུགས་བརྙན་ཕྱིར་དྲན་པ་ནི་དྲན་པའི་གཞི་རྩའི་མཚོན་རྟགས་ཤིག་ཡིན།

གཅིག འཆར་སྣང་གི་ཁྱད་ཆོས།

1 འཆར་སྣང་གི་གཟུགས་བརྙན་རང་བཞིན། འཆར་སྣང་དེ་ཚོར་བ་ལས་འབྱུང་ཞིང་། དབང་ཤེས་ཁོ་ན་བརྒྱུད་ན་གཞི་ནས་ཀླད་པར་བྱ་དངོས་ཀྱི་འཆར་སྣང་ཆགས་ཐུབ། མིག་ཟུང་དམུས་ལོང་ཡིན་པའི་མིར་འཇའ་ཚོན་སྣ་ལྔ་མཐོང་བའི་དབང་ཤེས་ཀྱི་འཆར་སྣང་ཡོད་མི་སྲིད། ཡེ་ནས་རྣ་འོན་པའི་མིར་གླུ་གཞས་ཤིག་གི་འཆར་སྣང་ཡོད་མི་སྲིད། འཆར་སྣང་དང་དབང་ཤེས་གཉིས་ནི་ཚང་མ་ཕྱི་རོལ་ཡུལ་གྱི་བྱ་དངོས་ཀྱི་ཚོར་སྣང་གི་འཆར་སྣང་དུ་གཏོགས་པས། འཆར་སྣང་དེ་དབང་ཤེས་དང་འདྲ་བར་གཟུགས་བརྙན་རང་བཞིན་ཡང་ལྡན་འདུག ཡིན་ནའང་འཆར་སྣང་གིས་ཚུར་སྣང་བའི་བྱ་དངོས་དེ་མདུན་དུ་མེད་སྟབས་སྤྱིར་བཏང་དུ་དེ་ཡང་དབང་ཤེས་ལྟར་གསལ་ཞིང་ཆ་ཚང་བ། བརྟན་པོ་ཞིག་མིན་ནོ།།

2 འཆར་སྣང་གི་སྙིང་བསྡུས་རང་བཞིན།

འཆར་སྣང་དེ་དབང་ཤེས་ལས་བྱུང་ཡང་དབང་ཤེས་ལས་མཐོ། དེ་ནི་དབང་ཤེས་སྙིང་བསྡུས་ཀྱི་མཇུག་འབྲས་ཡིན། བྱ་དངོས་དེ་བས་ཀྱང་སྙིང་བསྡུས་ཡིན། འོན་ཏེ་དེ་ཡང་ཐད་མཐོང་རང་བཞིན་ལ་གཏོགས་པའི་ཁྱད་ཆོས་མཚོན་པ་ཡིན། དཔེར་ན། ང་ཚོའི་ཀླད་པར་ཅོག་ཙེའི་འཆར་སྣང་བྱུང་བ་ནི་ཅོག་ཙེའི་དབང་ཤེས་སྙིང་བསྡུས་ཀྱི་གཟུགས་བརྙན་ཡིན་པ་ལྟ་བུའོ།།

འཆར་སྣང་དེ་འཆར་སྣང་རྐྱང་མ་དང་འཆར་སྣང་སྤྱིར་བཏང་བ་གཉིས་སུ་འབྱེད་ཆོག སྔོན་མ་ནི་དམིགས་བསལ་ཅན་གྱི་བྱ་ཡུལ་གེ་གེ་མོའི་དབང་ཤེས་ཀྱི་རྨང་གཞི་སྟེང་དུ་བྱུང་བ་བསྟན་ལ། གོང་དུ་བཤད་པའི( ཅོག་ཙེ )འི་དཔེ་ནི་དེ་ལྟ་བུ་རེད། རྗེས་མ་ནི་བྱ་ཡུལ་རིགས་གཅིག་གི་དབང་ཤེས་ཀྱི་རྨང་གཞི་སྟེང་དུ་བྱུང་བའི་འཆར་སྣང་བསྟན་ཅིང་། དེས་དབང་ཤེས་ཡུལ་གྱི་ཁྱད་ཆོས་བྱེ་བྲག་དོར་ནས་བྱ་དངོས་རིགས་དེར་ཐུན་མོང་ལ་ཡོད་པ་དང་ཁྱད་ཆོས་གལ་ཆེ་བ་གཅིག་སྡུད་བྱས་པར་མ་ཟད་ཚིག་གིས་དེ་མཚོན་པ་རེད།  དཔེར་ན། ཅོག་ཙེ་མང་པོའི་གཟུགས་བརྙན་སྙིང་བསྡུས་བྱས་པ་ལས་ཅོག་ཙེའི་འཆར་སྣང་བྱུང་བ་ལྟ་བུའོ།།

འཆར་སྣང་སྤྱིར་བཏང་བའི་སྙིང་བསྡུས་རང་བཞིན་དེ་འཆར་སྣང་རྐྱང་མའི་སྙིང་བསྡུས་རང་བཞིན་ལས་མཐོ་བའོ།།

གཉིས། འཆར་སྣང་གི་དོན་སྙིང་།

འཆར་སྣང་གསོག་པ་དང་འཛོམས་པ་དེས་མིའི་བསམ་གཞིགས་ཀྱི་འགུལ་སྐྱོད་དང་འོག་འགྱུའི་འགུལ་སྐྱོད། དྲན་པའི་འགུལ་སྐྱོད། གཟུགས་པོའི་འགུལ་སྐྱོད་བཅས་སུ་བྱེད་ནུས་གལ་ཆེན་ཐོན་ནོ།།

ཚོད་དཔག་ལྟར་ན། མི་རྣམས་ཀྱི་དྲན་པའི་ཡུལ་དུ་སྐད་ཆའི་འཕྲིན་བརྡའི་ཚད་དང་གཟུགས་བརྙན་འཕྲིན་བརྡའི་ཚད་ཀྱི་བསྡུར་ཚད་ནི11000ཡིན། གནས་ལུགས་རྙོག་འཛིན་མི་ཆེ་སྟེ། དཔེར་ན། (སྡོང་བོ)ཞེས་པའི་ཚིག་དེ་ལ་མཚོན་ན། དེ་ཀླད་པའི་ནང་གི་འཆར་སྣང་ནི་དབྱར་སྡོང་ལྕང་སྡོང་། ཤུག་སྡོང་། གསོམ་སྡོང་། ཆུ་སྐྱེས་པདྨའི་སྡོང་བོ་བཅས་ཡིན་ལས་ཆེ་ལ། དེ་ཆེ་ཆུང་མི་འདྲ་བའི་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི(སྡོང་བོ)ཡིན་ཀྱང་སྲིད། ཀླད་པར་འཆར་སྣང་གྲངས་ལས་འདས་པའི་འཛིན་ཉར་བྱས་པའི་དབང་གིས་མི་རྣམས་ཀྱིས་ཚིག་གི་མཐུན་སྦྱོར་འོག་ཏུ་སྔོན་ཆད་བརྒྱུད་མྱོང་བའི་བྱ་དངོས་དང་མིག་སྔའི་བྱ་དངོས་ཕན་ཚུན་བསྡུར་བ་དང་། མི་འདྲ་ས་བཙལ་ནས་བྱ་དངོས་ཀྱི་ངོ་བོ་དང་ཆོས་ཉིད་ཤེས་པ་རེད། དོན་སྙིང་དེའི་ཐད་ནས་བཤད་ན་འཆར་སྣང་ནི་ཡིད་ཤེས་དང་དབང་ཤེས་ནས་བསམ་གཞིགས་སུ་བརྒལ་བའི་དགོས་ངེས་ཀྱི་གནད་འགག་ཡིན། བྱིས་པར་ལྟ་ཞིབ་ལས་འཆར་སྣང་དམན་པའི་བྱིས་པ་མཚོན་ན། ཁོ་ཚོའི་བསམ་པའི་དྲན་ཤུགས་དང་བསམ་གཞིགས་ཀྱི་ནུས་ཤུགས་འཕེལ་བ་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པ་གསལ་བོར་མཚོན་ནོ།།

འཆར་སྣང་དེས་བསམ་གཞིགས་ཁོ་ནའི་བྱེད་ནུས་ཐོན་པ་མ་ཡིན་པར་དེས་ཀྱང་ཐད་ཀར་གཟུགས་པོའི་འགུལ་སྐྱོད་ལ་ཁ་ལོ་སྒྱུར་ཐུབ་པས། དེ་མི་རྣམས་ཀྱི་འགུལ་སྐྱོད་དུ་མི་རུང་བ་ཞིག་ཀྱང་ཡིན། ཞིབ་འཇུག་ལྟར་ན་ལོ་ན་འགུའི་མན་གྱི་བྱིས་པའི་ལྐོག་གྱུར་གྱི་བསམ་གཞིགས་དེ་ད་དུང་འཕེལ་རྒྱས་བྱུང་མེད་ལ། ཁོ་ཚོའི་བྱ་སྤྱོད་རྟག་པར་འཆར་སྣང་གི་ཐད་ཀའི་བཀོལ་སྒྲིག་འོག་ཏུ་སྤེལ་བ་ཡིན་ནོ།།

4 བརྒྱུད་རིམ་དབྱེ་ཞིབ།

གཅིག  ངེས་རྟོགས།

ངེས་རྟོགས་ནི་བྱ་དངོས་ག་གེ་མོར་ཡང་སྐོར་བསྐྱར་སྐོར་དུ་ངོས་འཛིན་པ་དང་ཀླད་པར་འཆར་སྣང་བཞག་པའི་གོ་རིམ་ཡིན་ལ། དེ་ནི་དྲན་པའི་གོ་རིམ་དང་པོ་རེད། ངེས་རྟོགས་ལ་རྣམ་གྲངས་མི་འདྲ་བ་འབྱེད་ཆོག་སྟེ།

1 སྣང་མེད་ངེས་རྟོགས་དང་སྣང་ལྡན་ངེས་རྟོགས།

ངེས་རྟོགས་ཁྲོད་ཀྱི་རང་རྟོགས་རང་བཞིན་དང་དམིགས་ཡུལ་རང་བཞིན་གཞིར་བཟུང་ནས་ངེས་རྟོགས་ལ་སྣང་མེད་ངེས་རྟོགས་དང་སྣང་ལྡན་ངེས་རྟོགས་རིགས་གཉིས་སུ་ཕྱེ་བ་རེད། སྣང་མེད་ངེས་རྟོགས་ཟེར་བ་ནི་རང་རྟོགས་ཀྱི་དམིགས་ཡུལ་མེད་པ་དང་སྤོབས་པའི་འབད་ཀྱང་མི་དགོས་པའི་ངེས་རྟོགས་ལ་ཟེར་ཏེ། དཔེར་ན། ང་ཚོས་སློབ་ཆུང་གི་སྐབས་སུ་སྟེས་དབང་གིས་སྤྲོ་བ་ལྡན་པའི་གློག་བརྙན་ཞིག་ལ་བལྟས་ནས་ལོ་མང་པོ་འགྱངས་རུང་གཏམ་རྒྱུད་དེའི་གནས་ཚུལ་ཁ་ཤས་དང་ད་དུང་འཆར་ལམ་དུ་གསལ་ལྷང་ངེར་ཤར་ཞིང་། ཐ་ན་ད་དུང་མཛེས་ཤིང་སྙན་པའི་སྒོ་ནས་མི་གཞན་པར་བཤད་ཐུབ། སྐབས་དེར་དམིགས་ཡུལ་ལྡན་པའི་སྒོ་ནས་དེར་ངེས་རྟོགས་བྱེད་པའི་སེམས་མེད་ཀྱང་རང་ཤུགས་སུ་ང་ཚོའི་དྲན་པའི་ནང་གི་གྲུབ་ཆར་གྱུར་ཏོ།། སློབ་མས་དང་དུ་བླངས་པའི་སློབ་གསོའི་ནང་དོན་མང་པོའང་རྟག་པར་བློ་ཡུལ་ན་མ་མཆིས་པའི་ངེས་རྟོགས་བརྒྱུད་དེ་ཐོབ་པ་རེད། དུས་རྒྱུན་དུ་ཤུགས་རྐྱེན་ཐེབས་ནས་རིམ་བཞིན་འགྱུར་བ་ནི་བློ་ཡུལ་ན་མ་མཆིས་པའི་ཁོར་ཡུག་གནས་ཚུལ་གྱི་ཤུགས་རྐྱེན་དང་དུ་བླངས་པའི་གོ་རིམ་དེ་ལ་ཟེར། སྣང་མེད་ངེས་རྟོགས་དེ་མི་རྣམས་ཀྱི་དགོས་མཁོ་དང་དགའ་ཕྱོགས། བརྩེ་དུང་དྲག་པོ་བཅས་དང་ཕན་ཚུན་འབྲེལ་འདུག དགེ་རྒན་གྱིས་སློབ་ཁྲིད་དུ་དྲན་པའི་ཁྱད་ཆོས་སྤྱད་ནས་སློབ་ཁྲིད་ཀྱི་བྱེད་ཐབས་ལེགས་བཅོས་དང་། ཁྲིད་བྱའི་ཡིག་ཆ་གསོན་ཉམས་ལྡན་པ་དང་སྤྲོ་བ་ལྡན་པར་བསྒྲིགས་ནས་གནད་ཆེ་ས་འབུར་དུ་ཐོན་པ་བྱས་ཏེ་སློབ་མར་ལས་སླ་ཞིང་རང་ཤུགས་ཀྱི་ངང་ནས་ཤེས་ཡོན་ཁག་གཅིག་འཐོབ་ཏུ་འཇུག་དགོས། མི་རྣམས་ཀྱི་ཤེས་ཡོན་ཚང་མ་སྣང་མེད་ངེས་རྟོགས་ལས་ཐོབ་པ་མ་ཡིན་གྱི། ཆ་ཚང་བའི་ཤེས་ཡོན་འཐོབ་དགོས་ན་ངེས་པར་དུ་སྣང་མེད་ངེས་རྟོགས་བརྟེན་དགོས། སྣང་མེད་ངེས་རྟོགས་ནི་བྱེད་འདོད་ཡོད་པའི་ངེས་རྟོགས་ཡིན་ཞིང་། དེས་འགུལ་སྐྱོད་ཀྱི་དམིགས་ཡུལ་དང་ལས་འགན་ལ་སྟན་པས། མི་རྣམས་ཀྱིས་དམིགས་ཡུལ་ངེས་ཅན་ལྟར་ཧུར་བརྩོན་གྱིས་བསམ་གཞིགས་འགུལ་སྐྱོད་སྤེལ་ཏེ། སེམས་ཤུགས་ཡོད་དགུ་ངེས་རྟོགས་བྱ་ཡུལ་གྱི་སྟེང་དུ་སྤྱོད་ཆོག་སྟེ། དཔེར་ན། དགེ་རྒན་གྱིས་སློབ་མར་དེ་རིང་སློབ་ཚན་གྱི་གོ་བ་རགས་རིམ་དང་ནང་དོན་གཙོ་བོ་སེམས་སུ་ངེས་པ་དང་ཚན་པ་ཁ་ཤས་བློར་འདོན་དགོས། སང་ཉིན་སློབ་ཁྲིད་སྐབས་སུ་ཞིབ་བཤེར་བྱེད་རྒྱུ་ཞེས་བཤད་པ་ལྟ་བུ་ཡིན། དགེ་རྒན་གྱི་བླང་བྱ་ལྟར་བྱིས་པས་འབད་བརྩོན་གྱི་རྣམ་འགྱུར་བཟུང་སྟེ་སེམས་ཤུགས་བསྡུས་ནས་ཧུར་བརྩོན་གྱིས་སེམས་སུ་ངེས་དགོས། གལ་ཏེ་ལས་འགན་མི་གསལ་བ་དང་བླང་བྱ་ཕྲ་ཞིབ་མིན་ན་སློབ་མའི་སེམས་སྟེང་ནས་གཙིགས་སུ་མི་འཛིན་པས་རྟག་པར་བློ་སེམས་གཅིག་སྒྲིམ་བྱེད་མི་ཐུབ། དེར་བསྡད་དེ་ཚུགས་ཀ་སློབ་སྦྱོང་བྱེད་བཞིན་པའི་བཟོ་ལྟ་སྟོན་ཡང་། སེམས་གཏད་མེད་པས་དྲན་ཤེས་ཀྱི་ཕན་འབྲས་ལ་ཤུགས་རྐྱེན་ཡོད་པ་སྨོས་མ་དགོས་སོ།།

ཚོད་ལྟ་ཞིག་ཏུ་ལོ་རིམ་བཞི་པའི་སློབ་མར་རྩོམ་ཡིག་ཚན་པ་ཞིག་ངེས་རྟོགས་བྱེད་དུ་བཅུག་པར་མ་ཟད། ཁོ་ཚོར་རྩོམ་ཡིག་ཚན་པ་དེ་ཁོ་ཚོས་སློབ་གྲྭར་སློབ་པའི་ནང་དོན་དང་འབྲེལ་བའི་མི་ཆེ་ཞེས་བཤད་ཅིང་རྩོམ་ཡིག་ཚན་པ་གཞན་ཞིག་ངེས་རྟོགས་བྱེད་པའི་སྐབས་སུ་སྔོན་ལ་ཁོ་ཚོར་རྩོམ་ཡིག་ཚན་པ་གཞན་ཞིག་ངེས་རྟོགས་བྱེད་པའི་སྐབས་སུ་སྔོན་ལ་ཁོ་ཚོར་རྩོམ་ཡིག་ཚན་པ་དེ་ཁོ་ཚོས་སློབ་དགོས་པའི་སློབ་ཚན་དང་འབྲེལ་བ་ཅུང་ཆེ་ཞེས་བཤད་པས་མཐར་སློབ་མས་ཚན་པ་གཉིས་པར་ངེས་རྟོགས་བྱས་པ་ཅུང་མགྱོགས་ཤིང་། ཕྱིར་དྲན་ཅུང་ཞིབ་ལ་རྒྱུན་སྲུང་ན་ཡང་ཅུང་ཡུན་རིང་ཡིན། དེ་ལས་དགེ་རྒན་གྱིས་སློབ་ཁྲིད་དུ་ཅི་ནས་ཀྱང་སློབ་མར་ལས་འགན་གསལ་བོ་འདོན་དགོས་པ་སྟེ་སྤྱིར་བཏང་གི་ལས་འགན་འདོན་དགོས་ལ། ཕྲ་ཞིང་ཞིབ་པའི་ལས་འགན་ཡང་འདོན་དགོས། དགོས་མཁོ་ལྟར་ད་དུང་ངེས་པར་དུ་ཡུན་རིང་པོར་བློར་འཇིན་པའི་ལས་འགན་འདོན་དགོས། དེ་ལྟར་བྱས་ན་ད་གཟོད་སློབ་ཁྲིད་ལ་ཕན་འབྲས་ལེགས་པོ་འཐོབ་ཏུ་འཇུག་ཐུབ་པ་མཐོང་ངོ་།།

2 ཐབས་རྡུགས་རྐྱང་མའི་ངེས་རྟོགས་དང་དོན་སྙིང་ངེས་རྟོགས། ངེས་རྟོགས་ཀྱི་དཔྱད་གཞིའི་ཡིག་ཆའི་ཁྱད་ཆོས་དང་དེ་མིན་ངེས་རྟོགས་བྱེད་པའི་སྐབས་སུ་ཤེས་རྟོགས་དེ་རྨང་གཞི་བྱེད་པ་ཡིན་མིན་གཞིར་བཟུང་ནས་ངེས་རྟོགས་ལ་ཐབས་རྡུགས་རྐྱང་མའི་ངེས་རྟོགས་དང་དོན་སྙིང་ངེས་རྟོགས་གཉིས་སུ་དབྱེ་ཆོག ཐབས་རྡུགས་རྐྱང་མའི་ངེས་རྟོགས་ནི་ངེས་རྟོགས་བྱེད་པའི་དཔྱད་གཞིའི་ཡིག་ཆར་ཤེས་རྟོགས་མེད་པའི་གནས་ཚུལ་འོག་ཏུ། བྱ་དངོས་ཀྱི་ཕྱི་ངོས་ཀྱི་འབྲེལ་བ་ལྟར་ཐབས་རྡུགས་ཡང་བསྐྱར་གྱིས་ངེས་རྟོགས་བྱེད་པ་ཡིན། ང་ཚོས་ས་མིང་དང་མི་མིང་། ཕྱི་གླིང་བའི་ཡིག་གསར། གློག་སྐད་ཀྱི་ཨང་རྟགས་བཅས་བློར་འཛིན་པ་དང་ཡང་ན་གནའ་རྩོམ་བློར་འཛིན་ན་རྟག་པར་ཐབས་རྡུགས་ཀྱང་མའི་ངེས་རྟོགས་སྤྱོད་པ། དོན་སྙིང་ངེས་རྟོགས་བྱེད་པ་དེ་ནི་དཔྱད་གཞིའི་ཡིག་ཆའི་གོ་བ་ལོན་པ་དེ་ཡིན། དེས་གོ་མཚོན་ལྡན་པའི་བསམ་གཞིགས་འགུལ་སྐྱོད་བརྒྱུད་དེ་དཔྱད་གཞིའི་ཡིག་ཆ་གསར་བ་དང་ཡོད་ཟིན་པའི་ཤེས་བྱའི་ཉམས་མྱོང་བར་གྱི་འབྲེལ་བ་བཙལ་ནས། དཔྱད་གཞིའི་ཡིག་ཆ་གསར་པ་དེ་ཡོད་ཟིན་པའི་ཤེས་བྱའི་མ་ལག་གི་གྲུབ་ཆར་འགྱུར་དུ་བཅུག དེ་ལྟར་བྱས་ན་སེམས་སུ་ངེས་སླ་ལ། སྲུང་འཛིན་བྱེད་པའི་དུས་ཡུན་ཡང་ཅུང་རིང་བར་མ་ཟད་གོ་ཆོད་པའི་ཤེས་བྱར་འགྱུར་ཐུབ། གལ་ཏེ་དཔྱད་གཞིའི་ཡིག་ཆའི་དོན་སྙིང་མི་ཤེས་པར་ཐབས་རྡུགས་རྐྱང་མའི་བསྐྱར་ཟློས་ཁོ་ནར་བརྟེན་ན་སེམས་སུ་ལེགས་པོར་ངེས་མི་ཐུབ་པར་མ་ཟད་བེད་སྤྱོད་ནའང་དཀའ་ངལ་ཆེའོ།། གལ་ཏེ་ཡིག་འབྲུ་ཉི་ཤུའི་ཚིག་རྐང་ལྔ་ཅན་གྱི་སྙན་ངག་ཅིག་ཀློག་ན། དེའི་གོ་དོན་ལོན་ཚེ་ཐེངས་གཉིས་གསུམ་ཙམ་གྱིས་ཡིད་ལ་འཛིན་ཐུབ། གལ་ཏེ་དེའི་དོན་མ་ཤེས་པར་དོན་སྙིང་གི་འབྲེལ་འདྲིས་སྤུ་ཙམ་ཡང་མེད་པའི་ཡིག་འབྲུ་ཉི་ཤུ་བྱས་ནས་ཐབས་རྡུགས་རྐྱང་མའི་སྒོ་ནས་ཐེངས་མང་པོར་བཀླགས་ཀྱང་བློར་ཟིན་པའི་ངེས་པ་མེད་པ་ལྟ་བུ། ཡང་དཔེར་ན། བྱིས་པར(སྣོན་ཐབས)འཁྲིད་ན། ཐེངས་དང་པོར2+2འཁྲིད་པའི་སྐབས་སུ་ཁོ་ཚོར་སྣོན་ཐབས་ནི(བསྡོམས་གྲངས)རང་ཡིན་པའི་གནས་ལུགས་ཏེ། 2སྟེང་དུ2བསྣན་ན4ཡིན་པ་བཤད་ནས་ཤེས་སུ་བཅུག་ན།  བྱིས་པ་དེས་རྗེས་སུ་རིགས་འདྲ་བའི་གནད་དོན་ཏེ། དཔེར་ན། 2+3ལྟ་བུར་འཕྲད་ཚེ་ཁོས་གཅིག་ཤེས་ཀུན་གྲོལ་ལྟར་རང་ཚུགས་ཀྱིས་དྲིས་ལན་རྩི་ཐུབ། གལ་ཏེ་བྱིས་པ་དེས་ཐབས་རྡུགས་རྐྱང་མའི་ངེས་རྟོགས་བྱེད་ཐབས་སྤྱད་དེ་སློབ་པ་ལས་སྣོན་ཐབས་ནི(བསྡོམས་གྲངས)ཡིན་པའི་གནས་ལུགས་མ་ཤེས་ན། ཐེངས་རྗེས་མར2+3པ་ལ་འཕྲད་ཚེ་ཅི་བྱ་གཏོལ་མེད་ཡིན་ལས་ཆེ། རང་རྒྱལ་དུ་སྔོན་ཆད་སྒེར་གྱི་སློབ་གྲྭར་ཡི་གེ་ཁྲིད་པའི་དགེ་རྒན་གྱིས་རྟག་པར་ཐབས་རྡུགས་རྐྱང་མའི་ངེས་རྟོགས་བྱེད་པའི་ཐབས་སྤྱད་དེ་སློབ་མའི་བློ་ལ་ངེས་རྐྱང་བྱེད་དུ་བཅུག་སྟེ། རྩོམ་ཡིག་གཅིག་ཐེངས་བཅུ་ཕྲག་ཁ་ཤས་བཀླག་དགོས་པ་དང་། ཡིག་འབྲུ་གཅིག་ཀྱང་མ་ལུས་པར་བློར་ངེས་པའི་བར་དུ་མཚམས་མི་འཇོག་པ་རེད། སློབ་མའི་དགེ་མཚན་ལྡན་པའི་བསམ་གཞིགས་འགུལ་སྐྱོད་དེ་དྲན་པའི་ཕྱི་རོལ་དུ་ཕུད་ན་སློབ་མའི་རིག་སྟོབས་འཕེལ་བར་བར་ཆད་ཚབས་ཆེན་གཏོང་ངེས།

དོན་སྙིང་ངེས་རྟོགས་བྱེད་པར་ཁྱད་འཕགས་རང་བཞིན་ཡོད་པ་ལགས་ན་དགེ་རྒན་གྱིས་སློབ་ཁྲིད་གོ་རོམ་དུ་བློར་འཛིན་རྐྱང་བྱེད་པའི་སློབ་སྦྱོང་གི་ཐབས་ཤེས་ལ་ངོ་རྒོལ་དང་། དགེ་མཚན་ལྡན་པའི་བསམ་གཞིགས་སྤེལ་ནས་དཔྱད་གཞིའི་ཡིག་ཆར་གོ་བ་གང་ལེགས་ལེན་པར་བླང་བྱ་འདོན་དགོས་ལ། ངེས་པར་དུ་ཡིག་འབྲུ་རེ་རེ་དང་ཚིག་གྲུབ་རེ་རེ་བཞིན་སེམས་སུ་ངེས་དགོས་པའི་དོན་སྙིང་མི་འབྲེལ་བའི་དཔྱད་གཞིའི་ཡིག་ཆ་ཡིན་པའི་དབང་དུ་བཏང་ནའང་། དཔེར་ན། སྤྱི་འགྲོས་དང་གཏན་སྲོལ། ལོ་རྒྱུས་ཀྱི་ལོ་རབས། ཕྱི་གླིང་གི་ཡི་གེའི་ཚིག་རྐྱང་ལ་སོགས་པ་ལྟ་བུ། གང་ཐུབ་ཅི་ཐུབ་ཀྱིས་སློབ་མའི་བློ་སྒོ་ཕྱེ་ནས་བཅོས་མའི་བྱེད་ཐབས་རེ་སྤྱད་དེ་ངེས་རྟོགས་ལ་རོགས་རམ་བྱེད་དགོས། འདི་ལྟ་བུའི་སློབ་ཁྲིད་འགུལ་སྐྱོད་དུ་སློབ་མའི་དྲན་པ་དང་བསམ་གཞིགས་འགུལ་སྐྱོད་དམ་པོར་འབྲེལ་ཐུབ་པས་ན་དཔྱད་གཞིའི་ཡིག་ཆ་ལེགས་པ་བློར་འཛིན་ཐུབ་ལ་ཁོ་ཚོའི་རིག་སྟོབས་ཀྱང་འཕེལ་ལོ།།

གཉིས། སྲུང་འཛིན་དང་བརྗེད་པ།

1 སྲུང་འཛིན།

སྲུང་འཛིན་ནི་ངེས་རྟོགས་བྱས་མྱོང་བའི་བྱ་དངོས་དེ་ཉམས་སུ་མྱངས་ནས་ཡིད་ལ་བརྟན་པོར་ངེས་པའི་གོ་རིམ་ཡིན། ཉམས་མྱོང་ཇེ་བརྟན་དུ་གཏོང་བའི་གོ་རིམ་དེ་ཐབས་རྐྱང་མ་སྟེ་བསྐྱར་ཟློས་ཀྱི་གོ་རིམ་མིན་པར་དེ་ནི་ངེས་རྟོགས་ཀྱི་དཔྱད་གཞིའི་ཡིག་ཆ་ཧུར་བརྩོན་གྱིས་ཇེ་ལེགས་སུ་གཏོང་བ་དང་། མ་ལག་ཅན་དང་སྙིང་བསྡུས་ཅན་དུ་འགྱུར་བའི་སྒོ་ནས་ཁོང་དུ་ཆུད་པའི་གོ་རིམ་ཡིན། ཞིབ་འཇུག་ལས་སྲུང་འཛིན་བྱས་པའི་དཔྱད་གཞིའི་ཡིག་ཆ་དེ་ནམ་ཡང་མི་འགྱུར་བ་ཞིག་མིན་པ་གསལ་བོར་མཚོན། ཐོག་མར་སྲུང་འཛིན་ལ་གྲངས་ཚད་ཐད་ཀྱི་འགྱུར་བ་ཡོད། དུས་འདས་པ་དང་བསྟུན་དེ་དྲན་པའི་ནང་དོན་ཇེ་ཉུང་དུ་གྱུར་བ་ཡོད། དུས་འདས་པ་དང་བསྟུན་དེ་དྲན་པའི་ནང་དོན་ཇེ་ཉུང་དུ་གྱུར་བ་ཏེ། སྤྱིར་བཏང་དུ་བཤད་ན་མི་རྣམས་བརྒྱུད་མྱོང་བའི་བྱ་དངོས་གང་ལྟར་ཀྱང་ཁ་ཤས་བརྗེས་སྲིད། གྱོང་གུད་དེར་ཁ་གསབ་པའི་ཆེད་དུ་སེམས་ཤུགས་ཁག་ཅིག་གིས་བསྐྱར་སྦྱོང་བྱེད་པ་ནི་དགོས་ངེས་ཤིག་རེད། ཡིན་ནའང་མིས་གཙོ་ཕལ་མི་འབྱེད་པར་གང་ལ་ཐུག་ན་དེ་སེམས་སུ་ངེས་དགོས་པ་མ་ཡིན། གལ་ཏེ་དེ་ལྟར་ཡིན་ན་འབྲེལ་བ་ཆེན་པོ་མེད་པའི་འཕྲིན་བརྡས་གལ་ཆེ་བའི་འཕྲིན་བརྡ་ལ་བཀག་འགོག་བྱེད་ངེས། སེམས་ཁམས་རིག་པ་བ་ཞིག་གིས(སྔར་དྲན་པ་ཁ་ཚང་བའི)མི་ཞིག་མཐོང་མྱོང་། དེས་མཐོང་ཚད་ཐམས་ཅད་བློར་འཛིན་ཐུབ། གཙོ་ཕལ་འབྱེད་མི་ཐུབ་པ་དང་སྙིང་བསྡུས་རང་བཞིན་དང་མ་ལག་རང་བཞིན་མེད་པའི་དབང་གིས། ཕྱི་ཅི་ལོག་སྟེ་དྲན་ཤུགས་དེས་ཁོའི་ལྐོག་གྱུར་གྱི་བསམ་གཞིགས་འཕེལ་བར་ཤུགས་རྐྱེན་བཏང་བས་མི་དེ་དེའི་དབང་གིས་ཡིད་སྐྱོ་བ་རེད། དེ་ནས་སྲུང་འཛིན་དེ་ངོ་བོའི་ཕྱོགས་སུའང་འགྱུར་ལྡོག་འབྱུང་བ་རེད། མི་ལ་ལས་ངེས་རྟོགས་བྱས་མྱོང་བའི་དཔེ་དབྱིབས་དང་དྲན་པ་བརྒྱུད་དེ་བྲིས་པའི་དཔེ་དབྱིབས་ཕན་ཚུན་བསྡུར་ཞིང་སྲུང་འཛིན་འགྱུར་ལྡོག་བྱུང་བའི་གནས་ཚུལ་ལ་ཞིབ་འཇུག་བྱས་པ་ལས་སྲུང་འཛིན་དེར་ངོ་བོའི་ཕྱོགས་ཀྱི་འགྱུར་ལྡོག་ལ་གཤམ་གསལ་གྱི་ཁྱད་ཆོས་ཁ་ཤས་མཐོང་བ་འདི་ལྟ་སྟེ། བསྐྱར་དུ་བྲིས་པའི་དཔེ་དབྱིབས་དེ་ངེས་རྟོགས་བྱེད་པའི་དཔེ་དབྱིབས་ལས་སྙིང་བསྡུས་དང་མདོར་བསྡུས་སུ་གྱུར་བ་དང་གཅིག ལ་ལ་དེ་བས་ཀྱང་ཁ་ཚང་ཞིང་ལུགས་དང་མཐུན་པར་གྱུར་པ་གཉིས། ལ་ལ་དེ་བས་ཀྱང་ཕྲ་ཞིབ་དང་ངོས་འཛིན་རྒྱུ་ཡོད་པར་གྱུར་པ་དང་གསུམ། ལ་ལ་སྒྲོ་འདོགས་བྱས་པ་དང་བཞི། ལ་ལའི་ཁག་ཁ་ཤས་འབུར་དུ་ཐོན་པ་དང་ལྔ་ལ་སོགས་པའོ།། སློབ་ཁྲིད་ཁྲོད་དུ་སློབ་མས་དཔྱད་གཞིའི་ཡིག་ཆ་སྲུང་འཛིན་བྱེད་པའི་ཕྱོགས་ཀྱི་འགྱུར་ལྡོག་ཀྱང་མཐོང་སྟེ། དཔེར་ན། སློབ་མས་དགེ་རྒན་གྱིས་བཏོན་པའི་འདྲི་གཞིར་ལན་འདེབས་པའི་སྐབས་སུ། ལ་ལས་བསླབས་ཟིན་པའི་ཤེས་བྱ་མགོ་མཇུག་སློག་པ་དང་། ལ་ལས་མ་གཞིའི་གོ་དོན་ལ་འཁྱོག་བཤད་བྱེད་པ། ལ་ལས་ནང་དོན་སྙིང་བསྡུས་བྱས་པ། ལ་ལས་གནས་ཚུལ་ཞིབ་ཕྲ་ཁ་ཤས་རྒྱ་བསྐྱེད་པ་ལ་སོགས་པ་ལྟ་བུའོ།།

2 བརྗེད་པ།

ངེས་རྟོགས་བྱས་མྱོང་བའི་བྱ་དངོས་ལ་ཡང་བསྐྱར་ངོས་འཛིན་དང་ཕྱིར་དྲན་མི་ཐུབ་པ་ལ་བརྗེད་པ་ཟེར། བརྗེད་པ་དང་སྲུང་འཛིན་ནི་ཕན་ཚུན་རྒྱབ་འགལ་གྱི་གོ་རིམ་ཡིན། བརྗེད་པར་གནས་ཚུལ་རིགས་གཉིས་ཡོད་དེ། དང་པོ་ངེས་རྟོགས་བྱས་མྱོང་བའི་བྱ་དངོས་ཡང་ནས་ཡང་དུ་ཤུགས་ཇེ་བརྟན་དུ་གཏོང་བ་དང་བེད་སྤྱོད་མ་ཐུབ་པས། ཡིད་ལ་བཟུང་ཤུལ་དེ་རང་ཤུགས་སུ་མེད་པར་འགྱུར་སྲིད། གལ་ཏེ་ཕྱིས་སུ་བསྐྱར་སྦྱོང་མ་བྱས་ན་རང་ཤུགས་སུ་ཉམས་གསོ་བྱེད་མི་ཐུབ། ཕྱིར་དྲན་མི་ཐུབ་ལ་ཡང་བསྐྱར་ངོས་ཀྱང་འཛིན་མི་ཐུབ་པ་དེ་ནི་ཡུན་གཏན་རང་བཞིན་གྱི་བརྗེད་པ་རང་ཡིན། གཉིས་པ་ནི་ངེས་རྟོགས་བྱས་མྱོང་བའི་བྱ་དངོས་གནས་སྐབས་སུ་ཕྱིར་དྲན་དང་ཡང་བསྐྱར་ངོས་འཛིན་བྱེད་མི་ཐུབ་མོད། འོན་ཀྱང་ཆ་རྐྱེན་འོས་འཚམ་གྱི་འོག་ད་དུང་ཕྱིར་དྲན་དང་ཡང་བསྐྱར་ངོས་འཛིན་ཐུབ། དེ་ནི་གནས་སྐབས་རང་བཞིན་གྱི་བརྗེད་པ་རང་ཡིན། དཔེར་ན། སྨྱུ་གུ་བཟུང་ན་ཡི་གེ་བརྗེད་པ་དང་། ངོས་ཟིན་པའི་གནད་དོན་ལ་ལན་མི་ཐོབས་པ་ལྟ་བུ་ནི་གནས་ཚུལ་དེར་གཏོགས། ཕྱི་ཡུལ་གྱི་ཕོག་ཐུག་ཅུང་དྲག་པོ་སློང་བ་དང་ཡང་ན་རང་སྟེང་གི་སྤྲོ་བར་ལངས་ཚུལ་གྱིས་བར་ཆད་བཏང་བ་ནས་བྱུང་བའི་བཟོད་གཅུན་ནི་གནས་སྐབས་སུ་བརྗེད་དུ་འཇུག་པའི་རྒྱུ་རྐྱེན་ནོ།།

གསུམ། ཕྱིར་དྲན་དང་ཡང་བསྐྱར་ངོས་འཛིན།

1 ཕྱིར་དྲན།

ཕྱིར་དྲན་ནི་བྱ་དངོས་ཚུར་སྣང་བ་དེ་ཀླད་པར་ཡང་བསྐྱར་འཆར་བའི་གོ་རིམ་ལ་ཟེར། ཕྱིར་དྲན་ལ་ཤེས་བཞིན་མ་ཡིན་པའི་ཕྱིར་དྲན་དང་ཤེས་བཞིན་པའི་ཕྱི་དྲན་གཉིས་སུ་འབྱེད་ཆོག སྔོན་ལ་ཕྱིར་དྲན་བྱེད་པའི་དམིགས་ཡུལ་མེད། སྤོབས་པའི་རྩོལ་བ་ཡང་མི་དགོས་པའི་ཕྱིར་དྲན་བྱེད་ནི་ཤེས་བཞིན་མ་ཡིན་པའི་ཕྱིར་དྲན་ཡིན་ཏེ། དཔེར་ན། ང་ཚོས་དགོང་མོ་མལ་དུ་ཉལ་དུས། རྟག་པར་རང་དབང་མེད་པར་ཉིན་མོར་བརྒྱུད་མྱོང་བའི་ལས་དོན་ཁ་ཤས་ཕྱིར་དྲན་པ་ལྟ་བུ་ནི་ཤེས་བཞིན་མ་ཡིན་པའི་ཕྱིར་དྲན་རང་ཡིན། ལས་འགན་རིགས་ག་གེ་མོ་ལྟར་རང་འགུལ་རང་རྟོགས་ཀྱིས་ཕྱིར་དྲན་པ་ནི་ཤེས་བཞིན་པའི་ཕྱིར་དྲན་ཡིན། དཔེར་ན། ང་ཚོས་དགུང་མོར་ཉིན་ཐོ་འབྲི་བར་མཚོན་ན་བསམ་བཞིན་དུ་ཉིན་གཅིག་གི་འཚོ་བ་དང་ལས་ཀ སློབ་སྦྱོང་བཅས་ཀྱི་གནས་ཚུལ་ཕྱིར་དྲན་དང་ཞིབ་གཤེར་ཐེངས་གཅིག་བྱེད་དགོས་པ་དེ་ནི་ཤེས་བཞིན་པའི་ཕྱིར་དྲན་རང་ཡིན། ཤེས་བཞིན་པའི་ཕྱིར་དྲན་དེ་སྐབས་འགར་ཅུང་སླ་སྟེ་སྤོབས་པའི་རྩོལ་བ་ཅི་ཡང་བྱེད་མི་དགོས་པར་མངོན་པར་འགྱུར་ཐུབ་མོད། འོན་ཀྱང་དཀའ་ངལ་ལ་འཕྲད་པའི་སྐབས་སུ་ངེས་པར་དུ་བསམ་བློ་ཞིག་བཏང་ན་གཞི་ནས་ཕྱིར་དྲན་ཐུབ། སྣང་ཚུལ་དེ་རིགས་ལ་སྙེགས་དྲན་ཟེར། ཕྱིར་དྲན་དང་སྙེག་དྲན་ནི་དྲན་པ་ནང་གི་དགོས་ངེས་ཀྱི་གནད་འགག་ཡིན་པས་སློབ་མས་ངེས་རྟོགས་མཁས་པོ་བྱེད་དགོས་པར་མ་ཟད། མཁོ་བའི་སྐབས་སུ་དུས་ལྟར་དྲན་པའི་བང་མཛོད་ནས་མཁོ་བའི་དཔྱད་གཞིའི་ཡིག་ཆ་ཕྱིར་དྲན་པ་དང་སྙེག་དྲན་བྱེད་དགོས། དེ་ལྟར་མ་བྱས་ན་ངེས་རྟོགས་བྱས་ཟིན་པའི་དཔྱད་གཞིའི་ཡིག་ཆར་དོན་སྙིང་ཆེན་པོ་མེད་པར་འགྱུར་ངེས།

2 ཡང་བསྐྱར་ངོས་འཛིན།

སྔོན་ཆད་བྱེད་ནུས་བྱུང་མྱོང་བའི་བྱ་དངོས་ལ་བསྐྱར་དུ་འཕྲད་པའི་སྐབས་སུ་དབྱེ་བ་འབྱེད་ཐུབ་པ་དེ་ནི་ཡང་བསྐྱར་ངོས་འཛིན་པ་ཡིན་ཏེ། དཔེར་ན། ང་ཚོས་ཆ་རྒྱུས་ཡོད་པའི་མིའི་ངོ་ཤེས་ཐུབ་པ་དང་། མི་གཞན་པས་ཕྱི་གླིང་བའི་ཡིག་རིགས་ཀློག་པར་ཉན་ན་རང་ཉིད་ཀྱིས་བསླབས་མྱོང་བ་ཤེས་པ་ལྟ་བུ་དེ་དག་ཚང་མ་ནི་ཡང་བསྐྱར་ངོས་འཛིན་པའི་རྟགས་ཡིན། ང་ཚོས་གནས་ཚུལ་ཅི་རིགས་ཚང་མ་གནད་ལ་འཁེལ་བའི་སྒོ་ནས་ཡང་བསྐྱར་ངོས་འཛིན་ཐུབ་པ་མིན། བློར་བཟུང་བ་ཧ་ཅང་བརྟན་པོ་ཡིན་ཞིང་འཆར་སྣང་གསར་རྙིང་མངོན་གསལ་དོད་པོའི་གཅིག་མཐུན་རང་བཞིན་ཡང་གནས་པའི་སྐབས་སུ། ཡང་བསྐྱར་ངོས་བཟུང་ན་དཀའ་ངལ་ཡོད་མི་སྲིད་པས་སྐད་ཅིག་ལ་འཕྲད་དུ་འབྱུང་ཐུབ། གལ་ཏེ་སྔོན་ཆད་འཕྲད་མྱོང་བའི་བྱ་དངོས་ཉིད་ལ་འགྱུར་ལྡོག་བྱུང་བའམ་ཡང་ན་བྱ་དངོས་དེར་འཕྲད་པའི་སྐབས་ཀྱི་ཁོར་ཡུལ་ལ་འགྱུར་ལྡོག་བྱུང་བའམ་ཡང་ན་བྱ་དངོས་དེར་འཕྲད་པའི་སྐབས་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་སོགས་ཚང་མས་ཡང་བསྐྱར་ངེས་གསལ་བོར་མི་ཟིན་པར་བསྒྱུར་སྲིད། སྐབས་དེར་བསམ་བློ་ཞིག་བཏང་སྟེ་ཁུངས་སྣེ་སྣ་ཚོགས་བཙལ་ན་གཞི་ནས་ཡང་བསྐྱར་དེ་ཚོ་ངོས་འཛིན་ཐུབ། གལ་ཏེ་བསམ་གཞིགས་མི་གཏོང་བར་ད་ལྟའི་ཡིད་ཤེས་དང་དབང་ཤེས་ཀྱི་བྱ་དངོས་དང་སྔོན་ཆད་ངེས་རྟོགས་བྱས་མྱོང་བའི་བྱ་དངོས་དང་སྔོན་ཆད་ངེས་རྟོགས་བྱས་མྱོང་བའི་བྱ་དངོས་དེའི་ཕྱི་ཚུལ་གྱི་འདྲ་མཚུངས་རང་བཞིན་ག་གེ་མོ་ཁོ་ན་ལྟར་བྱ་དངོས་ལ་ཡང་བསྐྱར་ངོས་བཟུང་ན། ཡང་བསྐྱར་ངོས་འཛིན་ནོར་བ་འབྱུང་སྲིད། དཔེར་ན། མི་ཞིག་གི་ལྟག་རྒྱབ་ལ་བལྟས་ཏེ་རང་ཉིད་ཀྱི་སློབ་གྲོགས་མཐོང་སྟེ་མིང་གིས་བོས་ནས་ཚུར་འཁོར་ཚེ་གཞི་ནས་ནོར་བ་ཤེས་པ་ལྟ་བུ་རེད། ཡང་བསྐྱར་ངོས་འཛིན་པ་ནི་སེམས་ལས་ཅུང་སླ་མོ་ཞིག་ཡིན་པས། སློབ་ཁྲིད་དུ་དེ་ཁོ་ནར་བརྟེན་ནས་སློབ་མའི་ཤེས་བྱ་ཁོང་དུ་ཆུད་པའི་ཚད་ལ་ཞིབ་བཤེར་བྱེད་མི་རུང་བར་ཕྱིར་དྲན་བརྒྱུད་ན་ད་གཟོད་སློབ་མའི་དྲན་པའི་ཕན་འབྲས་ངོ་མ་ཞིབ་བཤེར་བྱེད་ཐུབ་བོ།།

5 དྲན་པའི་ཆོས་ཉིད་སློབ་ཁྲིད་དུ་སྤྱོད་པ།

བྱིས་པའི་དྲན་ཤུགས་ནི་སློབ་གསོ་དང་སློབ་ཁྲིད་ཀྱི་ཤུགས་རྐྱེན་འོག་ཏུ་རིམ་བཞིན་འཕེལ་བས། སློབ་གསོ་དང་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དུ་དགེ་རྒན་གྱིས་བྱིས་པའི་དྲན་པའི་ཁྱད་ཆོས་ལ་དམིགས་ནས་བྱིས་པའི་དྲན་ཤུགས་འཕེལ་བར་སྐུལ་འདེད་བྱ་དགོས།

གཅིག ངེས་རྟོགས་ཀྱི་དམིགས་ཡུལ་རང་བཞིན་དང་རང་རྟོགས་རང་བཞིན་གྱི་སློབ་གསོ་གང་ལེགས་བྱེད་དགོས། 

དམིགས་ཡུལ་དང་རང་རྟོགས་ལྡན་པའི་ངེས་རྟོགས་ཀྱི་གོ་རིམ་བརྒྱུད་ན་སློབ་མར་ད་གཟོད་ཚན་རིག་ཤེས་བྱ་རྒྱུད་རིམ་ལྡན་པར་ཐོབ་ཐུབ། ཡིན་ནའང་ལོ་རིམ་དམའ་བའི་སློབ་མས་ད་དུང་རང་རྟོགས་སྒོས་ངེས་རྟོསག་ཀྱི་དམིགས་ཡུལ་འོས་འགན་འདོན་མི་མཁས། གནས་ཚུལ་དེ་རིགས་སློབ་མའི་སློབ་སྦྱོང་གི་ལས་འགན་དང་ཧ་ཅང་མཐུན་པ་ཞིག་མིན་པས་དགེ་རྒན་གྱིས་སློབ་མས་ངེས་རྟོགས་བྱེད་པའི་དམིགས་ཡུལ་རང་བཞིན་དང་རང་རྟོགས་རང་བཞིན་བསྐྱེད་བསྲིངས་བྱས་ནས་ཁོ་ཚོའི་ངེས་རྟོགས་ཀྱི་དམིགས་ཡུལ་དང་ལས་འགན་མང་ཤོས་དང་ཐོག་དགེ་རྒན་གྱིས་སློབ་མར་འདོན་ཞིང་། རྗེས་སུ་རིམ་བཞིན་བྱིས་པར་རང་ཚུགས་ཀྱིས་རང་ཉིད་ལ་ངེས་རྟོགས་བྱེད་པའི་དམིགས་ཡུལ་དང་ལས་འགན་འདོན་པ་ཤེས་སུ་བཅུག་སྟེ། ཁོ་ལ་རང་ཉིད་ཀྱིས་ཅི་ཞིག་བློར་ངེས་པར་བྱེད་པ་དང་དེ་ཅིའི་ཕྱིར་བློར་ངེས་པར་བྱེད་དགོས་པ་ཤེས་སུ་འཇུག་རྒྱུ་དང་། ཡུན་རིང་བོར་ངེས་རྟོགས་བྱེད་པའི་ལས་འགན་འདོན་མཁས་པར་བྱེད་དགོས་པ་མ་ཟད། རིམ་བཞིན་རང་རྟོགས་ཀྱིས་རང་ཉིད་ཀྱི་ངེས་རྟོགས་ཀྱི་ཕན་འབྲས་ཞིབ་བཤེར་བྱད་པའི་ནུས་པ་ཤེས་སུ་འཇུག་དགོས། སྣེ་ཁྲིད་དེ་ལྟ་བུས་སློབ་ཆུང་གི་སློབ་མས་བདེ་བླག་ངང་ངེས་རྟོགས་བྱེད་པར་འགན་ལེན་ཐུབ་པ་ཙམ་དུ་མ་ཟད་ཁོ་ཚོའི་དམིགས་ཡུལ་ལྡན་པའི་ངང་ཤེས་བཞིན་པའི་ངེས་རྟོགས་འཕེལ་བའི་ཐབས་ཤེས་གལ་ཆེན་པོ་ཡང་ཡིན།

གཉིས། སློབ་མའི་དོན་སྙིང་ངེས་རྟོགས་བྱེད་པ་གཙོ་བོ་དང་ཐབས་རྡུགས་རྐྱང་མའི་ངེས་རྟོགས་གཞོགས་འདེགས་བྱེད་པའི་ངེས་རྟོགས་ཀྱི་ནུས་ཤུགས་སྐྱེད་སྲིང་བྱེད་པ། 

གོ་བ་ལོན་རྗེས་བློར་ངེས་པ་ནི་རིག་སྟོབས་ཐེ་བ་དང་བཅས་དགེ་མཚན་ལྡན་པའི་དྲན་པའི་འགུལ་སྐྱོད་ཡིན་པས་དེའི་ངེས་རྟོགས་བྱེད་པའི་ཕན་འབྲས་ཧ་ཅང་བཟང་། སློབ་ཁྲིད་དུ་སློབ་མར་གང་ཐུབ་ཅི་ཐུབ་ཀྱིས་གོ་བ་ལོན་པའི་རྨང་གཞིའི་སྟེང་དུ་བློར་ངེས་པ་དེ་འདོན་སྤེལ་བྱེད་དུ་འཇུག་དགོས། སློབ་མར་དོན་སྙིང་ངེས་རྟོགས་ཀྱི་བྱེད་ཐབས་ཁ་ཤས་ཤེས་སུ་འཇུག་དགོས། སློར་མར་སློབ་གཞི་ངེས་རྟོགས་བྱེད་པའི་སྐབས་སུ་ཐོག་མར་དབྱེ་ཞིབ་བྱེད་དགོས་པར་བརྟེན། དེའི་གཞི་རྩའི་དགོངས་དོན་དང་རྗོད་ཚུལ། གཞི་འཛིན་ས། གཏན་ཚིགས་རིག་པའི་སྒྲིག་གཞི་བཅས་བཙལ་བར་མ་ཟད་རང་ཉིད་ཀྱི་སྐད་ཆས་དེ་དག་སྙིང་བསྡུས་བྱས་ཤིང་ནོར་བ་མེད་པར་བཤད་ཐུབ་པར་བླང་བྱ་འདོན་དགོས། དཔེར་ན། སྐད་ཡིག་གི་སློབ་ཚན་དུ་སློབ་ཚན་ལ་དབྱེ་ཞིབ་བྱེད་པ་བརྒྱུད་དེ་གནད་བསྡུས་བཀོད་ནས་བློར་ངེས་དགོས་པ་ལྟ་བུ། དེ་ལྟ་བུའི་དྲན་པ་ནི་གོ་བ་ལོན་པའི་རྨང་གཞིའི་སྟེང་གི་དྲན་པ་ཡིན་པས། དྲན་པའི་ཕན་འབྲས་བཟང་བར་མ་ཟད། དོན་སྙིང་ངེས་རྟོགས་བྱེད་པའི་ནུས་ཤུགས་འཕེལ་བ་ལའང་ཕན། སློབ་མར་སློབ་སྦྱོང་བྱེད་སྐབས་སློབ་སྦྱོང་གི་དཔྱད་གཞིའི་ཡིག་ཆར་གོ་བ་ལོན་དགོས་ལ་དཔྱད་གཞིའི་ཡིག་ཆའི་ཁྱད་ཆོས་ལྟར་དགོས་ངེས་ཀྱི་བློར་བྱང་བ་དང་བློར་འདོན་པ་ཤེས་སུ་འཇུག་དགོས། གལ་ཏེ་སློབ་སྦྱོང་གི་དཔྱད་གཞིའི་ཡིག་ཆའི་གོ་བ་མི་ལོན་པར་བློ་ལ་ངེས་རྐྱང་བྱས་ནས་ཐོབ་པའི་ཤེས་ཡོན་ལ་རིན་ཐང་ཅི་ཡང་མེད། ཡིན་ནའང་། དོན་སྙིང་ངེས་རྟོགས་བྱེད་པ་ལ་ཁོ་ནར་བརྟེན་ན་ཡང་ཆ་ཚང་བ་དང་ནོར་བ་མེད་པར་ཤེས་ཡོན་ཁོང་དུ་ཆུད་མི་ཐུབ། རྩིས་རིག་གི་སྤྱི་འགྲོས་ཁ་ཤས་དང་ཕྱི་གླིང་གི་ཚིག་རྐྱང་བ། ས་རྒྱུས་དང་ལོ་རྒྱུས་ཀྱི་ལོ་རབས་དང་ས་ཆ། མིའི་མིང་བཅས་ཚང་མ་བློར་བཏོན་ནས་ཁོང་དུ་ཆུད་དགོས། སློབ་ཆུང་གི་ལོ་རིམ་དམའ་བའི་དུས་ནི་བྱིས་པས་ཐབས་རྡུགས་རྐྱང་མའི་ངེས་རྟོགས་བྱེད་པར་འཚམ་པའི་དུས་སྐབས་ཡིན། དུས་སྐབས་དེར་ཐབས་རྡུགས་རྐྱང་མའི་ངེས་རྟོགས་ལ་བརྟེན་ནས་བློར་ངེས་པའི་ཤེས་བྱ་རྟག་པར་མི་ཚེ་གང་བོར་མི་བརྗེད། ཕྱིས་སུ་ཁོ་ཚོས་ཉམས་མྱོང་གསོག་པ་དང་བསྟུན་ནས་དཔྱད་གཞིའི་ཡིག་ཆ་དེ་དག་རང་ཤུགས་ཀྱིས་བྱ་དངོས་ལ་གོ་བ་ལེན་པའི་ནང་དུ་འདྲེས་ནས། སློབ་ཆུང་སློབ་མའི་ཤེས་བྱའི་བང་མཛོད་ནང་གི་གོ་ཆོད་པའི་དཔྱད་གཞིའི་ཡིག་ཆར་འགྱུར་རོ།།

མདོར་ན། སློབ་ཆུང་གི་སློབ་ཁྲིད་ལས་ཀ་བྱེད་སྐབས་དགེ་རྒན་གྱིས་སློབ་མའི་དོན་སྙིང་ངེས་རྟོགས་ཀྱི་ནུས་པ་སྐྱེད་བསྲིང་གཙིགས་སུ་འཛིན་དགོས་ལ་སློབ་མའི་ཐབས་རྡུགས་རྐྱང་མའི་ངེས་རྟོགས་ཀྱི་བཟང་ཆ་སྤེལ་བ་ལའང་དོ་སྣང་བྱེད་དགོས། དེ་གཉིས་ཟུང་དུ་འབྲེལ་ནས་ཁོ་ཚོའི་དྲན་པའི་ནུས་པ་ཇེ་མཐོར་གཏོང་དགོས།

གསུམ།བསྐྱར་སྦྱང་ཡང་དག་པར་རྩ་འཛུགས་བྱེད་པ།

ཤེས་བྱ་ཡིད་ལ་འཛིན་པ་དང་གོ་བ་ལེན་པའི་གཞི་རྩའི་བྱེད་ཐབས་ནི་བསྐྱར་སྦྱང་བྱེད་པ་དུས་ཚོད་ཟད་གྲོན་དང་སློབ་སྦྱོང་གི་འཕེལ་རིམ་ལ་འགལ་རྐྱེན་ཐེབས་པར་དོགས་པའི་བསམ་ཚུལ་དེ་ནི་མི་འགྲིག་གོ ། བསྐྱར་སྦྱང་དེས་བསླབས་ཟིན་པའི་ཤེས་ཡོན་ཇེ་གསལ་དང་གོ་བ་ཡང་ཇེ་ཟབ་ཏུ་གཏོང་ཐུབ་པར་མ་ཟད། ཤེས་ཡོན་གསར་པ་སློབ་པར་ཕན་པ་ཡོད། རྙིང་བ་སྦྱངས་ན་གསར་པ་ཤེས་ཟེར་བ་ནི་གནས་ལུགས་དེར་ཟད་དོ།།

ཕན་འབྲས་ལྡན་པའི་སྒོ་ནས་བསྐྱར་སྦྱང་ཇི་ལྟར་བྱེད་དགོས་ཞེ་ན། ཐོག་མར་ལུགས་དང་མཐུན་པའི་སྒོ་ནས་བསྐྱར་སྦྱང་གི་དུས་ཚོད་བཀོད་སྒྲིག་བྱེད་རྒྱུ་དེ་ཡིན། སྔོན་མགྱོགས་རྗེས་དལ་གྱི་བརྗེད་པའི་ཆོས་ཉིད་ལྟར་བསྐྱར་སྦྱང་ངེས་པར་དུ་དུས་ལྟར་བྱེད་དགོས་པ་ལས་བརྗེས་ཚར་རྗེས་བསྐྱར་སྦྱང་བྱེད་མི་རུང་། སློབ་མར་དུས་ལྟར་མིན་པའི་བསྐྱར་སྦྱང་དེ་དུས་ལྟར་བསྐྱར་སྦྱང་བྱེད་པ་ལས་དུས་ཡུན་ལྡབ་གཅིག་བཀོལ་དགོས་པ་ཤེས་སུ་འཇུག་དགོས། བསྐྱར་སྦྱང་གི་སྐབས་སུ་དུས་ཚོད་ཐད་གཅིག་སྡུད་ཐལ་དྲགས་པ་བྱེད་མི་རུང་། ཞིབ་འཇུག་ལས་བསྐྱར་སྦྱང་ཐེངས་འགར་བགོས་ནས་ཐེངས་རེར་དུས་ཡུན་ངེས་ཅན་གྱི་བར་གསེང་འཇོག་པ་དེ་ཐེངས་གཅིག་ལ་གཅིག་སྡུད་ཀྱིས་བསྐྱར་སྦྱང་བྱེད་པ་ལས་ཕན་འབྲས་བཟང་བ་གསལ་བོར་མཚོན། ཚོད་ལྟ་ཐེངས་ཤིག་གི་ནང་དུ་ཚོད་ལྟ་མྱོང་ཡུལ་དཀའ་སླའི་ཚད་འདྲ་བའི་རྩོ་ཡིག་གཉིས་བྱང་ཆུབ་པར་བློར་ངེས་པའི་བླང་བྱ་བཏོན་ཏེ། རྩོམ་ཡིག་གཅིག་ནི་དུས་ཚོད་གཅིག་ཏུ་བསྡུས་ནས་ཡང་ཡང་དུ་བསྐྱར་སྦྱང་དང་། རྩོམ་ཡིག་གཞན་གཅིག་ནི་བསྐྱར་སྦྱང་གི་དུས་ཚོད་ཉིན་གསུམ་དུ་བགོས་ནས་ཉིན་རེར་དཔྱད་གཞིའི་ཡིག་ཆ་ཡོངས་རྫོགས་ཐེངས་གཅིག་བཀླགས་ན་གཅིག་སྡུད་བསྐྱར་སྦྱང་བྱས་ན་དུས་ཡུན་སྐར14བཀོལ་ནས་བློར་ངེས་ཐུབ་པ་དེ་ཐར་ཐོར་གྱིས་བསྐྱར་སྦྱང་བྱས་ན་དུས་ཡུན་སྐར8མ་གཏོགས་མི་དགོས། སྤྱིར་བཏང་དུ་བཤད་ན་ཐར་ཐོར་གྱི་བསྐྱར་སྦྱངས་དེ་གཅིག་སྡུད་ཀྱི་བསྐྱར་སྦྱང་ལས་ལེགས། དེའི་རྒྱུ་མཚན་ནི་གཅིག་སྡུད་བསྐྱར་སྦྱང་གིས་ཀླད་པའི་དབང་རྩའི་ཕྲ་ཕུང་གི་ངལ་དུབ་སློང་སླ་བས་སློབ་སྦྱོང་གི་ལས་དམའ་རུ་ཆག་ཏུ་འཇུག་པའི་རྐྱེན་གྱིས་རེད།  བསྐྱར་སྦྱང་གི་དུས་ཚོད་དངོས་དང་དུས་ཡུན་བར་ཐག་གི་བཀོད་སྒྲིག་བསྐྱར་སྦྱང་གི་ཐེངས་གྲངས་བཅས་ནི་དཔྱད་གཞིའི་ཡིག་ཆའི་ངོ་བོ་དང་གྲངས་ཚད། དེ་མིན་སློབ་མའི་ན་ཚོད་ཀྱི་ཁྱད་ཆོས་ལྟར་གཏན་འཁེལ་བྱས་ན་འགྲིག ཡང་ནས་ཡང་དུ་ཀློག་འདོན་དང་ཚོད་ལྟའི་ཕྱིར་དྲན་ཕན་ཚན་ཟུང་དུ་འབྲེལ་བའི་བྱེད་ཐབས་ཀྱིས་ཀློག་ཆོག་ལ། ཐེངས་གྲངས་ངེས་ཅན་ཞིག་བཀླགས་རྗེས་མ་ཡིག་དང་བྲལ་ནས་བློར་ཟིན་མིན་ཚོད་ལྟ་བྱེད་པ་དང་། ཕྱིར་དྲན་བྱེད་མི་ཐུབ་ན་བསྐྱར་དུ་མ་ཡིག་བཀླགས་ཏེ་ནོར་འཁྲུལ་ཡོད་མེད་ལ་ཞིབ་བཤེར་བྱས་ཀྱང་ཆོག ཚོད་ལྟ་ལས་རྗེས་མ་དེ་སྔོན་མ་ལས་ཕན་འབྲས་བཟང་བའི་ར་སྤྲོད་བྱུང་། དེའི་རྒྱུ་མཚན་ནི་རྗེས་མ་ནི་ཅུང་ཟད་དགེ་མཚན་ལྡན་པའི་བསྐྱར་སྦྱོང་གི་གོ་རིམ་ཡིན་པས། སློབ་སྦྱོང་བྱེད་པའི་ཆགས་པའི་གནས་སྐབས་ཀྱི་འབྲེལ་འདྲིས་རྗེས་ཤུལ་ལ་ཤུགས་སྣོན་སླ་བའི་རྐྱེན་གྱིས་སོ།།

བཞི། བསྐྱར་སྦྱང་བྱེད་ཐབས་རྣམ་པ་སྣ་ཚོགས་ཡིན་དགོས།

བསྐྱར་སྦྱང་བྱེད་ཐབས་རྣམ་པ་སྣ་ཚོགས་སྤྱད་ན་ཐབས་རྐྱང་མའི་བསྐྱར་ཟློས་བྱས་པས་སུན་སྣང་གི་བསམ་ཚུལ་ལམ་ངལ་དུབ་ཀྱི་སྣང་ཚུལ་སྐྱེ་བ་གཡོལ་ཐབས་བྱེད་ཐུབ། དཔེར་ན། སློབ་ཚན་རྙིང་བ་བསྐྱར་སྦྱང་བྱེད་པའི་སྐབས་སུ་སློར་མར་སློབ་ཚན་ཡང་ཡང་བཀླག་ཏུ་འཇུག་པ་ཁོ་ན་མ་ཡིན་གྱི། ཁོ་ཚོར་རང་ཉིད་ཀྱིས་དཔེ་གསར་པ་གདམ་པ་དང་ཡང་ན་རི་མོ་འབྲི་རུ་བཅུག་སྟེ་སློབ་ཚན་གསར་རྙིང་གི་མི་འདྲ་ས་འཚོལ་བའི་བླང་བྱ་འདོན་དགོས་པ་ལྟ་བུ་ནི་སློབ་མས་ཧུར་བརྩོན་དང་རང་འགུལ་གྱིས་སློབ་སྦྱོང་བྱེད་གོ་རིམ་ཡིན་པས་དགའ་ཕྱོགས་སློང་ཐུབ་ལ་དུས་ཡུན་རིང་བོར་སྲུང་འཛིན་ཡང་བྱེད་ཐུབ། བསྐྱར་སྦྱང་གི་སྐབས་སུ་དབྱེ་ཞིབ་དབང་བོ་མང་པོའང་སྤྱོད་གང་ཐུབ་ཀྱིས་འགུལ་སྐྱོད་དུ་ཞུགས་དགོས། དཔེར་ན། བྱིས་པས་ཡིག་གསར་བསླབ་ན་ཡིག་གཟུགས་ལ་ཞིབ་མོར་ལྟ་བ་དང་སེམས་གཏད་ནས་སྒྲ་ཉན་པ། ཡི་གེའི་སྒྲ་ནན་ཏན་གྱིས་ཀློག་པ། འབྲི་སྦྱང་ཡང་ཡང་བྱེད་པ། བློ་སེམས་གཅིག་སྒྲིམ་གྱིས་ཡི་གེའི་དོན་སྙིང་ལ་བསམ་བློ་གཏོང་བ་ལ་སོགས་པ་ལྟ་བུ། སྣ་མང་གི་ཚོར་བྱེད་དབང་བོའི་འགུལ་སྐྱོད་བརྒྱད་ན་སློབ་སྦྱོང་གི་ཕན་འབྲས་ལེགས་བཅོས་ཆེན་པོ་བྱེད་ཐུབ། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-28

གསར་སྤེལ་མཁན། :གངསསྨྱུག་སྲས།

རིགས་འགྲེ་བརྡ་འགྲེལ།